ཕྱུགས་ཟོག་དགུན་དུས་ལས་སྒྲོལ་བར་གཟན་རྩྭ་འདང་ཙམ་གྲ་སྒྲིག་བྱེད་དགོས།
2021.12.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 43

—“འགན་ལེན་དྲུག”དམ་འཛིན་བྱས་ནས“བརྟན་སྲུང་དྲུག”ལ་སྐུལ་འདེད་གཏོང་བའི་ལས་ཡུལ་དང་པོའི་མཐོང་ཐོས།

རྨ་ཆེན་རྫོང་རྟ་བོ་ཡུལ་ཚོའི་དགུན་སྒྲོལ་གཟན་རྩྭ་སྟེར་བཞིན་པའི་ཡུལ་དངོས།

དགུན་དུས་སུ་དགུན་སྒྲོལ་ཕྱུགས་སྲུང་བྱེད་པ་དེ་རྨ་ཆུའི་མགོ་ཁུངས་ཀྱི་འབྲོག་པས་ཆེས་དོ་ཁུར་བྱེད་པའི་བྱ་བ་ཞིག་ཏུ་གྱུར་ཡོད། ཉེ་ལམ། གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ཉི་མ་ལུང་སྡེ་བའི་འབྲོག་པ་བཀྲ་ཤིས་ལྷུན་གྲུབ་ཚང་གི་ཁྱིམ་དུ་སྐྱོད་སྐབས། སྒོ་རའི་ནང་ཨོང་ཁང་དང་རླངས་འཁོར་འཇོག་ས། མཛོད་ཁང་བཅས་ཚང་མ་ཡོད་པ་དང་། ཐོན་སྐྱེད་ཡོ་བྱད་སྣ་ཚོགས་གྲལ་འགྲིག་པོས་བཞག་ཡོད། སྲ་ཞིང་བརྟན་པའི་ཕྱུགས་སྤྱིལ་ཁང་གིས་གྲང་ངར་ཆེ་བའི་དགུན་དུས་ཀྱི་རླུང་བུ་འགོག་ཐུབ་ཀྱིན་ཡོད་ལ། གསར་དུ་བསྡམས་པའི་གཟན་རྩྭ་གྲལ་འགྲིག་པོས་སྤུངས་ཡོད།

“གཟན་རྩྭ་ནི་ནོར་ལུག་གི་དགུན་དུས་ལས་སྒྲོལ་བར་མེད་དུ་མི་རུང་བའི་གཟན་ཆས་ཞིག་རེད།” མིག་མདུན་དུ་ཉར་ཚགས་བྱས་ཟིན་པའི་སྔོ་རྩྭ་སྐམ་པོར་ལྟ་བཞིན་བཀྲ་ཤིས་ལྷུན་གྲུབ་ཀྱིས་བློ་བདེ་པོའི་ངང་བཤད་རྒྱུར། “ཁྱིམ་གྱི་ནོར་གནག་བརྒྱ་དང་བརྒྱད་ཅུའི་གྲོད་པ་མི་ལྟོགས་པར་དགུན་སྐྱེལ་ཐུབ་པས་བློ་སེམས་བདེ་ལ་བབས་ཡོད”ཅེས་བཤད།

ས་གནས་སྲིད་གཞུང་གི་སྐུལ་ལྕག་དང་ཁྲིད་སྟོན་འོག སྡེ་བའི་ནང་གི་ཕྱུགས་སྐྱོང་ཁྱིམ་ཆེན་བཀྲ་ཤིས་ལྷུན་གྲུབ་ཀྱིས་ད་ལོ་རྒྱ་ཁྱོན་ལ་སྤྱི་ཆིངས་ཐིག་དང་གྲངས་ཆུང་དྲུག་ཡོད་པའི་གནས་སུ་གཟན་རྩྭ་བཏབ་པ་དང་། བསྡོམས་པས་གཟན་རྩྭ་སྤྱི་རྒྱ་སྟོང་གཉིས་དང་ལྔ་བརྒྱ་ཐོན་ཡོད།

ཟླ་བཅུ་གཅིག་པ་ནས་བཟུང་། གནམ་གཤིས་ཉིན་རེ་བཞིན་ཇེ་འཁྱག་ཏུ་སོང་བ་དང་ཆབས་ཅིག མགོ་ལོག་ཁུལ་གྱིས་དགུན་སྒྲོལ་ཕྱུགས་གསོའི་བྱ་བ་ཡག་པོ་བསྒྲུབ་རྒྱུ་དེ“འགན་ལེན་དྲུག”དམ་འཛིན་བྱས་ནས“བརྟན་སྲུང་དྲུག”ལ་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོར་བརྩིས་ཏེ་དམ་འཛིན་བྱས་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འབྲོག་པར་ཞབས་ཞུ་དང་འགན་ལེན་ཧུར་ཐག་བྱས་ནས། དགུན་སྒྲོལ་གཟན་རྩྭ་གསོག་འཇོག་བྱ་བ་མགྱོགས་མྱུར་དང་ལེགས་པོའི་སྒོ་ནས་ཡོངས་འགྲུབ་བྱས་པ་རེད།

ཉིན་དེའི་ཕྱི་དྲོ། གསར་འགོད་པ་སླར་ཡང་རྨ་ཆེན་རྫོང་རྟ་བོ་ཡུལ་ཚོ་རི་རྒྱུད་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་བསྐྱོད་སྐབས། སྒོ་འགྲམ་དུ་མི་ཚོགས་ཀྱི་འདུ་འཛིའི་ཁེངས་ཤིང་། ཉི་འོད་དྲོན་མོའི་འོག བསྡམས་བུ་བརྒྱབ་པའི་གཟན་རྩྭ་ཟོག་འདྲེན་རླངས་འཁོར་ཆེ་གྲས་བཞིའི་ཐོག་ནས་མར་ལེན་བཞིན་འདུག རི་རྒྱུད་སྡེ་བའི་མཉམ་ལས་ཁང་བཞི་དང་འབྲོག་པ་མང་ཚོགས་སུམ་བརྒྱ་ཙམ་གྱིས་ཟོག་འདྲེན་རླངས་འཁོར་ཆུང་བ་བསྐོར་ནས། དགོས་མཁོ་ལྟར་གོ་རིམ་ལྡན་པའི་ངང་ཁ་གསབ་མ་དངུལ་བཀོལ་ནས་ཉོས་པའི་གཟན་ཆས་ལེན་བཞིན་འདུག

ཡུལ་དངོས་སུ་གཟན་རྩྭ་སྟེར་བའི་འགན་ཁུར་མི་སྣ་རྟ་བོ་ཡུལ་ཚོའི་ཡུལ་གཙོ་ཀུན་བྱམས་རྒྱལ་གྱིས་བཤད་རྒྱུར། “ད་ལོའི་ཟླ་དགུ་པ་ནས་བཟུང་། ཡུལ་ཚོའི་འགོ་ཁྲིད་ལས་བྱེད་པ་དང་དེ་མིན‘ཅན་བཅུའི’ཏང་འཛུགས་སྐྲུན་བསམ་པའི་རིག་གནས་ཚན་ཆུང་དང་ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་གི་ཁོངས་མི་སྔ་རྗེས་སུ་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ། ཁྱིམ་ཚང་རེ་རེར་སོང་ནས་འབྲོག་པ་མང་ཚོགས་ལ་སྔ་མོ་ནས་གཟན་རྩྭ་གྲབས་གསོག་བྱ་དགོས་པའི་སྐུལ་སློང་བྱས་པ་དང་། མིག་སྔར། ཡུལ་ཚོ་ཡོངས་ཀྱི་འབྲོག་པ་ཁྱིམ་ཚང་བརྒྱ་ཆའི་བརྒྱད་ཅུ་ཡིས་གཟན་རྩྭ་གསོག་འཇོག་བྱས་ཡོད་པ་མ་ཟད། དེ་རིང་བྱིན་པའི་གཟན་རྩྭ་ཁ་བསྣན་ན། ད་ལོའི་དགུན་དུས་ཡུལ་ཚོ་ཡོངས་ཀྱི་ཕྱུགས་ཟོག་གི་གཟན་ཆས་གནད་དོན་ལ་སེམས་ཁྲལ་བྱེད་མི་དགོས”ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཉིན་བཅུའི་སྔོན་ལ། ཕྱུགས་ཟོག་གིས་དགུན་སྒྲོལ་བའི་བྱ་བ་ཁག་ཐེག་བྱ་ཆེད། དར་ལག་རྫོང་འབོས་པ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་ཏང་ཡོན་ལས་བྱེད་པ་དུས་ཐོག་ཏུ་འབྲོག་པ་ཁྱིམ་ཚང་དུ་སོང་ནས། གཟན་རྩྭ་གསོག་འཇོག་བྱས་ཚུལ་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་པ་དང་། འབྲོག་པས་རྩྭ་བཏབ་ཚད་དང་ཉོས་ཚད། ཕྱུགས་ཟོག་གསོ་ཁ་ན་ཡོད་ཚད་དང་གསོ་ཁ་ནས་བུད་ཚད། ད་ཡོད་གཟན་རྩྭ་སོགས་ཀྱི་གནས་ཚུལ་གསལ་བོ་བྱས་པ་མ་ཟད། དུས་ཐོག་ཏུ་དགུན་སྒྲོལ་གཟན་ཆས་ཏུན་དྲུག་ཅུ་གྲབས་གསོག་བྱས།

འབོས་པ་ཡུལ་ཚོའི་འབྲེལ་ཡོད་ལས་བྱེད་མི་སྣས་བཤད་རྒྱུར། ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་སུ་འབོས་པ་ཡུལ་ཚོའི་ཏང་ཡོན་ལས་བྱེད་པའི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གནོད་འགོག་ཕྱུགས་སྐྱོབ་ཀྱི་ལས་རེས་བརྟན་སྲུང་གི་བྱ་བར་ཤུགས་སྣོན་པ་དང་། འགོ་ཁྲིད་ཀྱི་སྣེ་ཁྲིད་ལམ་ལུགས་དོན་འཁྱོལ་བྱེད་པ། གནམ་གཤིས་ཆ་འཕྲིན་ལ་དོ་ཁུར་བྱེད་པ། འཕྲལ་སྒྲུབ་སྦྱོང་བརྡར་ལ་ཤུགས་སྣོན་པ། དགུན་དཔྱིད་དུས་སུ“དགུན་དུས་ཤེད་མོ་ཤོར་ནས་དཔྱིད་ཀ་ཤི་བའི”སྣང་ཚུལ་མི་འབྱུང་བ་བཅས་བྱས་ཏེ། གནོད་འཚེ་ཡོད་ན་གནོད་འཚེ་འགོག་པ་དང་གནོད་འཚེ་མེད་ན་གཟན་རྩྭའི་ཁ་གསབ་ཧུར་ཐག་བྱས་ནས། འབྲོག་པ་དང་ཕྱུགས་ལས་བདེ་འཇགས་ངང་དགུན་སྒྲོལ་བྱ་རྒྱུའི་ཁག་ཐེག་བྱ་དགོས་ཟེར།

རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་དུ་སྡེ་བ་སོ་སོའི་ལས་བྱེད་པས་རོང་འབྲོག་མང་ཚོགས་ཀྱིས་སྔ་མོ་ནས་ལག་འགུལ་རྒྱུ་དང་སྔ་མོ་ནས་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། གཟན་རྩྭ་གྲབས་གསོག་ཡག་པོ་བྱས་ནས་ཕྱུགས་ཟོག་གིས་བདེ་འཇགས་ངང་དགུན་སྒྲོལ་བྱ་ཆེད་འགན་ལེན་ཏན་ཏིག་བྱས།

“ཁོ་ཚོ་ཡོང་སྐབས་རེད། ང་ཚོས་དགུན་དུས་ཐོན་སྐྱེད་བྱེད་པའི་གནད་དོན་ཆེན་པོ་ཞིག་ཐག་གཅོད་བྱས་བྱུང”ཞེས་འབྲོག་པ་བཀྲ་ཤིས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་གསར་འགོད་པར་དེ་ལྟར་བཤད། གཟན་རྩྭ་གྲ་སྒྲིག་བྱེད་སྐབས་ར་རྒྱ་གྲོང་རྡལ་གྱི་སྡེ་བ་སོ་སོའི“ཨུ་ཡོན་ལྷན་ཁང་གཉིས”དང་ཆེད་དམིགས་བྱ་བའི་ཚན་ཆུང་གིས་ཕྱོགས་གཅིག་ནས་གཟན་རྩྭ་ཉོ་སྒྲུབ་ལ་མཐུན་སྦྱོར་ཧུར་ཐག་བྱས་པ་དང་། གཟན་རྩྭ་སྐྱེལ་འདྲེན་དང་གྲབས་གསོག་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ། ཕྱོགས་གཞན་ཞིག་ནས་མི་སྣ་སྒྲིག་འཛུགས་བྱས་ཏེ་འབྲོག་ཁུལ་གྱི་ལས་ཡུལ་དང་པོར་བསྐྱོད་དེ་ཁྱིམ་ཚང་དུ་སོང་ནས་རོང་འབྲོག་མང་ཚོགས་ལ་གཟན་རྩྭའི་གལ་ཆེན་རང་བཞིན་དང་གནོད་འགོག་ཕྱུགས་སྐྱོབ། གནོད་འཚེ་ཉུང་གཏོང་། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། འབྲོག་པ་ཁྱིམ་ཚང་གིས་སྔ་མོ་ནས་དགུན་སྒྲོལ་གཟན་ཆས་གསོག་འཇོག་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།

མགོ་ལོག་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་ཚོས་ཧོང་ཝེ་ཡིས་བཤད་རྒྱུར། ད་ལོ། ཁུལ་ཡོངས་ཀྱི་ཕྱུགས་རིགས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དྲུག་སྟོང་དྲུག་གི་དགུན་སྒྲོལ་དང་དཔྱིད་ཀའི་དགོས་མཁོ་སྐོང་ཆེད། ཁུལ་ཡོངས་ཀྱི་ཕྱུགས་ལས་ཐོན་རྫས་ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱས་ནས། རྫོང་སོ་སོས་གཟན་རྩྭ་རྟེན་གཞི་དང་ར་བ་ནས་རྩྭ་འདེབས་པའི་གཟན་རྩྭ་གསོག་ཉར་བྱེད་ཤུགས་ཆེ་རུ་བཏང་སྟེ། གཟན་རྩྭ་ཏུན་ཁྲི་བརྒྱད་དང་སྟོང་ལྔ་གྲབས་གསོག་བྱས་ནས་ཞིང་ཆེན་རིམ་པས་སྤྲད་པའི་གསོག་འཇོག་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ཏེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་གནོད་འགོག་གནོད་སེལ་གྱི་བྱ་བ་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། དེ་དང་ཆབས་ཅིག གཟན་རྩྭ་གསོག་འཇོག་མཛོད་ཀྱི་དོ་དམ་དང་ཁྲོམ་རའི་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས། རང་བྱུང་རྩྭ་སའི་ཕྱུགས་འཚོའི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་ཕྱུགས་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་འགན་ལེན་བྱེད་དགོས་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།