《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སྤེལ།
2022.01.06 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 6

 མི་དམས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

2022ལོའི་ཟླ1ཚེས1ཉིན་པར་སྐྲུན་བྱས་པའི་ད་ལོའི《བདེན་འཚོལ》དུས་དེབ་འདོན་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སྟེ།  ཁ་ཡིག་ལ《ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། མ་འོངས་གསར་གཏོད།  དཀའ་སྤྱད་འབད་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱེད་དགོས》 ཞེས་པ་སྤེལ།

གསུང་བཤད་ལས་ནན་གྱིས་བསྟན་དོན། རང་རེའི་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ། ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཅིག་འཚོགས་ནས།  ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱ་རྒྱུ་གཏན་ལ་ཕབ་པ་དེ་ནི། གཟབ་ནན་གྱི་འཐབ་ཇུས་རང་བཞིན་གྱི་ཇུས་ཆོད་ཅིག་ཡིན་ཞིང་།   རང་རེའི་ཏང་གིས་ལོ་རྒྱུས་ཀྱི་ཆོས་ཉིད་ལ་མཐོང་ཆེན་དང་སྤྱོད་མཁས་པོ་བྱེད་པའི་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་མཚོན་པ་དང་།  རང་རེའི་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་སྔ་འཛིན་ཕྱི་གཏོད་ཀྱི་ཡིད་ཆེས་ཀྱི་འགན་འཁྲི་འཁུར་སེམས་མཚོན་ཡོད། ། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་ཆོད་》ནི་ཏང་གིས་གཏན་ལ་ཕབ་པའི་ལོ་རྒྱུས་ཀྱི་གྲོས་ཆོད་སྔ་མ་གཉིས་དང་འདྲ་བར། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། མ་འོངས་གསར་གཏོད། དཀའ་སྤྱད་འབད་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས།   དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་གལ་ཆེ་ལ་རྒྱང་རིང་གི་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད།

གསུང་བཤད་ནང་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་ངོས་འཛིན་ཟབ་མོ་བྱེད་པ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ངོས་འཛིན་ཟབ་མོ་བྱེད་པ།  ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ངོས་འཛིན་ཟབ་མོ་བྱེད་པ།  ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་བ་གསར་གཏོད་ཀྱི་བླང་བྱ་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་དགོས།

གསུང་བཤད་ནང་བསྟན་དོན། ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་བཏང་ནས་རང་རྟོགས་ངང་ཕུགས་བསམ་དད་སེམས་བརྟན་སྲུང་བྱེད་དགོས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་ཆོད》ལས།  རང་རེའི་ཏང་གི་ལོ་རྒྱུས་ཀྱི་རང་རྟོན་ཆེན་པོ་གསལ་བོར་མཚོན་ཡོད་པ་དང་།  ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ལོ་བརྒྱའི་ཏང་ཆེན་པོ་ཞིག་གི་རིག་པ་དྭངས་གསལ་དང་གནད་སྨིན་འཐུས་ཚང་གི་ཉམས་འགྱུར་ཡང་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མེད་པ་བཅས་ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་སྒོ་ནས་གསལ་བཤད་བྱས་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྱང་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཆུད་ཟོས་སུ་བཏང་མེད། ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་རང་རྟོན་ནི་འབད་འཐབ་ཀྱི་གྲུབ་འབྲས་ལ་ཡིད་ཆེས་བྱེད་པ་ཞིག་ཡིན་ལ་འབད་འཐབ་ཀྱི་སྙིང་སྟོབས་ལ་ཡིད་ཆེས་བྱེད་པ་ཞིག་ཀྱང་ཡིན།

གསུང་བཤད་ནང་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྲུན་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། ལོ་རྒྱུས་དང་དོན་དངོས་ལས། ཏང་གི་མཐུན་སྒྲིལ་གཅིག་གྱུར་ནི་ཏང་དང་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པ་ཞིག་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལའང་འབྲེལ་བ་ཡོད་པ་ཞིག་ཡིན་པས།  དུས་ནམ་ཞིག་དང་གནས་ཚུལ་ཅི་འདྲ་ཞིག་གི་འོག་ཏུའང་སྣང་ཆུང་དང་གཡོ་འགུལ་གཏོང་མི་རུང་བ་ར་སྤྲོད་བྱུང་ཡོད།  ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་ཆོད་》ནང་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པའི་གལ་ཆེའི་རང་བཞིན་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད་དེ། ཏང་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་དཔེ་བལྟ་བ་དང་། ཏང་གི་དར་ཆའི་འོག་ཏུ་མཐུན་སྒྲིལ་བྱས་ནས་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཏེ་གོམ་སྟབས་གཅིག་གྱུར་གྱིས་མདུན་སྐྱོད་བྱེད་དགོས་པའི་བླང་བྱ་བཏོན་པ་དང་།  ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་ན། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་ལ་བློ་དཀར་སེམས་དཀར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གསུང་བཤད་ནང་བསྟན་དོན། བློ་བརྟན་འགྱུར་མེད་ངང་འགན་འཁྲི་ཁུར་ནས་རླབས་ཆེན་གྱི་འཐབ་རྩོད་བྱེད་པའི་བློ་སྟོབས་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རང་རེའི་ཏང་གིས་འཐབ་རྩོད་ལ་བརྟེན་ནས་ལོ་རྒྱུས་གསར་སྐྲུན་བྱེད་དགོས་པ་དང་འཐབ་རྩོད་ལ་བརྟེན་ནས་མ་འོངས་པར་རྒྱལ་ཁ་ཐོབ་པར་བྱེད་དགོས། ང་ཚོའི་མདུན་དུ་ལྷགས་པའི་འཐབ་རྩོད་སྣ་ཚོགས་ནི་དུས་ཡུན་ཐུང་ངུ་ཙམ་མ་ཡིན་པར་དུས་ཡུན་རིང་བ་ཞིག་ཡིན་པས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་མཉམ་དུ་གནས་སྲིད།  ང་ཚོས་ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་གསར་བའི་ལོ་རྒྱུས་ཀྱི་ཁྱད་ཆོས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ།  འཐབ་རྩོད་ཀྱི་རང་དབང་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་བློ་སྟོབས་ཇེ་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་གཅོག་པ། ཉེན་ཁ་ཚབས་ཆེན་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་གསད། འགལ་ཟླ་གལ་ཆེན་ཐག་གཅོད་བཅས་བྱས་ནས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་དཀའ་ཁག་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཏེ། དུས་རབས་གསར་བའི་རླབས་ཆེན་འཐབ་རྩོད་ཀྱི་རྒྱལ་ཁ་གསར་བ་རྒྱུན་ཆད་མེད་པར་བརྩོན་ལེན་བྱེད་དགོས།

གསུང་བཤད་ནང་བསྟན་དོན། རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱས་ནས་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། རང་གཤིས་མི་འགྱུར་བ་བཅས་འགན་ལེན་བྱེད་དགོས།  རང་རེའི་ཏང་ནི་ལོ་རྒྱུས་རིང་བ་དང་། གཞི་ཁྱོན་ཆེ་བ། སྲིད་དབང་སྐྱོང་ཡུན་རིང་བ་བཅས་ཡིན་པས་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་འཁོར་ལས་ཇི་ལྟར་སྒྲོལ་ཐབས་བྱེད་པའི་ཐད། བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་གྱི་ས་དོང་ནང་དུ་ལན་དང་པོ་བཏབ་པ་དེ་ནི“མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱས་ན། སྲིད་གཞུང་གིས་གཞི་ནས་ལྷོད་གཡེང་བྱེད་མི་ཕོད”ཅེས་པ་དེ་ཡིན།  ལོ་བརྒྱའི་འབད་འཐབ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་གསར་པ་བརྒྱུད། རང་རེའི་ཏང་གིས་སླར་ཡང་ལན་གཉིས་པ་བཏབ་པ་དེ་ནི་རང་ངོས་གསར་བརྗེ་བྱ་རྒྱུ་དེ་རེད། རང་རེའི་ཏང་ལ་རང་ཉིད་ཀྱི་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད། འདི་ནི་རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པའི་བློ་སྟོབས་ཀྱི་འབྱུང་རྩ་དང་གཏིང་ཤུགས་གནས་ས་ཡིན། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ། ང་ཚོས་བདེ་སྡོད་ཉེན་བསམ་བྱ་དགོས་པ་དང་། ང་ཚོའི་ལོ་བརྒྱའི་རིང་གི་ཏང་ཆེན་པོ་འདི་ཉམས་ཐག་དང་སྐྱོན་གྱིས་གོས་པ་ཞིག་ཏུ་འགྱུར་བར་དུས་རྟག་ཏུ་དོགས་ཟོན་བྱེད་དགོས། རང་ངོས་ཀྱི་གསར་བརྗེ་རླབས་པོ་ཆེ་ཡིས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་བྱེད་པ་དང་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེ་ཡིས་རང་ངོས་ཀྱི་གསར་བརྗེ་རླབས་པོ་ཆེར་སྐུལ་འདེད་བཏང་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་འགན་ལེན་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།