“མང་ཚོགས་ཆེས་བྲེལ་བ་དང་། དཀའ་བ། སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན”ཁྲོད་བརྩེ་སེམས་མངོན་པར་བྱས།
2021.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

--“ངས་མང་ཚོགས་ལ་དོན་དངོས་སྒྲུབ་རྒྱུ་ཡིན”ཞེས་པའི་ལག་ལེན་བྱེད་སྒོ་ལས་མཚོ་ནུབ་ཀྱི་བྱ་བའི་ཕྱོགས་བསྡུས་གསལ་བཤད།

དགུན་ཁའི་གྲང་རླུང་འུར་འུར་དུ་ལྡང་ཡང་ཚྭ་འདམ་གཤོང་སར་བསྡད་ཡོད་པའི་རོང་འབྲོག་མང་ཚོགས་ཀྱི་སེམས་ལ་དྲོད་སྐྱིད་ཀྱིས་ཁེངས་འདུག དྲོད་སྐྱིད་དེ་ནི་དཀའ་ངལ་ཆེ་བའི་མང་ཚོགས་རྣམས་ཡུན་རིང་བོར་འཕྲད་པའི་དཀའ་གནད་ཐག་གཅོད་བྱས་པ་དང་། མང་ཚོགས་ཆེས་བྲེལ་བའི་བྱ་བ་ཞབས་ཞུའི་ལས་ཁུངས་ནས་མྱུར་མོར་སྒྲུབ་ཐུབ་པར་བྱས་པ་དང་། མང་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བའི་དོན་དག“བྲེལ་བ་དང་། དཀའ་བ། སེམས་ཁྲལ་དང་རེ་སྒུག་བྱེད་པའི་དཀའ་གནད”རེ་རེ་ལས་བྱེད་པའི་སེམས་སུ་བཟུང་ནས“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”བྱ་བ་དངོས་འབེབ་བྱ་རྒྱུ་དེ་ཡིན་པ་རེད།

སེམས་རྣལ་ལ་ཕབ་ནས་གཞི་རིམ་དུ་ཟབ་ཞུགས་བྱེད་པ་དང་མང་ཚོགས་དང་ཉེ་བར་བཅར་ཏེ། “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ཁྲོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཡུལ་དངོས་སུ་བསྐྱོད་པ་དང་། མཉམ་དུ་བཞུགས་མོལ་བྱེད་པ། དམངས་སེམས་རྟོག་དཔྱོད། དྲ་སྟེང་ནས་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། མང་ཚོགས་ཀྱི་བསམ་འཆར་ལ་ཉན་ནས་མང་ཚོགས་ཀྱི་བསམ་བཞིན་པ་བསམ་པ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་བཞིན་པར་སེམས་ཁྲལ་བྱེད་པ། མང་ཚོགས་བྲེལ་བའི་གནད་དོན་ལ་བྲེལ་བ་ལངས།

ནུས་ཤུགས་ཡོད་རྒུས་མཚོ་ནུབ་ཁུལ་གྱི“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ཞིབ་ཐོ་བཀོད་དེ། ལས་འགན་གཙོ་བོ་ཉེར་ལྔ་བཏོན་ནས་རྨང་གཞིའི་འཛུགས་སྐྲུན་དང་། སྨན་བཅོས། འཕྲོད་བསྟེན། འགྲིམ་འགྲུལ་སོགས་རོང་འབྲོག་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་དམིགས་ཏེ། གསོན་ཉམས་དོད་པའི་ལག་ལེན་ལས་མང་ཚོགས་ཀྱི་བསམ་འཆར་དང་དགོས་མཁོར་ལན་བཏབ་སྟེ། དཀའ་གནད་སེལ་བ་དང་།“འགག་གནད”སྒྲོལ་བ།“ཆད་གནས”ཁ་གསབ་བཅས་བྱས།

དཀའ་གནད་སེལ་བ་དང་། དོན་དངོས་སྒྲུབ་པར་ད་དུང་དམངས་ཀྱི་འདོད་བློར་བསྟུན་དགོས།

དམངས་ཀྱི་བློ་ཁར་མཐུན་རྒྱུ་དེ་ང་ཡི་རེ་སྙེག་བྱེད་ས་ཡིན “ངས་མང་ཚོགས་ལ་དངོས་དོན་སྒྲུབ་པའི”ལག་ལེན་བྱེད་སྒོའི་ཁྲོད། མཚོ་ནུབ་ཁུལ་གྱིས་འབུར་ཐོན་གནད་དོན་དེ་ཁྲིད་ཕྱོགས་སུ་བཟུང་བ་དང་། བརྟག་དཔྱོད་མཐིལ་རྟོགས་དང་བསམ་འཆར་ལ་ཉན་པའི་རྨང་གཞིའི་སྟེང་བརྟག་དཔྱད་རྩིས་ཐོ་བཟོས་པས། རྩིས་ཐོར་རྟག་དཔྱད་དང་། གནད་དོན་གྱི་རྩིས་ཐོ། འགན་འཁྲིའི་རྩིས་ཐོའི་རྣམ་པ་ཞིག་གྲུབ་སྟེ། འགུལ་རྣམ་གྱི་རྩིས་ཐོ་འཐུས་ཚང་དུ་བཏང་བར་མ་ཟད། ལས་རིགས་ཀྱི་ཁྱད་ཆོས་དང་། ལས་ཁུངས་ཀྱི་ངོ་བོར་ཟུང་འབྲེལ་བྱས་ནས་རིམ་པ་དགར་བ་དང་སྐོར་ཁག་བགོས་ནས་གནད་ལ་འཁེལ་བའི་གཙོ་གནད་དམངས་འཚོའི་ལས་གཞིའི་རྩིས་ཐོ་བཟོས་ཏེ། དོན་ངོ་མའི་སྟེང་ནས་གཞི་རིམ་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་གླེང་ཕྱོགས་དང་དཀའ་གནད་མང་པོ་བཙལ་བ་རེད།

གཏེར་ལེན་ཁ་གྲོང་ཁྱེར་ཧོའེ་ཐིག་ཐ་ལ་གྲོང་རྡལ་ཤིས་ཐན་སྡེ་བའི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་རིན་ཧའེ་པང་ལ2017ལོ་ནས་བཟུང་འཇུ་ལམ་ནས་ཁྲག་ཐོན་པའི་ནད་བྱུང་བ་དང་། ད་ལྟའི་བར་ཡང་ནས་བསྐྱར་དུ་ནད་འཕར་ནས་དྲག་སྐྱེད་མ་བྱུང་། དེའི་རིང་ལ་སྔ་རྗེས་སུ་ཞིང་ཆེན་ཕྱི་ནང་དུ་སྨན་བཅོས་ཐེངས་མང་བྱས་ནས་སྨན་རིན་མཐོ་པོ་བཀོལ་བ་དང་། ཡིན་ནའང་། ཞིང་ཆེན་གཞན་ནས་སྨན་བཅོས་བྱས་ཏེ་སྨན་རིན་རྩིས་རྒྱག་བྱས་པ་དེས་ཁོང་གི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་བཏང་། དཔེར་ན། ད་ལོར་སྨན་རིན་སྒོར་མོ་འབུམ་གཉིས་དང་ཁྲི་བཞི་ཙམ་བཏང་བར་སྒོར་མོ་འབུམ་གཉིས་དང་ཁྲི་གཉིས་ལ་ཉེ་བའི་འགྲོ་སོང་རྩིས་ཞུ་བྱེད་ཐུབ་པ་བྱུང་བ་དེས་རིན་ཧའེ་པང་གིས་སྨན་བཅོས་བཅོས་སྒྱུར་གྱི་ཁེ་སྤོགས་དང་འཕེལ་རྒྱས་ཀྱི་ཕན་པ་དངོས་ལོངས་སུ་སྤྱོད་ཐུབ་པ་བྱུང་།

མིག་སྔར། མཚོ་ནུབ་ཁུལ་གྱིས་ལས་བཟོ་བའི་སྨན་བཅོས་ཉེན་ཚབ་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་ཀྱིས་ཞིང་ཆེན་གཞན་ནས་སྨན་བཅོས་བྱེད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པ་ཡོངས་སུ་ཁྱབ་ཡོད་པ་རེད། ཉེན་ཚབ་ནང་ཞུགས་པའི་མི་སྣས་འབྲེལ་ཡོད་ཐོ་འགོད་འགྲོ་ལུགས་སྒྲུབ་རྗེས། ཞིང་ཆེན་གཞན་ནས་སྨན་བཅོས་བྱེད་ན་སྨན་བཅོས་དྲ་སྦྲེལ་སྨན་ཁང་དུ་ཐད་ཀར་བྱང་བུ་བཀོལ་སྤྱོད་བྱས་ཆོག་པ་དང་། ཞིང་ཆེན་གཞན་ནས་སྨན་བཅོས་བྱེད་པར་ཐོ་འགོད་སྙན་ཞུ་བྱས་པའི་མི་ཁྲི་དྲུག་དང་སྟོང་གསུམ་ལྷག་ལ་སླེབས་པས། ཕན་འབྲས་ལྡན་པའི་སྒོ་ནས་ཉེན་ཚབ་ནང་ཞུགས་པའི་མི་སྣས་ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།

སྔོན་ཆད་མང་ཚོགས་ཀྱི་ཚབ་ཏུ་བྱ་བ་སྒྲུབ་པ་དང་དཀའ་ངལ་སེལ་བའི་བྱ་བར་འཕྲད་སྐབས། ལས་བྱེད་པས་འབྲས་ཁུག་མ་འགའ་དང་སྒོར་མོ་བརྒྱ་ཕྲག་འགའ་ཁྱེར་ཏེ་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས“ཕྱི་ཚུལ་གྱི་རྣམ་པ་ཙམ་གྱི”སྣང་ཚུལ་སྟོན་བཞིན་པའང་འགའ་ཤས་ཡོད་པ་རེད། མང་ཚོགས་ཀྱི་ཁེ་ཕན་དེ་གཞི་འཛིན་སར་བྱས་པ་དང་། མང་ཚོགས་ཀྱི་ཐག་གཅོད་དགོས་པའི་དཀའ་གནད་བཙལ་ཏེ། མང་ཚོགས་ཀྱི་དགོས་མཁོ་དེ་དོན་དངོས་སྒྲུབ་པའི་གཞི་འཛིན་ས་དང་རྐང་འཛུགས་ས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི“ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱེད་སྒོ་སྤེལ་ན། ད་གཟོད་ཕྱི་ཚུལ་ཙམ་དུ་མི་འགྱུར་བར་དོན་དངོས་ཤིག་ཏུ་འགྱུར་ཐུབ།

གཏེར་ལེན་ཁ་གྲོང་ཁྱེར་མེ་འཁོར་འབབ་ཚུགས་ཀྱི་སྲང་ལམ་དོན་གཅོད་ཁང་རྨ་ཆུའི་ལམ་སྡོད་ཁུལ་ནི་སྡོད་ཁུལ་རྙིང་པ་ཞིག་རེད། སྡོད་དམངས་ལིས་ཞིག་ཀྲིན་ཚང་ལ་ཆར་བ་འབབ་ཐེངས་ཤིག་གིས་ཁྱིམ་དུ་ཆུ་བླུགས་པ་དང་། སྡོད་ཁུལ་གྱི་ཏང་ཡོན་རྒན་པས་གནས་ཚུལ་དེ་ཤེས་རྗེས་མྱུར་མོར་ཁྱིམ་དུ་ཡོང་ནས་ཆུ་སྒོར་ཕུད་རོགས་བྱས་པ་དང་། ཁོ་ཚོས་ནམ་གུང་བར་དུ་རང་ཁྱིམ་དུ་ཆུ་ཕྱགས་རོགས་བྱེད་པ་མཐོང་བ་ན་ལིས་ཞིག་ཀྲིན་སེམས་འགུལ་ཐེབས་བཞིན་བཤད་རྒྱུར།“ད་ལྟ་ང་ཚོའི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་དང་ཉེ་འགྲམ་གྱི་དོན་ཆེན་དང་དོན་ཆུང་ཚང་མར་ཏང་གི་ལས་བྱེད་པས་ང་ཚོར་ཐག་གཅོད་རོགས་བྱེད་པས་འཚོ་བ་ཇེ་སྐྱིད་ནས་ཇེ་བཟང་དུ་སོང་ཡོད་ཟེར།

“འགག་གནད”ལས་སྒྲོལ་བར་དོན་དངོས་སྒྲུབ་དགོས་པ་དང་ད་དུང་བྱེད་ཐབས་ཡང་སྤྱོད་དགོས།

མང་ཚོགས་ཀྱི“གནད་དོན་གསལ་ཐོ”ལ་དམིགས་ནས་མཚོ་ནུབ་ཁུལ་གྱིས་མང་ཚོགས་ཀྱི་དཀའ་གནད་སེལ་རྒྱུ་དེ“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་ཏེ“དུས་ཚོད་རེའུ་མིག”དང“ལམ་ཐིག་རི་མོ”བཟོས་པ་དང་། རེ་རེ་བཞིན་རྩིས་ལེན་དང་དུས་ཚོད་ཀྱི་ཚད་བཀག་གཏན་འཁེལ་གསལ་བོ་བྱས་པ་དང་། ཡུན་བསྲིངས་ཞབས་ཞུ་དང་། དུས་བཅད་ཞབས་ཞུ། ཁྱིམ་དུ་སོང་ནས་ཞབས་ཞུ་སྒྲུབ་པའི་རྣམ་པ་སྤྱད་དེ། གནད་དོན་རེ་རེ་བཞིན་ཐག་གཅོད་བྱས།

“སྔོན་ཆད་མིའི་འཐུང་ཆུ་ཡང་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་སར་ལེན་དུ་འགྲོ་དགོས་པས། ཁྱིམ་གྱི་ཕྱུགས་ཟོག་གི་འཐུང་ཆུ་སྨྲས་མ་དགོས་པ་ཞིག་རེད། ད་ལྟ་རང་ཁྱིམ་དུ་དྭངས་གཙང་གི་རང་འབབ་ཆུ་འཐུང་རྒྱུ་ཡོད་པ་མ་ཟད། ཕྱུགས་ཟོག་གི་འཐུང་ཆུར་ཡང་སེམས་ཁྲལ་བྱེད་མི་དགོས་པས།  དངོས་གནས་ང་ཚོར་དོན་དག་བཟང་པོ་ཞིག་བསྒྲུབས་སོང་།” གཏེར་ལེན་ཁ་གྲོང་ཁྱེར་ཞུའུ་ཅི་ཡུལ་ཚོ་ཨེད་ལིས་ཀིག་སྡེ་བའི་འབྲོག་པ་པའོ་ཁི་ཡིས་སྒོ་འགྲམ་གྱི“དམངས་སེམས་བཟོ་སྐྲུན”དེ་ལ་བསྔགས་བརྗོད་ཡང་ཡང་བྱས།

པའོ་ཁི་ཡིས་བཤད་པའི་དོན་དག་བཟང་པོ་དེ་ད་ལོར་གཏེར་ལེན་ཁ་གྲོང་ཁྱེར་གྱིས“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ཁྲོད། མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་ཆེད་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དགུ་བཏང་ནས་ལས་པའི་ཆུ་མཁོ་འདོན་སྦུག་ལམ་གྱི་ལས་གཞི་ཞིག་རེད།

གསར་དུ་ཁ་སྣོན་བྱས་པའི་ཆུ་བེད་སྒྲིག་ཆས་ཆ་ཚང་དང་།  ཆུ་གྲོན་ཆུང་བྱས་ནས་ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་ཆེ་རུ་གཏོང་བ། ཞིང་ཆུ་འདྲེན་ཁུལ་གྱི་ཕྱོགས་བསྡུས་ཆུ་བེད་བཀོལ་སྤྱོད་ ཀྱི་ཚད་མཐོར་འདེགས་གཏོང་བ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་དེས་འབྲོག་པ་མང་ཚོགས་ཀྱི་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ་མ་ཟད། ད་དུང་ས་དེ་གའི་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ཞིང་། ཆུ་གྲོན་ཆུང་བྱེད་པར་སྒྱུར་བཀོད་བྱས་རྗེས་རྩྭ་ས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་སྟོང་གཅིག་འཕར་བ་དང་། ཕྱུགས་ཀྱི་ཐེག་ཚད་སུམ་ཆའི་གཅིག་མཐོར་འདེགས་བྱུང་། འབྲོག་པ་མང་ཚོགས་ཀྱིས་རྗེས་ཕྱོགས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་ཆེད། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་རྨང་གཞི་བཏིང་བ་དང་། མིག་སྔའི་བར་དུ། བསྡོམས་པས་འབྲོག་པ་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་གནད་དོན་ཐག་གཅོད་བྱས་ཚད་ཁྲི་གསུམ་ལྷག་ལ་སླེབས་ཡོད།

རྒྱང་བསྟེན་སྨན་བཅོས་སྟེགས་བུ་བཙུགས་ནས་བསྡོམས་པས་ནད་པ་བརྒྱད་བརྒྱ་གྱ་གཅིག་ལ་སྨན་བཅོས་བྱས་ཏེ། གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་གྲོན་དངུལ་སྣ་ཚོགས་སྒོར་འབུམ་གཅིག་དང་ཁྲི་དྲུག་ལྷག་ཇེ་ཉུང་དུ་བཏང་བ་རེད། མཁར་གྲོང་དུ་ཞོར་ལས་ལ་ཡོང་བའི་མི་སྣའི་བུ་བུ་མོ་སློབ་གྲྭར་ཞུགས་ཐུབ་པར་བྱས་ཏེ། བུ་བུ་མོ་བཞི་བརྒྱ་དང་བཅུ་དགུ་སློབ་གྲྭར་ཞུགས་དཀའ་བའི་གནད་དོན་ཐག་བཅད། “གཞིས་ལུས་བྱིས་པའི་ཁྱིམ་གཞིས”བཞི་བཙུགས་ནས་གཞིས་ལུས་བྱིས་པ་ཉིས་བརྒྱ་དང་གོ་བདུན་ལ“ཁྱིམ་བདག་གི་ཚབ་བྱས་ནས་ལྟ་རྟོག་བྱེད་པའི”ལམ་ལུགས་ལག་བསྟར་བྱས། ཝུའུ་ལན་རྫོང་གིས་དམངས་ཀྱི་འདོད་བློ་དང་དམངས་ཀྱི་རེ་སྙེག་བྱེད་པ་དེ་ཁ་ཕྱོགས་སུ་བཟུང་ནས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་བཟོ་སྐྲུན་བཅུ་བཞི་སྔ་རྗེས་སུ་ལག་བསྟར་བྱས་ཏེ། དུས་ཡུན་རིང་བོར་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འཕྲད་པའི་དངོས་ཡོད་དཀའ་ངལ་དང་གནད་དོན་ཁག་ཅིག་ནན་ཏན་གྱིས་ཐག་གཅོད་བྱས།

གཏེར་ལེན་ཁ་གྲོང་ཁྱེར་ཁྲལ་དོན་ཅུའུ་ཡིས“ངས་ཁྲལ་འཇལ་མཁན་ལ་དོན་དངོས་སྒྲུབ་པ་དང་དམངས་བདེ་ཁྲལ་གཉེར་གྱི་དཔྱིད་རླུང་བྱ་སྤྱོད”ཀྱི་གསལ་བོ་མིན་པའི་རྩིས་ཐོར་ཞིབ་བསྡུར་ནན་མོ་བྱས་ནས“དམངས་བདེའི་ཁྲལ་སྒྲུབ་དཔྱིད་རླུང་བྱ་སྤྱོད”ཀྱི་ཆེད་དོན་བྱ་བའི་རྩིས་ཐོ་འཐུས་ཚང་དུ་བཏང་ཞིང་། ཐེམ་ཆེན་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཡུལ་ཚོ་དང་གྲོང་རྡལ་སོ་སོར་སོང་ནས་འགྲོ་བསྐྱོད་སྟབས་མི་བདེ་བའི་དབང་པོ་སྐྱོན་ཅན་ཚབས་ཆེན་ལ་སྒོ་ཁར་སོང་ནས་དབང་བོ་སྐྱོན་ཅན་གྱི་དཔྱད་འཇོག་དང་དཔང་ཡིག་སྟེར་བའི་ཞབས་ཞུ་སྒྲུབ་ནས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ཧུར་ཐག་གིས་དོན་འཁྱོལ་ཏེ། དབང་པོ་སྐྱོན་ཅན་གྱི་དངོས་ཡོད་དཀའ་ཁག་ནན་ཏན་གྱིས་ཐག་གཅོད་བྱས།

“གནད་དོན་གསལ་ཐོ”གཙང་སེལ་མ་བྱས་ཚེ། གཅོང་ནད་རྙིང་པར་གྱུར་ནས་མང་ཚོགས་ཀྱི་སེམས་ལ་ན་ཟུག་ཆེན་པོ་བསྐྱེད་སྲིད། མཚོ་ནུབ་ཁུལ་གྱིས་དོན་དངོས་བྱ་བའི་ཁྲོད“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ཐོག་མའི་བསམ་འདུན་ལག་བསྟར་བྱས་ནས་ཏང་ཡོན་ལས་བྱེད་པ་ཞིང་ཁ་དང་། འབྲོག་པའི་ཁྱིམ་ཚང་། བཟོ་གཏེར་ཁེ་ལས་བཅས་སུ་བསྐྱོད་རྒྱུར་སྐུལ་སློང་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་ཆེ་སའི་ས་ཆར་ཐབས་ཇུས་དངོས་བཏོན་ནས་བྱ་བ་དངོས་སྒྲུབ་པ་དང་།“འགག་གནད”རེ་རེ་སེལ་བ། དཀའ་གནད་རེ་རེ་བཞིན་ཐག་གཅོད་བཅས་བྱས་པ་རེད།

“ཆད་གནས”ཁ་གསབ་བྱེད་པ་དང་། དོན་དངོས་བསྒྲུབ་པར་ད་དུང་ཕན་འབྲས་ཡོད་དགོས།

“མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ། ང་ཚོས་ཏང་རྩ་འཛུགས་ཀྱི་སྲིད་དོན་ཞབས་ཞུའི་ཁྲོད་ཀྱི་བྱེད་ནུས་གཙོ་བོ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་དང་། བྱ་བ་སྒྲུབ་སའི་ཚོམས་ཆེན་དུ་བསྡད་ཡོད་པའི་ཁུལ་རིམ་པའི་སྡེ་ཁག་གི་བྱ་བའི་མཐུན་སྦྱོར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དོན་དག་ཉིས་བརྒྱའི་ཞབས་ཞུར‘ཆེས་མང་ན་ཐེངས་གཅིག་ལ་མ་གཏོགས་དོན་དག་སྒྲུབ་དུ་ཡོང་མི་དགོས་པ’མངོན་འགྱུར་བྱུང་བ་དེས་ཁུལ་རིམ་པའི་བྱ་བའི་དོན་ཚན་གྱི་དཔང་ཡིག་རྒྱུ་ཆ་བརྒྱ་དང་སོ་བརྒྱད་ཇེ་ཉུང་དུ་བཏང་བ་དང་། ཞིབ་མཆན་འགོད་པའི་དུས་ཡུན་ཉིན་བདུན་བརྒྱ་དང་བརྒྱད་ཅུ་ཇེ་ཐུང་དུ་བཏང་ཞེས་མཚོ་ནུབ་ཁུལ་སྲིད་དོན་ཞབས་ཞུའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཅ་རུང་གིས་གསར་འགོད་པར་དེ་ལྟར་བཤད།

“ཞབས་ཞུའི་སྡེ་ཁག་གིས་སྲིད་གཞུང་གི་སྣང་བརྙན་མཚོན་བཞིན་ཡོད་པ་དང་། ཉིན་རེ་རེ་བཞིན་ཞོགས་པ་དང་། ཉིན་གུང་། དགོང་མོར་བཅས་ཚང་མར་སྐོར་ཞིབ་བྱེད་ཀྱི་ཡོད་པ་དང་། དེའང་ང་ཚོའི་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་གནད་འགག་ཅིག་ཡིན་པས། སྣང་ཆུང་གཏན་ནས་བྱེད་མི་རུང་།” གསར་འགོད་པ་མཚོ་ནུབ་ཁུལ་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་སླེབས་སྐབས། ལིག་ཡན་ཧའེ་ཡིས་སྔ་དྲོའི་རིང་ལ་ཚོམས་ཆེན་གྱི་སྡེ་ཁག་སོ་སོས་ཞབས་ཞུ་སྒྲུབ་པའི་གནས་ཚུལ་ནན་ཏན་གྱིས་ཟིན་ཐོར་འགོད་བཞིན“ནམ་རྒྱུན་གྱི་སྐོར་ཞིབ་ལྟ་སྐུལ་ལས་གཞན་ང་ཚོས་ད་དུང་དྲ་ཐོག་ནས་སྐར་མ་རྒྱག་པ་དང་། ཡུལ་དངོས་སུ་བསམ་འཆར་འདོན་པ། ཡིག་སྒམ་སོགས་སུ་ཕྱོགས་བསྡུས་དཔྱད་འཇོག་བྱེད་པའི་ཞབས་ཞུའི་ནུས་པ་སྤྱོད་བཞིན་ཡོད”ཅེས་བཤད། ལིག་ཡན་ཧའེ་ཡིས་བཤད་རྒྱུར། མང་ཚོགས་ཀྱི་བསྔགས་བརྗོད་ནི་ཨང་དང་པོ་ཡིན་པས། ང་ཚོའི་ཞབས་ཞུ་ཡང་ཚང་མས་བསམ་འཆར་འདོན་པ་དང་དགོས་མཁོར་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་བཞིན་ཡོད་ཟེར།

ལས་སྒྲུབ་ཚོམས་ཆེན་གྱི་རྒྱལ་ཁབ་ཕྱི་ནང་དུ་བསྐྱོད་པའི་ཞབས་ཞུ་སྒྲུབ་ས་རུ་གསར་འགོད་པས་དེ་གར་ལོ་ལོན་རྒན་པ་གྲལ་སྒྲིག་མི་དགོས་པར་ཞབས་ཞུ་སྒྲུབ་ས་ཞིག་ཡོད་པ་དང་། ད་དུང་ཆེད་དུ་འགན་འཁུར་བའི་ཁྲིད་སྟོན་མི་སྣའང་ཡོད་ཅིང་། རྒན་པ་རྣམས་ལ་བློ་འདྲི་དང་། ལམ་སྟོན་པ་སོགས་ཀྱི་ཞབས་ཞུ་དང་རོགས་རམ་འདོན་སྤྲོད་བྱེད་བཞིན་པ་མཐོང་། ཞབས་ཞུའི་སྟེགས་བུའི་མདུན་སར་ཨ་ཕར་ཞང་ཀང་དང་། ཨའོ་མོན་དུ་བགྲོད་པའི་ལམ་ཡིག་གི་འགྲོ་ལུགས་སྒྲུབ་ཚར་པའི་ལའོ་ཡན་ཅིན་གྱིས་དགའ་སྤྲོ་ཆེན་པོས་བཤད་རྒྱུར།“མ་གཞིར་ལོ་ལོན་གྱི་འགྲོ་ལུགས་སྒྲུབ་ན་དཀའ་ལས་ཧ་ཅང་ཆེན་པོ་འདུག བསམ་ཡུལ་ལས་འདས་པ་ཞིག་ལ་འདི་འདྲའི་སྟབས་བདེ་བ་དང་ཞབས་ཞུ་ཡང་ཧ་ཅང་བཟང་བས། ཁོ་ཚོར་བསྔགས་བརྗོད་བྱེད་འོས”ཟེར།

མི་དམངས་ལ་ཞབས་ཞུ་སྒྲུབ་པའི་ཆུ་ཚད་དང་སྤུས་ཚད་མཐོར་འདེགས་གཏོང་ཆེད། གཞི་རྩའི་མགོ་རྩོམ་ས་དང་རྐང་ཚུགས་ས་ནི་ཁེ་ལས་དང་མང་ཚོགས་ཀྱི་དགོས་མཁོ་མང་པོ་བསྐངས་ཏེ། ཁེ་ལས་དང་མང་ཚོགས་བྱ་བ་སྒྲུབ་པར་ཐེངས་མང་པོར་རྒྱུགས་མི་དགོས་པ་དང་དོན་བཟང་སྒྲུབ་ནས་ཞབས་འདེགས་ཞུ་ས་ཡིད་ཚིམ་དུ་འཇུག་དགོས། ད་ལོ་ནས་བཟུང་། མཚོ་ནུབ་ཁུལ་གྱི་ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྣེ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། མང་ཚོགས“ཆེས་བྲེལ་བ་དང་དཀའ་བ། སེམས་ཁྲལ་དང་རེ་སྒུག”བྱེད་པའི་གནད་དོན་ལ་དམིགས་ནས་རྒྱ་ཆེའི་ཏང་ཡོན་གྱིས་རང་འཁྲིའི་ལས་རྐང་ལ་གཞི་ཚུགས་ནས་དམངས་ལ་ཞབས་འདེགས་ཞུ་རྒྱུར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་བཏང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།