ཞིང་ལས་ཀྱི་རྟིང་གཞི་ཇེ་བརྟན་དུ་བཏང་ནས་ཞིང་གསུམ་གྱི་རྨང་གཞི་སྲུང་སྐྱོབ་བཟང་བོ་བྱེད་དགོས།
2021.12.30 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 10

 མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

ཞིང་ལས་དང་།  ཞིང་སྡེ། ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་ཚིས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད།  ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཉེ་ལམ་པེ་ཅིན་དུ་འཚོགས་ཤིང་། གྲོས་ཚོགས་ནས་དེང་སྐབས་ཀྱི་ཞིང་གསུམ་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་། 2022ལོའི་ཞིང་གསུམ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས།  ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པར་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་དགོས་ན། ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོར་དམིགས་ཏེ། ཞིང་ལས་ཀྱི་རྟིང་གཞི་བརྟན་པོ་ཡོང་བར་བྱེད་པ་དང་། ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པར་བྱེད་ཐབས་ནུས་ལྡན་སྤྱོད་པ།  ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཐོན་ཚད་བརྟན་འཇགས་ཡོང་བ་དང་མཁོ་སྤྲོད་འགན་སྲུང་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། ཞིང་ལས་དང་ཞིང་སྡེ་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞིང་གསུམ་བྱ་བ་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཁྱོན་ཡོངས་ཀྱི་རང་འགུལ་དགོས།  ད་ལོའི་ཚུན་ལ། རྙོག་འཛིང་དང་ཛ་དྲག་གི་འཕེལ་རྒྱས་ཁོར་ཡུག་དང་།  ཁྱབ་ཚད་དང་བྱུང་ཚད་མང་བའི་ས་ཆ་ཁ་ཤས་ཀྱི་རིམས་ནད་གནས་ཚུལ་དང་ཆེས་རྒྱུན་ལྡན་མིན་པའི་གནམ་གཤིས་སོགས་དཀའ་ཁག་དང་འགྲན་སློང་གི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞིང་གསུམ་བྱ་བའི་གནད་དོན་ཐག་གཅོད་བཟང་བོ་བྱ་རྒྱུ་དེ།  ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་རྒྱུན་འཁྱོངས་དང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་འགྲོ་ལམ་ཐོག་བསྐྱོད་པ་རྒྱུན་འཁྱོངས། ཞིང་གསུམ་གྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས།  ཞིང་ལས་ཐོན་སྐྱེད་ཐད་བརྟན་ཐོག་ཡར་འཕེལ་ཡོང་བ་སྲུང་འཛིན་དང་། འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་ལྷག་སྲུང་འཛིན་བྱས་ཤིང་།   དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱུང་བ་དང་།  ཞིང་སྡེ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་གོམ་པ་བརྟན་པོ་སྤོས་ནས།  ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་བཏིང་ཡོད། ལག་ལེན་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱུན་སྲིང་ལྷོད་མེད་སྒོས་ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་།  ཏང་གི་ཞིང་གསུམ་སྲིད་ཇུས་ལ་ཞིང་པ་དུང་ཕྱུར་མང་པོའི་ལྷག་བསམ་ཟོལ་མེད་ཀྱི་བརྩི་བཀུར་ཐོབ་པ་ར་སྤྲོད་གང་ལེགས་བྱུང་ཡོད།

2022ལོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་རྒྱུ་ཡིན་པས། ཞིང་གསུམ་བྱ་བ་ བཟང་བོར་སྒྲུབ་པ་དང་། ཞིང་གསུམ་གྱི་རྟིང་གཞི་འདི་ཇེ་བརྟན་དུ་གཏོང་བར་བརྟན་འཇགས་དང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག་སྲུང་འཛིན་བྱེད་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།   ངེས་པར་དུ་ཞིང་ལས་ཀྱི་རྟིང་གཞི་བརྟན་གཏོང་དང་ཞིང་གསུམ་གྱི་རྨང་གཞི་བཟང་བོ་བརྟན་སྲུང་བྱེད་པར་རྨང་རྡོའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམའ་རིམ་ཐོན་རྫས་ཀྱི་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པས།  ཀྲུང་གོ་བའི་ཟས་ཕོར་ནི་ནམ་ཡིན་རུང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ལ།  རང་ཁ་རང་གསོ་ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།  འབྲུ་རིགས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པ་དང་།  ཏང་སྲིད་འགན་འཁྲི་གཅིག་མཚུངས་ལ་ཕན་འབྲས་ངོ་མ་ལེན་དགོས། ཕྱི་ཕྱོགས་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པའི་རྙོག་འཛིང་གི་གནས་བབ་འོག  རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རང་ཉིད་ཀྱི་ཟས་ཕོར་བརྟན་སྲུང་བྱས་ཚེ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པར་རང་འགུལ་གྱི་དབང་ཆ་ཐོབ་ཐུབ། འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་མཁོ་སྤྲོད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་དང་། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་བྱེད་པ།  སྲན་ཆེན་དང་སྣུམ་རིགས་ཀྱི་ཐོན་སྐྱེད་རྒྱ་བསྐྱེད་པ་བཅས་བྱས་ནས། 2022ལོར་འབྲུ་རིགས་ཀྱི་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་ལྷག་གི་ཡན་དུ་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་པ་དང་།    ཚོད་སླེ་ལ་ཧྲི་ཀྲང་གིས་འགན་འཁུར་བའི་ལམ་ལུགས་དངོས་སུ་དོན་འཁྱོལ་བྱས་ཏེ།  ཤ་ཚལ་སྒོང་གསུམ་དང་འཚོ་བའི་མཁོ་ཆས་གཞན་དག་མཁོ་སྤྲོད་དང་རིན་གོང་གཞི་རྩའི་ཆ་ནས་བརྟན་འཇགས་ཡོང་བར་འགན་ལེན་བྱེད་དགོས། རྨོ་ཞིང་སྲུང་སྐྱོབ་གི་གནད་དོན་ཐད་ངེས་པར་དུ་ཏན་ཏན་ཏིག་ཏིག་དང་འགལ་འཛོལ་མི་ཡོང་བར་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོབ་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ལག་བསྟར་བྱེད་པ། སྤྱོད་གོ་ཆོད་པའི་བྱེད་ཐབས་ནན་མོ་དོན་འཁྱོལ་བྱེད་པ། རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ། རྨོ་ཞིང་གི་སྤྱོད་ཡུལ་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།  2022ལོར་མུའུ་དུང་ཕྱུར་གཅིག་གི་ཚད་གཞི་མཐོ་བའི་ས་ཞིང་གསར་སྤོལ་བྱེད་དགོས། ཞིང་ལས་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་བོན་འབྱུང་ཁུངས་སོགས་ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་གྱི་མཁྲེགས་གཏོར་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། ཞིང་ལས་འཕྲུལ་ཆས་ཀྱི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ནས། སྒྲིག་བཀོད་ཞིང་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་དགོས།

གྲོང་གསེབ་དར་སྤེལ་གྱི་སྔོན་འགྲོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན་པས། རྒྱུན་མཐུད་ངང་དམ་འཛིན་ལེགས་པོ་བྱས་ཏེ་དབུལ་ཐར་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་སྐྱིད་དུ་འགྲོ་ཐུབ་པར་བྱེད་དགོས།  དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་རྗེས་ལྷོད་གཡེང་མི་གཏོང་བར་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་རྐྱེན་སྲོལ་དམ་འཛིན་སྒོས་འཐུས་ཚང་དང་དོན་འཁྱོལ་བཅས་བྱས་ཏེ།   གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་པོར་འགྱུར་བའི་སྣང་ཚུལ་མི་འབྱུང་བར་འགན་ལེན་བྱེད་དགོས། ཐོན་ལས་ལ་དམིགས་ཏེ་ཞིང་སྡེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་སྡེའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ནས།  རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་དགོས།  ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཞིང་སྡེ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ།  གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་འཕེལ་རིམ་གསར་པ་ཐོན་པ་དང་།  ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་གསར་པ་སྤོ་བར་སྐུལ་འདེད་གཏོང་དགོས།

2022ལོའི་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་ལས་འགན་དཀའ་ཚེགས་ཆེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ།  འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་།  རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པར་བྱེད་པ།  གསར་གཏོད་བརྩོན་ལེན་དང་མཁྲེག་གཏོར་དཀའ་སེལ་གྱིས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་བའི་རྣམ་པ་གསར་བ་བསྐྲུན་པ།  ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་ཐོག་རྒྱུན་ཆད་མེད་པར་བྱས་རྗེས་གསར་པ་འཇོག་པ་དང་འོད་སྟོང་གསར་པ་བསྐྲུན་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།