ཟླ12ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་24པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ། ཁ་ཡིག་ལ《དུས་རབས་གསར་པའི་ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བཟང་བོ་བྱས་ནས་འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་སྐྲུན་གྱི་ མཐོ་ས་གལ་ཆེན་མགྱོགས་མྱུར་ངང་བསྐྲུན་དགོས》ཞེས་པ་སྤེལ་བ་རེད།
རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ངེས་པར་དུ་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་དང་། འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་། ཕྱོགས་གང་ཅིའི་ཐད་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་ཡག་པོ་བཅས་བྱེད་པ། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་སྐྲུན་གྱི་མཐོ་ས་གལ་ཆེན་མགྱོགས་མྱུར་ངང་བསྐྲུན་པ་བཅས་བྱས་ནས། 2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་དང་། 2050ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པར་ཤེས་ལྡན་མི་སྣའི་རྨང་གཞི་ཡག་པོ་འདིང་དགོས།
རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཤེས་ལྡན་མི་སྣ་ནི་མི་རིགས་དར་རྒྱས་ཡོང་བ་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་ཐོབ་པའི་འཐབ་ཇུས་ཐོན་ཁུངས་ཀྱི་བརྡར་ཤ་གལ་ཆེན་བཅད་པ་ཞིག་ཡིན་པས། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་དོན་ཅི་ཡིན་པ་དང་། ཅི་འདྲ་ཞིག་ལ་ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་ཟེར་བ། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་ཟབ་མོ་བཏབ་ཡོད་པ་དང་། འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། གཅིག་ནས་ཏང་གིས་ཤེས་ལྡན་མི་སྣའི་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། གཉིས་ནས་ཤེས་ལྡན་མི་སྣས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གནས་བབ་རྒྱུན་འཁྱོངས་བྱེད་པ། གསུམ་ནས་འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱེད་པ། བཞི་ནས་ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ལྔ་ནས་ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ། དྲུག་ནས་གནམ་འོག་གི་ཤེས་ལྡན་མི་སྣ་གཅིག་བསྡུས་བེད་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བདུན་ནས་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། ཤེས་ལྡན་མི་སྣར་དགའ་ཞེན། ཤེས་ལྡན་མི་སྣར་བརྩི་བཀུར། ཤེས་ལྡན་མི་སྣ་བེད་སྤྱོད་བཅས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྒྱད་ནས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། གོང་གསལ་གྱི་དོན་ཚན་བརྒྱད་ནི་ང་ཚོས་རང་རྒྱལ་གྱི་ཤེས་ལྡན་མི་སྣའི་བྱ་གཞག་འཕེལ་རྒྱས་ལ་ཆོས་ཉིད་རང་བཞིན་གྱི་སྒོ་ནས་ངོས་འཛིན་ལེགས་པོ་བྱས་པ་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུའང་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་སྐྲུན་གྱི་མཐོ་ས་གལ་ཆེན་མགྱོགས་མྱུར་ངང་བསྐྲུན་པར་ངེས་པར་དུ་འཐབ་ཇུས་ཀྱི་རང་འགུལ་ཁོང་དུ་ཆུད་པར་བྱས་ནས། རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཀྱི་འཆར་འགོད་ཡག་པོ་བྱ་དགོས། ང་ཚོའི་དམིགས་འབེན་ནི། 2025ལོར་སླེབས་སྐབས་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་གཏོང་ཤུགས་ཆེས་ཆེར་འཕར་བ་དང་། ཚན་རྩལ་གསར་སྐྲུན་གྱི་གཙོ་ཤུགས་དཔུང་ཁག་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་འབྱུང་བ། རྩེར་སོན་གྱི་ཚན་རིག་མཁས་ཅན་གྱི་གཅིག་སྡུད་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཤེས་ལྡན་མི་སྣའི་རང་རྟེན་གསོ་སྐྱོང་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། འགག་རྩའི་ལྟེ་བའི་ལག་རྩལ་ཁྱབ་ཁོངས་སུ་འཐབ་ཇུས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣ་དང་། ཚན་རྩལ་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་གསར་སྐྲུན་ཚོགས་པ་རྩེ་གྲ་ཁག་གཅིག་ཡོད་པར་བྱེད་པ་དང་། 2030ལོར་སླེབས་སྐབས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་ཤེས་ལྡན་མི་སྣའི་ལམ་ལུགས་ཀྱི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་དང་། གསར་སྐྲུན་ཤེས་ལྡན་མི་སྣའི་རང་རྟེན་གསོ་སྐྱོང་གི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། འཛམ་གླིང་གི་ཕུལ་བྱུང་ཤེས་ལྡན་མི་སྣ་འགུག་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བཅས་བྱས་ཏེ། ཚན་རྩལ་ཁྱབ་ཁོངས་གཙོ་བོའི་ནང་སྣེ་ཁྲིད་པ་ཁག་གཅིག་ཡོད་པ་དང་གསར་དར་མདུན་གྲལ་སྤེལ་རེས་ཁྱབ་ཁོངས་སུ་གསར་སྐྲུན་མཁན་ཁག་གཅིག་ཡོད་པ་བྱེད་པ། 2035ལོར་སླེབས་སྐབས། ཁྱབ་ཁོངས་མང་པོའི་ནང་རང་རྒྱལ་གྱི་ཤེས་ལྡན་མི་སྣའི་འགྲན་རྩོད་ཐད་ཀྱི་ལེགས་ཆ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛམ་གླིང་གི་མདུན་གྲལ་དུ་སླེབས་པར་བྱ་རྒྱུ་དེ་རེད། ཕྱོགས་བསྡུས་བསམ་གཞིག་བྱས་ཚེ། པེ་ཅིན་དང་། ཧྲང་ཧའེ། གཡོ་ཀང་ཨའོ་ཁུག་ཆེན་ཁུལ་བཅས་སུ་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་མཐོ་ས་སྐྲུན་ཆོག་པ་དང་། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་བྱེད་པ། རྒྱལ་ཁབ་ཀྱི་སྤུས་ལེགས་ཐོན་ཁུངས་གཅིག་བསྡུས་ཀྱིས་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་ཞིབ་འཇུག་གསར་སྤེལ་ལས་ཁུངས་གསར་པ་ཁག་ཅིག་བསྐྲུན་པ་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་ཚན་རིག་ཆེན་པོའི་འཆར་གཞི་འདོན་པ་བཅས་བྱས་ཏེ། ཤེས་ལྡན་མི་སྣར་རྒྱལ་སྤྱིའི་རྩེར་སོན་གྱི་གསར་སྐྲུན་ལས་སྟེགས་འདོན་སྤྲོད་བྱེད་པ་དང་། འཐབ་ཇུས་ཀྱི་བརྟེན་ས་དང་དཔུང་སྒྲིག་གི་རྣམ་པ་མགྱོགས་གྱུར་ངང་ཆགས་པར་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་ཡག་པོ་བྱས་ནས་མི་སྤྱོད་ཚན་པ་གཙོ་བོར་དབང་ཆ་སྤྲོད་པ་དང་། ཤེས་ལྡན་མི་སྣར་གཙིགས་མཐོང་བྱེད་པ། ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་འཐབ་ཇུས་ཀྱི་ཤེས་ལྡན་མི་སྣའི་སྟོབས་ཤུགས་མགྱོགས་མྱུར་ངང་ཆེ་རུ་གཏོང་བ་དང་། འཐབ་ཇུས་ཀྱི་ཚན་རིག་མཁས་པ་གསོ་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། རྩེར་སོན་གྱི་ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་གསར་སྐྲུན་ཚོགས་པ་འབོར་ཆེན་འཛུགས་པ་དང་། གཞི་ཁྱོན་ཆེ་བའི་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་བསྐྲུན་པ། ཁྱད་དུ་འཕགས་པའི་བཟོ་སྐྲུན་པ་འབོར་ཆེན་གསོ་སྐྱོང་བཅས་བྱེད་དགོས། ཤེས་ལྡན་མི་སྣ་རང་རྟེན་གསོ་སྐྱོང་གི་ལམ་བུའི་ཐོག་ཡག་པོར་སྐྱོད་པ་དང་། ཤེས་ལྡན་མི་སྣ་ཕྱི་ཕྱོགས་སུ་གཏོང་ཤུགས་ཆེ་རུ་གཏོང་བ། རིགས་ཁག་གི་ཤེས་ལྡན་མི་སྣ་བེད་སྤྱོད་ལེགས་པོ་བཅས་བྱེད་དགོས། རྒྱ་ཆེའི་ཤེས་ལྡན་མི་སྣས་སེམས་སུ་མེས་རྒྱལ་བཅངས་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཚན་རིག་མཁས་ཅན་རྒན་རབས་པ་ཚོའི་ཕུལ་བྱུང་གི་གཤིས་རྒྱུད་རྒྱུན་འཛིན་དང་དར་སྤེལ་བཏང་ནས། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་བཅངས་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་སེམས་ཁྲལ་སེལ་བ་དང་། རྒྱལ་ཁབ་ཀྱི་ཆེད་དུ་དཀའ་ངལ་སེལ་བ། རྒྱལ་ཁབ་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་བཅས་བྱེད་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།