ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།
2021.12.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

 --མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྟེང་ནན་གྱིས་བསྟན་དོན།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཏང་ཀྲུང་དབྱང་གིས་རླབས་ཆེན་གྱི་འཐབ་རྩོད་ལ་གཅིག་འདོམས་དང་། རླབས་ཆེན་གྱི་བཟོ་འགོད་འཛུགས་སྐྲུན། རླབས་ཆེན་གྱི་ལས་དོན་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གསར་གཏོད་རང་བཞིན་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ང་ཚོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བླང་བྱ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གོ་བ་ཟབ་མོ་ལེན་པ་དང་།   ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་པའི་སྟོབས་ཤུགས་ཆེན་པོ་བསྡུ་ལེན་བྱེད་པ། ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་བ་དང་མཉམ་དུ་དཀའ་སྤྱད་འབད་འཐབ་བཅས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་རྒྱུགས་སྤྲོད་ལམ་བུའི་སྟེང་ཡག་པོ་བསྐྱོད་དགོས།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱེད་པར་གཏན་འཁེལ་གཉིས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ནས།    སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱས་ཏེ། རླབས་ཆེ་བའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ།  འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ཀྱི་ཐོག་ནས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།  ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསར་པ་བཏོད་ཡོད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བར་ཐུག་ཡོད། ང་ཚོས་སྲོག་ཤིང་ལ་བློ་དཀར་དང་སྲོག་ཤིང་ལ་གོང་བཀུར། སྲོག་ཤིང་གི་རྗེས་སུ་འབྲངས་པ། སྲོག་ཤིང་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་སྟེ།  བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་མཚོ་སྔོན་གྱི་བྱ་བའི་སྤྱིའི་བསྲུང་བྱ་དང་། སྤྱིའི་རྩ་འཛིན་དུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་དང་།  བླ་སྲོག་བསྐྲུན་པའི་སྙིང་སྟོབས་ཀྱིས་སྲོག་ཤིང་སྲུང་སྐྱོབ་བྱེད་དགོས།    རང་རྟོན་རང་འབད་དང་།  དྲང་འཛིན་གསར་གཏོད།  འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པར་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཁོང་དུ་ཆུད་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས།  མཚོ་སྔོན་འདི་ཉིད་སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱེད་པར་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས།  ལོ་ངོ་བརྒྱ་ཡི་རིང་། ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མིའི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་བརྗིད་ཉམས་ཆེ་བའི་རི་མོ་རིས་སུ་བཀོད་པས།   ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྔར་བྱུང་མྱོང་མེད་པའི་འོད་སྟོང་འཕྲོ་བའི་མདུན་ལྗོངས་མངོན་ཡོད།  ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་ལོ་རྒྱུས་ཤིག་ཡིན་ལ། ཏང་དང་མི་དམངས་གཅིག་སེམས་གཅིག་འབྲེལ་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་ཀྱི་ལོ་རྒྱུས་ཤིག་ཀྱང་ཡིན།

ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་གྱི་ལས་དོན་ཏན་ཏིག་གིས་སྒྲུབ་པ་བཅས་བྱེད་དགོས། འབད་འཐབ་ཀྱི་ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པ་དང་། ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་གཏོང་བ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་བཅས་བྱས་ཏེ། ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་ནས་ཡིད་ཆེས་བརྟན་གཏོང་དང་དཔའ་ངར་ཆེར་བསྐྱོད། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་པ་དང་།  ཕྱོགས་ཡོངས་གཉིས་དང་རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་བཅངས་ནས། ཏང་ཀྲུང་དབྱང་གི་འབོད་སྐུལ་བཀའ་རྒྱའི་ཐོག་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་།  བསམ་པའི་ཁྲག་རྒྱུན་རྒྱུན་འཛིན།  འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན། དཀའ་སྤྱད་འབད་འཐབ་དང་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པའི་དམ་བཅའ་བཞག་སྟེ། ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་སྔོན་གྱི་ས་གཞི་ཆེ་མོར་རྩ་བ་བརྟན་པོ་ཚུགས་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་འགན་ལེན་བྱེད་དགོས།

ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་ཆོས་ཉིད་ཡོད་པས་ཚན་རིག་དང་མཐུན་པར་ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་།  ལོ་རྒྱུས་ཀྱི་ཆོས་ཉིད་ལྟར་བྱ་བ་བསྒྲུབས་ཚེ།   གང་དུ་བསྐྱོད་ཀྱང་རྒྱལ་ཁ་ཐོབ་སྲིད།   ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན། ང་ཚོས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་ཡིག་འབྲུ་རེ་རེ་བཞིན་དུ་སློབ་སྦྱོང་བྱས་ནས།  བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་དང་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བློ་དཀར་སེམས་དཀར་དེ་ལས་སྒྲུབ་ལས་གཏོད་ཀྱི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ནས།  མཁྲེགས་གཏོར་དཀའ་སེལ་དང་འབད་འབུངས་ཡར་བརྩོན་གྱིས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་བ་བསྐྲུན་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།