ཏང་གི་དར་ཆས་གནོད་ཐེབས་ཡུལ་དངོས་ཀྱི་ནུས་ཤུགས་གཅིག་ཏུ་བསྡུས།
2022.01.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

—མིན་ཡོན“1·08”ས་ཡོམ་ཁྲོད་ཏང་ཡོན་ལས་བྱེད་པས་ལས་ཡུལ་དང་པོར་འབད་འཐབ་བྱས་པའི་སྐོར་གྱི་དངོས་བྲིས།

མིན་ཡོན་རྫོང་ཆིན་ཧྲི་ཙོས་ཉིན་ཀྲང་ལམ་སྡོད་ཁུལ་གྱི་ལས་བྱེད་མི་སྣས་སྡོད་དམངས་ལ་གནོད་འཚེ་ཐེབས་ཚུལ་ཐོ་འགོད་བྱེད་བཞིན་པ།

ཟླ1ཚེས8ཉིན་གྱི་ཐོ་རེངས་སུ་མཛེས་སྡུག་ལྡན་པའི་མདོ་ལ་རྩྭ་ཐང་དུ་གློ་བུར་དུ་གནོད་འཚེ་ཕོག་བྱུང་།

དཔའ་ངར་ཆེར་བསྐྱེད་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་གུང་ཁྲན་ཏང་ཡོན་ཚང་མ་མཉམ་དུ་འདུས་ཏེ། ཞུམ་མེད་ཀྱི་ཁུ་ཚུར་བཅངས་ནས་ཡོམ་འགོག་གནོད་སེལ་གྱི་ཡུལ་དངོས་སུ་གདོང་མཆོང་བྱེད་དགོས་པའི་བཀའ་ཕབ།

འགྲན་སློང་དང་འཐབ་རྩོད། སྤྱི་བསམ་སྒེར་བརྗེད་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་གུང་ཁྲན་ཏང་ཡོན་ཚང་མ་དཀའ་ངལ་ལ་མི་སྐྲག་པ་དང་། ཁངས་ཆར་ལ་མི་སྐྲག་པར་ཡོམ་འགོག་གནོད་སེལ་གྱི་ཡུལ་དངོས་སུ་གདོང་མཆོང་བྱས།

རྡོ་སོལ་རྡོག་གཅིག་གིས་རྡོ་སོལ་མང་པོ་འབར་དུ་འཇུག་ཐུབ་པ་དང་། དམར་ཞིང་གསལ་བའི་སྙིང་ཞིག་གིས་སེམས་ཤུགས་ཚང་མ་གཅིག་ཏུ་བསྡུ་བར་སྐུལ་ཁྲིད་བྱེད་ཐུབ། ཉེན་ཁ་འཕྲད་པའི་དུས་སུ་ཀྲུང་གོ་གུང་ཁྲན་ཏང་ཡོན་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རླབས་ཆེན་གྱི་བློ་དཀར་སེམས་དཀར་མཚོན་པར་བྱས།

ཡོམ་མཚམས་གཙོ་བོ་མཚམས་བཞག་རུང་ཡོམ་འཕྲོ་མུ་མཐུད་དུ་འབྱུང་བཞིན་ཡོད། དམར་མདངས་བཀྲ་བའི་ཏང་དར་དེ་ཡོམ་ཁུལ་གྱི་ལས་ཡུལ་དང་པོར་ལྷབ་ལྷུབ་ཏུ་གཡོ་བ་དང་། གུང་ཁྲན་ཏང་ཡོན་གྱིས་འགན་འཁྲི་ཕྲག་ཏུ་འཁུར་ནས་མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད།

“གུང་ཁྲན་ཏང་ངོ་མ་བཟང་།”

“གུང་ཁྲན་ཏང་ངོ་མ་བཟང་།”

འབྲོག་པ་ཁྲིན་རོན་ཏི་ཡིས་ཐག་རིང་གི་རྩྭ་ཐང་དང་ནོར་ལུག་ལ་བལྟ་བཞིན་མྱུར་སྐྱོབ་བྱེད་པར་ཡོང་མཁན་ཏང་ཡོན་ལས་བྱེད་པ་ཚོ་ཁྱིམ་དུ་ཡོང་ནས་འཚམས་འདྲི་ཞུས་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་ཟེར།

ཁྲིན་རོན་ཏི་ཡི་ཁྱིམ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་རྒྱལ་མཁར་སོག་རིགས་ཡུལ་ཚོ་ཞི་ཐན་སྡེ་བས་ཡིན་པ་དང་། ཡོམ་ཁུངས་ལྟེ་གནས་དང་བར་ཐག་སྤྱི་ལེ་བཅུ་ཡོད་པས་གནོད་འཚེ་ཕོག་ཚབས་ཆེ་བའི་སྡེ་བ་ཞིག་རེད།

ཚང་མས་སེམས་ཁུར་བྱས་པར་བརྟེན། ཁྲིན་རོན་ཏི་ཡི་སེམས་ཁམས་མྱུར་དུ་བདེ་ལ་བབས།

ཁྲིན་རོན་ཏི་དང་ཅུང་མི་འདྲ་བར། ས་ཡོམ་ལ་ཕྱིར་དྲན་བྱེད་སྐབས་འབྲོག་པ་ལི་པའོ་ཁྲོན་གྱིས་སྔར་བཞིན་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། དུས་ཐུང་དང་ཛ་དྲག་ངང་འདར་འགུལ་བྱས་རྗེས་བཟའ་ཟླ་གཉིས་ཀྱིས་ལག་འཁྱེར་ཁ་པར་གྱི་ཆ་འཕྲིན་ལ་བལྟས་པ་དང་། སྡེ་བའི་སྐད་འཕྲིན་ཚོགས་པའི་ནང་མི་ཤི་རྨས་བྱུང་ཡོད་མེད་ཀྱི་སྐད་ཆ་འདྲི་བཞིན་འདུག ལི་པའོ་ཁྲོན་གྱིས་མྱུར་དུ“ཚང་མ་སྐྱོན་མེད”ཅེས་བཤད་རྗེས། བཟའ་ཟླ་གཉིས་ཀྱིས་ནམ་ལངས་རྒྱུར་བསྒུགས་ནས་བསྡད།

“ནམ་སྨད་དུ་སྒེའུ་ཁུང་ཕྱི་རོལ་དུ་རླངས་འཁོར་གྱི་གློག་འོད་ཡོད་པས་ངེད་གཉིས་ཀྱི་སེམས་པ་བདེ་ལ་བབས།” སྔ་དྲོའི་ཆུ་ཚོད་བཅུ་པར། གསར་འགོད་པ་ལི་པའོ་ཁྲོན་གྱི་ཁྱིམ་དུ་འབྱོར་སྐབས། ཁོས་ནོར་ལུག་རྣམས་ཕྱུགས་ཁང་ནས་ཕྱིར་གཏོང་བཞིན་འདུག ཁོས་བཤད་རྒྱུར། རླངས་འཁོར་དེ་དག་རོགས་སྐྱོབ་བྱེད་དུ་ཡོང་བ་ཤེས་ནས་སེམས་ཁྲལ་བྱེད་དགོས་དོན་མེད་ཅེས་བཤད།

ཅང་མ་འགོར་བར། ཡུལ་ཚོའི་ལས་བྱེད་པ་ཐོན་བྱུང་ལ་སྡེ་བའི་ལས་བྱེད་པ་དང་མེ་གསོད་རུ་མི་ཐོན་བྱུང་། ཁོ་ཚོས་ཁང་བའི་ནང་གི་གནས་ཚུལ་དང་གྱང་ངོས། ཕྱུགས་ཁང་བཅས་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་རྒྱུས་ལོན་བྱས།

ཞི་ཐན་སྡེ་བའི་ལོ་རེ་གཅིག་ལ་སླེབས་པའི་རྒན་པོ་ཁྲིན་ཧེ་ཞུང་གི་ཁྱིམ་དུ་ཡང་མི་མང་པོ་ཞིག་ཐོན་བྱུང་། ཁོས་ཁང་པ་རྙིང་པའི་འགྲམ་གྱི་ཁང་མིག་བཞི་ལ་མཛུབ་མོས་བསྟན་ནས་བཤད་རྒྱུར། ཁང་པ་འདི་ནི2012ལོའི་གནོད་ཤུལ་བསྐྱར་སྐྲུན་སྐབས་ལས་པ་ཡིན་པས་ཧ་ཅང་བརྟན་པོ་ཡིན་ཞེས་བཤད། ཁང་པ་འདི་ལས་སྐབས་རྒྱལ་ཁབ་ཀྱིས་ད་དུང་སྒོར་ཁྲི་གཉིས་ཀྱིས་ཁ་གསབ་བྱས་པ་དང་། 2018ལོར་མིན་ཡོན་རྫོང་གི་རོང་འབྲོག་ཁུལ་གྱི་སྡོད་ཁང་བདེ་འཇགས་ཀྱི་དཔྱད་ཞིབ་རིམ་པའི་ཁྲོད“A”ལ་བདམས་པ་རེད།

ས་ཡོམ་བྱུང་རྗེས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲིན་ཀྲིན་པིན་གྱིས་སྣེ་ཁྲིད་འོག ཞི་ཐན་སྡེ་བའི་ཏང་ཀྲི་པུ་ཡིས་མཚན་མོ་དེ་ཚོགས་ཆུང་གསུམ་ལ་བགོས་ནས། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་གྱ་བདུན་ལ་རེ་རེ་བྱས་ནས་ལྟ་ཞིབ་བྱས་པས་ཆུ་འཐུང་བའི་དུས་ཚོད་ཀྱང་མེད།

“ང་ཚོའི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་བཅུ་ལྷག་ཙམ་གྱིས་གནོད་འཚེ་ཕོག་པའི་གནས་ཚུལ་གྲལ་བཤེར་དང་རྒྱུས་ལོན་ཟབ་མོ་བྱས།” ས་ཡོམ་ཁྲོད་ཁང་པ་དང་ཕྱུགས་ཁང་སོགས་ལ་རིམ་པ་མི་འདྲ་བའི་གནོད་འཚེ་ཐེབས་པ་དང་། འོན་ཀྱང་རྒྱལ་མཁར་ཡུལ་ཚོའི་མི་ཚང་མས་སྤྲོ་སྣང་ལྡན་པའི་སྒོ་ནས་གནོད་འཚེ་ལ་ཁ་གཏད་འཇལ། རྒྱུ་མཚན་ནི་ཁོ་ཚོར་རྒྱབ་རྟེན་དང་རེ་ས་ཡོད་པ་མ་ཟད། “གུང་ཁྲན་ཏང་བཟང”ཞེས་པ་ལས་བརྟེན་ས་དང་རེ་སྒུག་བྱེད་ས་མངོན་ཐུབ།

ས་ཡོམ་བྱུང་སྐབས། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་རྒྱལ་མཁར་སོག་རིགས་ཡུལ་ཚོའི་གནོད་འཚེའི་གནས་ཚུལ་མྱུར་སྤེལ་མཁན་ཐཱན་ཕིན་ཚའེ་ད་དུང་ཉལ་མེད། འདར་འགུལ་ཆེན་པོ་ཞིག་དང་བསྟུན་ནས་ཐཱན་ཕིན་ཚའེ་མྱུར་དུ་ཉལ་ཁྲིའི་སྟེང་ཡར་ལངས་པ་དང་། ལོ་གསུམ་གྱི་རིང་གནོད་ཐེབས་གནས་ཚུལ་མྱུར་སྤེལ་ཉམས་མྱོང་ཡོད་པའི་ཁོས་ས་ཡོམ་བྱུང་བ་གཞི་ནས་ཤེས།

ཐཱན་ཕིན་ཚའེ་ནི་ད་ལོ་ལོ་35ཡིན་ཞིང་། རྒྱལ་མཁར་ཡུལ་ཚོ་ཞི་ཐན་སྡེ་བའི་ཏང་ཡོན་ཞིག་ཡིན་ལ། མྱུར་འཕྲིན་གཏོང་མཁན་ཞིག་ཀྱང་རེད།

ལྭ་བ་གོན་རྗེས། ཐཱན་ཕིན་ཚའེ་ཡིས་ཁ་པར་འཁྱེར་ནས་ཉེ་འགྲམ་གྱི་ཁྱིམ་ཚང་དུ་སོང་ནས་གནས་ཚུལ་བརྟག་དཔྱད་བྱས་པ་དང་། བརྙན་རིས་དང་པར་བླངས་ནས་ཐོག་མའི་དུས་ཚོད་ནང“མཚོ་བྱང་ཁུལ་གྱི་མེ་གསོད་རོགས་སྐྱོབ་རྟ་དམག་མྱུར་སྤེལ་མི་སྣའི”སྐད་འཕྲིན་ཚོགས་པ་ཞིག་ཏུ་བསྐུར། “འདི་ནི་མྱུར་སྤེལ་མི་སྣའི་གཞི་རྩའི་བྱ་བ་ཞིག་ཡིན་པ་དང་། དུས་ཐོག་ཏུ་གནས་ཚུལ་གསར་བ་ཡར་ཞུ་བྱས་ཏེ་ཚང་མའི་སེམས་སུ་གདེང་ཚོད་ཡོད་པ་ཞིག་བྱེད་དགོས”ཞེས་ཐཱན་ཕིན་ཚའེ་ཡིས་གསར་འགོད་པར་དེ་ལྟར་བཤད།

ས་ཡོམ་བྱུང་རྗེས་ཀྱི་ཞོགས་པའི་ཆུ་ཚོད་གསུམ་ཡས་མས་སུ། ཐཱན་ཕིན་ཚའེ་ཡིས་སླར་ཡང་ཚོགས་པའི་ནང་ཡི་གེ་ཞིག་བསྐུར་ནས“(སྤྱི་ཁྱབ་རུ་ཁག་)བཀོད་འདོམས་ལྟེ་གནས་སུ་ སྙན་ཞུ་འབུལ་རྒྱུར། ང་ནི་མཚོ་བྱང་ཁུལ་མིན་ཡོན་རྫོང་རྒྱལ་མཁར་ཡུལ་ཚོའི་མྱུར་སྤེལ་མཁན་ཞིག་ཡིན། ད་ལྟ་ང་རང་རྒྱལ་མཁར་ཡུལ་ཚོ་རུ་ཡོད་པ་དང་། ཁང་པ་ཁ་ཤས་ལ་གས་སྲུབ་ཤོར་ཡོད། བགྲོད་ལམ་ཤར་གཏོང་ཐུབ་པ་དང་འཕྲིན་གཏོང་རྒྱུན་ལྡན་ཡིན་ལ། གློག་ཤུགས་ཁག་ཅིག་མྱུར་བཅོས་བྱེད་བཞིན་ཡོད”ཅེས་བཤད།

ཐཱན་ཕིན་ཚའེ་ཡིས་རང་ཉིད་ཀྱིས་ཤེས་རྟོགས་བྱུང་བའི་གནོད་ཁུལ་གྱི་གནས་ཚུལ་ངོ་སྤྲོད་རགས་ཙམ་བྱས་རྗེས། སླར་ཡང་རླངས་འཁོར་བསྐོར་ནས་ཐག་ཅུང་ཙམ་རིང་པའི་ཁྱིམ་ཚང་དུ་སོང་ནས་གྲལ་བཤེར་བྱས། སྐབས་དེར། རྒྱལ་མཁར་ཡུལ་ཚོའི་དྲོད་ཚད་གོར་ཐིག་མན་གྱི་ཉི་ཤུ་ཡིན་པ་དང་། ཐཱན་ཕིན་ཚའེ་ཡིས་ཧ་ཅང་སྲབ་པའི་སྟོད་གོས་ཤིག་ལས་གྱོན་མེད་མོད། འོན་ཀྱང་གྲང་ངར་གྱིས་ཁོའི་གྲལ་བཤེར་གྱི་གོམ་སྟབས་འགོག་ཐུབ་མེད།

ཐཱན་ཕིན་ཚའེ་ཡི་ཁ་པར་གྲགས་བྱུང་། དེ་ནི་མིན་ཡོན་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་བཏང་བའི་ཁ་པར་ཡིན་ཞིང་། ཀན་སུའུ་ཡི་ཡུལ་སྐོར་བ་གཉིས་ལིག་ཧོང་ལུང་པའི་ལམ་མདོ་ནས་གར་སོང་ཆ་མེད་དུ་གྱུར། མཚན་མོ་ཡིན་པས་མེ་གསོད་རོགས་སྐྱོབ་མི་སྣས་ལིག་ཧོང་ལུང་པའི་གནས་ཚུལ་གསལ་པོ་ཤེས་ཀྱིན་མེད་པས་ཁ་པར་རྒྱག་དོན་ནི་ཁོ་ལ་ལམ་འཁྲིད་དུ་འཇུག་ཆེད་རེད།

“འདི་ནི་མིའི་ཚེ་སྲོག་ལས་ལྷག་པའི་དོན་ཆེན་ཞིག་རེད།” ཁ་པར་གྱི་ཁ་བརྒྱབ་རྗེས་ཐཱན་ཕིན་ཚའེ་ཡིས་སེམས་ཁྲལ་ཆེན་པོས་རོགས་སྐྱོབ་རུ་ཁག་ཡོང་རྒྱུར་སྒུག་ནས་བསྡད།

སྐར་མ་ཉི་ཤུའི་རྗེས་སུ། མེ་གསོད་རོགས་སྐྱོབ་རུ་ཁག་གིས་ཁ་པར་བརྒྱབ་ཡོང་སྟེ་གར་སོང་ཆ་མེད་དུ་གྱུར་པའི་མི་གཉིས་རྙེད་ཡོད་ཞེས་བཤད་པ་དང་། མེ་གསོད་རོགས་སྐྱོབ་རུ་ཁག་གིས་ད་དུང་སེམས་ཁྲལ་བྱེད་ཀྱིན་ཡོད་པས། ཐཱན་ཕིན་ཚའེ་ཡིས་ཁྲིད་སྟོན་བྱས་ཏེ་ལིག་ཧོང་ལུང་པའི་གཞི་མདོ་རུ་སླེབས་པ་དང་། ཡུལ་སྐོར་བར་སྐྱོན་མེད་པ་མཐོང་སྐབས་བློ་བདེ་པོས་ངང་ཁ་བྲལ་བ་རེད།

མེ་གསོད་རོགས་སྐྱོབ་རུ་ཁག་དང་ཁ་གྱེས་རྗེས་ཐཱན་ཕིན་ཚའེ་ཕྱིར་རྒྱལ་མཁར་ཡུལ་ཚོ་རུ་ཡོང་ནས་མུ་མཐུད་གྲལ་བཤེར་བྱས།

ནམ་ལངས་རྗེས། ཐཱན་ཕིན་ཚའེ་ཡིས《རྒྱལ་མཁར་ཡུལ་ཚོའི་ས་ཡོམ་གནོད་ཐེབས་གནས་ཚུལ་བསྡོམས་རྩིས་རེའུ་མིག》ཞིག་འཁྱེར་ནས་ཞི་ཐན་སྡེ་བའི་སྡེ་སྡོད་ལས་བྱེད་མི་སྣ་དང་མཉམ་དུ་སླར་ཡང་ཁྱིམ་ཚང་རེ་རེར་སོང་ནས་གནོད་ཐེབས་གནས་ཚུལ་བསྡོམས་རྩིས་བྱེད་མགོ་བརྩམས།

“ཡུལ་མི་ལགས། ཁྱིམ་གྱི་གནས་ཚུལ་ཅི་འདྲ་འདུག མི་དང་ཕྱུགས་ཟོག་ལ་སྐྱོན་འདུག་གམ།” ཐཱན་ཕིན་ཚའེ་ཡིས་ཕྱོགས་གཅིག་ནས་བཅར་འདྲི་བྱེད་བཞིན་དུ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་ཞིབ་བཤེར་བྱས། “ཁང་པའི་ནང་དུ་གནད་དོན་ཆེན་པོ་མི་འདུག མང་ཆེ་བ་ནི་ཕྱུགས་ཁང་གི་གྱང་ལ་གས་སྲུབ་ཤོར་བའམ་ཡང་ན་རྡིབ་པ་དེ་རེད”ཅེས་བཤད།

ཁྱིམ་ཚང་རེ་རེར་སོང་ནས་སྡོད་ཁང་དང་ཕྱུགས་ཁང་དུ་འཛུལ་སྐབས་ཐཱན་ཕིན་ཚའེ་ཡིས་ཞིབ་བཤེར་ཞིབ་ཚགས་བྱས་ནས་ཐོ་འགོད་ཞིབ་ཕྲ་བྱེད་ཀྱིན་ཡོད།

རྒྱལ་མཁར་ཡུལ་ཚོ་རུ་ཐཱན་ཕིན་ཚའེ་དང་འདྲ་བའི་མྱུར་སྤེལ་སྙན་ཞུ་བ་བསྡོམས་པས་མི་བཞི་ཡོད་པ་དང་། དེ་དག་ཚང་མ་གནོད་ཐེབས་ཀྱི་ལས་ཡུལ་དང་པོར་བསྐྱོད་དེ་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་ལག་བསྟར་བྱེད་བཞིན་ཡོད།

ཏང་སེམས་དང་དམངས་སེམས་མཉམ་དུ་སྦྲེལ་བ།

ལྗིད་ཏིག་ཏིག་འབྲས་དང་ཕྱེ་འཁྱེར་ནས་འགྲོ་བཞིན་པའི་མིན་ཡོན་རྫོང་ཧའོ་མིན་གྲོང་རྡལ་དཔའ་ཡོན་སྡོད་ཁུལ་གྱི་སྡོད་དམངས་ཡཱང་ཡུང་ཧྥང་གིས་གདོང་ལ་འཛུམ་གྱིས་ཁེངས་ཞོར་བཤད་རྒྱུར། “དེ་རིང་ངའི‘བསམ་འདུན’མངོན་འགྱུར་བྱུང་བས་དངོས་གནས་དགའ་པོ་བྱུང་། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ནི་ང་ཚོའི‘སྙིང་ཉེ་བའི་མི’ལྟ་བུ་རེད”ཅེས་བཤད།

ཏང་གི་ཐུགས་ཁུར་དང་ཏང་གི་དྲོད་སྐྱིད་རོལ་མྱོང་བྱེད། ཟླ་དང་པོའི་ཚེས་བཅུ་ཉིན། མིན་ཡོན་རྫོང་ཧའོ་མིན་གྲོང་རྡལ་དཔའ་ཡོན་སྡོད་ཁུལ་གྱི་ཚོགས་འདུ་ཁང་གི་གྱང་ངོས་སུ་ཏང་གི་དར་ཆ་བཀལ་ཡོད་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མིན་ཡོན་བརྟག་དཔྱད་རུ་ཁག་གི་ལས་ཐོག་ཏང་ཡོན་གྱིས་མང་ཚོགས་ཀྱི“བསམ་འདུན་ཆུང་ངུ”མངོན་འགྱུར་བྱེད་བཞིན་ཡོད།

“ང་ཚོའི་བརྟག་དཔྱད་རུ་ཁག་དང་དཔའ་ཡོན་སྡོད་ཁུལ་ནི་མཉམ་སྐྲུན་རོགས་སྐྱོར་ལས་ཁུངས་ཡིན། ཐེངས་འདིའི་ས་ཡོམ་རྗེས་སུ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་གང་འདྲ་ཞིག་ཡིན་པ་དེ་ང་ཚོས་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་པའི་བྱ་བ་ཞིག་རེད། དེ་རིང་ང་ཚོས་མཉམ་སྡོད་མཉམ་སྐྲུན་མ་དངུལ་བསྐྱལ་ནས་མང་ཚོགས་ཀྱི‘བསམ་འདུན་ཆུང་ངུ’མངོན་འགྱུར་བྱས་པ་དང་། མང་ཚོགས་ལ་དངོས་གནས་དྲོད་སྐྱིད་ཞིག་སྦྱིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་རུ་དཔོན་ཚོས་ཨན་ཁང་གིས་གསར་འགོད་པར་དེ་ལྟར་བཤད།

ཆ་འཕྲིན་ཐོ་འགོད་དང་དངོས་ཟོག་སྟེར་རོགས་བྱེད་པ། སྒྲིག་ལམ་སྲུང་སྐྱོབ་སོགས་ཀྱི་ཐད“དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས”ཞེས་པའི་ཡིག་འབྲུ་འཁོད་པའི་སྟོད་ཐུང་དམར་པོ་གྱོན་པའི་སྡོད་ཁུལ་ཏང་ཡོན་ལས་བྱེད་པ་ལས་ལ་བྲེལ་བཞིན་འདུག

དཔའ་ཡོན་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཅིན་ཞའོ་ཡིས་ཁ་པར་གྱི་ཁ་ཕྱེ་ནས་སྐད་འཕྲིན་བྱ་བའི་ཚོགས་པའི་ནང་གི་ཆ་འཕྲིན་གསར་པ་རེ་རེར་བལྟ་བཞིན་འདུག

ཁོས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར། “ད་ཐེངས་ཀྱི་ས་ཡོམ་བྱུང་རྗེས། ང་ཚོས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་ཡོན་ནས་མང་ཚོགས་བར་ཚང་མས་དུས་ཐོག་ཏུ་རང་འགུལ་ངང་གནོད་ཐེབས་གནས་ཚུལ་གྲལ་བཤེར་ནང་ཧུར་ཐག་གིས་ཞུགས་པ་དང་གཞོགས་འདེགས་བྱས་ལ། ཚོགས་པའི་ནང‘བདེ་འཇགས’ཞེས་པའི་ཚིག་རེ་རེ་བཞིན་གཅིག་ཏུ་བསྡུས་ཚེ་ང་ཚོའི་སེམས་བདེ་ལ་འབབ་ཐུབ་ཟེར།

ཝང་ཅིན་ཞའོ་ལ་གཞི་རིམ་དུ་བྱ་བ་སྒྲུབ་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་ཁོངས་གཏོགས་ས་ཁུལ་གྱི་གནས་ཚུལ་ཚང་མ་ཁོའི་བློ་ལ་གསལ་པོ་ངེས་ཡོད། གློ་བུར་དུ་བྱུང་བའི་ས་ཡོམ་མདུན་དུ་ཁོས་ཉེན་ཁར་མ་འཛེམས་པར་གནོད་ཐེབས་གནས་ཚུལ་གྲལ་བཤེར་གྱི་བྱ་བ་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པ་མ་ཟད། མང་ཚོགས་ཀྱི་སེམས་གསོའི་བྱ་བ་ཡག་པོ་བསྒྲུབས་ནས། “ང་ནི་ཏང་ཡོན་ཡིན་པས། ང་སྔོན་ལ་སྐྱོད་པའི”འགན་འཁྲི་འཁུར་སེམས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།

དཔའ་ཡོན་སྡོད་ཁུལ་དུ་ཁྱིམ་ཚང་སྟོང་གསུམ་དང་ཉིས་བརྒྱ་བཅོ་ལྔ་ཡོད་པ་དང་། ཐོག་ཁང་རྙིང་པ་མང་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཡང་མང་པོ་ཡོད། ཝང་ཅིན་ཞའོ་མྱུར་དུ་ཉེན་ཁ་ཆེ་ཤོས་ཀྱི་གནས་སུ་བསྐྱོད་དེ་བསྟུད་མར་ཉིན་ཁ་ཤས་ལ་ངལ་གསོ་བྱེད་ཁོམ་ཡང་མེད།

“2016ལོར་མིན་ཡོན་དུ་ས་ཡོམ་བྱུང་བ་དང་། དེའི་རྗེས་ནས་ངས་ཉམས་མྱོང་མི་ཉུང་བ་བསགས་ཡོད། ལོ་འདི་དག་གི་རིང་ལ། ང་ཚོའི་སྡོད་ཁུལ་ཏང་ཨུ་ཡིས་དུས་བཀག་ལྟར་ཡོམ་འགོག་གནོད་སེལ་གྱི་དྲིལ་བསྒྲགས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། ཡོམ་འགོག་གནོད་སེལ་གྱི་ཤེས་བྱ་ཁྱིམ་ཚང་ཚང་མར་ཁྱབ་གདལ་བཏང་ཡོད།” ཡོམ་འགོག་གནོད་སེལ་གྱི་ཤེས་བྱ་ཁྱབ་གདལ་ནུས་ལྡན་བཏང་བ་དེས་ཁོངས་གཏོགས་ཁུལ་ཧྲིལ་པོའི་ཡོམ་འགོག་གནོད་སེལ་གྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་ཕྱིན་ཡོད།

གསར་འགོད་པས་བཅར་འདྲི་བྱེད་སྐབས་རྒྱུས་ལོན་པ་ལྟར་ན། ས་ཡོམ་བྱུང་རྗེས། དཔའ་ཡོན་སྡོད་ཁུལ་གྱིས་ལམ་ལུགས་ཀྱི་ཁྱད་སྟོབས་དང་ནུས་པའི་ཁྱད་སྟོབས། ཕན་འབྲས་ཀྱི་ཁྱད་སྟོབས་བཅས་འདོན་སྤེལ་གང་ལེགས་བྱས་ནས། དྲ་མིག་གི་འགོ་བ་དང་ཚན་པའི་འགོ་བ། སྡོད་ཁུལ་གྱི་འགོ་བ། ཐོག་ཁང་གི་འགོ་བ། ཉེན་དོན་དཔོན་བཅས་སྡོད་ཁུལ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག ཚོགས་ཆུང་ཁག་བགོས་ཀྱིས་གནོད་ཐེབས་གནས་ཚུལ་གྲལ་བཤེར་བྱས་ནས་དུས་ཐོག་ཏུ་སྤྱི་ཚོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ། གནོད་ཐེབས་རྗེས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཡག་པོ་བྱ་རྒྱུ་ཁག་ཐེག་བྱས།

ཏང་སེམས་དང་དམངས་སེམས་སྦྲེལ་ཞིང་། ཏང་སེམས་ཀྱིས་དམངས་སེམས་ལ་དྲོད་སྐྱིད་སྦྱིན་ཡོད། ས་ཡོམ་བྱུང་རྗེས་ཀྱི་ཉིན་གསུམ་པ་རྒྱལ་ཟླའི་ཚེས་བརྒྱད་ཀྱི་དུས་ཆེན་ལ་ཏག་ཏག་འཁེལ་ཞིང་། སྡོད་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་དང་བླངས་པས་སྔ་མོ་ནས་རྒྱལ་ཟླའི་ཐུག་པ་ལས་མགོ་བརྩམས་པ་དང་། “བསམ་འདུན་ཆུང་ངུའི”བྱ་འགུལ་མཇུག་འགྲིལ་རྗེས་ཚ་འུར་འུར་གྱི་ཐུག་པ་དཀར་ཡོལ་དུ་བླུགས་རྗེས་དྲི་ཞིམ་གང་སར་འཐུལ་ཡོང་།

སྡོད་དམངས་མཱ་ཀྲུང་དབྱིན་གྱིས་ཐུག་པ་འཐུང་བཞིན་བཤད་རྒྱུར། “དེ་རིང་གི་ཐུག་པ་འདི་འཐུང་ན་ལུས་ལ་དྲོད་སྦྱིན་ཐུབ་པ་མ་ཟད་སེམས་ལ་ཡང་དྲོད་འཁོལ་བསྩལ་བྱུང”ཞེས་བཤད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།