ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དེ་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་འདེམས་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།
2022.01.13 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 20

  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་འདེམས་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། འདེམས་མཁན་ཚན་ཁག་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཏན་ཏིག་ངང་ཆེ་རུ་བཏང་ནས། ལས་དོན་དེ་གནས་བབ་གལ་ཆེན་སྟེང་འཇོག་པ་དང་།  རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། བཀོད་སྒྲིག་ཞིབ་ཚགས་བྱས་ནས་འཐུས་མི་འདེམས་པའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།

རྩ་འཛུགས་དང་སྐུལ་སློང་རྒྱ་ཆེར་བྱེད་དགོས། ཏང་ཡོན་རྩ་འཛུགས་བྱས་ནས་གཅིག་སྡུད་སློབ་སྦྱོང་དང་། དྲིལ་བསྒྲགས། འཐུས་མི་འདེམས་པའི་ལས་དོན་གྱི་ལག་དེབ་རྩོམ་སྒྲིག་པར་འགྲེམས་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ། རྒྱ་ཆེའི་ཏང་ཡོན་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་འདེམས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པར་སློབ་གསོ་ཁྲིད་སྟོན་དང་། འཐུས་མི་འདེམས་པའི་ལས་དོན་གྱི་སྲིད་ཇུས་གཏན་འབེབས་དང་གོ་རིམ་ཤེས་རྟོགས་དང་ཁོང་དུ་ཆུད་པ། འོས་འགན་ནན་ཏན་སྒོས་སྒྲུབ་པ།  ཧུར་ཐག་གིས་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་འཐུས་མིའི་འོས་མིའི་འོས་སྦྱོར་མིང་འདོན་ལ་ཞུགས་པ་བཅས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཞུགས་ཚད་འགན་ལེན་དང་། ལྷག་པར་དུ་སྐོར་སྐྱོད་ཏང་ཡོན་དང་། ལས་བྲལ་དང་ལས་འཁྱུར་བྱས་པའི་ཏང་ཡོན། ལོ་ན་ཆེ་ཞིང་ལུས་པོ་ཞན་པའི་ཏང་ཡོན་སོགས་ཚོགས་སྤྱིའི་དོན་དངོས་ལ་དམིགས་ཏེ། ཁ་པར་རྒྱག་པ་དང་། འཕྲིན་ཡིག་བསྐུར་ནས་འབྲེལ་གཏུག་བྱེད་པ།  ཁྱིམ་དུ་སོང་ནས་གནས་ཚུལ་བརྡ་ཁྱབ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་བསམ་འཆར་ལ་ཉན་པ་དང་ཁོ་ཚོ་འོས་སྦྱོར་མིང་འདོན་ལ་ཞུགས་པར་རྩ་འཛུགས་བྱེད་དགོས། དེ་དང་ཆབས་ཅིག ལས་རྣམ་གསར་པ་དང་ལས་ཞུགས་ཚོགས་པ་གསར་པའི་ཏང་ཡོན་རྩ་འཛུགས་དང་སྐུལ་སློང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པར་དོ་སྣང་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཚང་མ་འོས་སྦྱོར་མིང་འདོན་ལ་ཧུར་ཐག་གིས་ཞུགས་ཐུབ་པར་བྱེད་དགོས།

ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་འགག་སྒོ་སྲུང་བའི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་ནི་འཐུས་མི་འདེམས་པའི་ལས་དོན་ཡག་པོར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན།  རྩ་འཛུགས་དང་རྟོག་ཞིབ་ནན་མོ་བྱས་ནས་འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་མངོན་གསལ་དོད་པ་དང་། འཐུས་མིའི་ཐོབ་ཐང་དང་ཆ་རྐྱེན་ནན་དུ་གཏོང་བ། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་པ།  འོས་མིར་དཔྱད་ཞིབ་བྱེད་པ། མཉམ་སྡེབ་ཞིབ་འཇུག་དང་ཞིབ་དཔྱད་ནན་ཏན་བྱེད་པ། རིམ་པ་བཞིན་གདམ་གསེས་བྱེད་པ་སོགས་བྱས་ནས་འཐུས་མིའི་སྤུས་ཚད་འགན་ལེན་བྱེད་དགོས། འཐུས་མིའི་འོས་མིའི་བརྟག་དཔྱད་དཔྱད་ཡིག་དང་འཐུས་མིའི་ཐོ་འགོད་རེའུ་མིག་གི་ཆ་འཕྲིན་དང་ལྷག་པར་དུ་རྣམ་འགྱུར་གཙོ་བོའི་ཐད་རིམ་པ་བཞིན་འགག་སྒོ་སྲུང་བའི་འགན་ཁུར་ནས་དངོས་ཐོག་བདེན་འཚོལ་དང་། ནང་དོན་གནད་འཁེལ། དོན་དངོས་དང་མཐུན་པ་བཅས་བྱས་ཏེ་འུད་བསྟོད་འུད་སྒྲོག་དང་། གཅིག་དཔེ་བརྒྱ་འགེབས། གནས་ཚུལ་དངོས་དང་མི་མཐུན་པ་བཅས་ཀྱི་གནད་དོན་ཐོན་པར་སྔོན་འགོག་བྱེད་དགོས། འོས་མི་སྤྱོད་གཙང་ཡིན་མིན་གྱི་འགག་སྒོ་ཡག་པོ་བསྲུངས་ནས།  “དགོས་ངེས་བཞིའི”བླང་བྱ་དང་སྤྱོད་གཙང་བསམ་འཆར་གྱི“མིང་རྟགས་གཉིས་འགོད་པའི”གཏན་འབེབས་དོན་འཁྱོལ་ནན་ཏན་བྱེད་དགོས། མཉམ་དུ་འགག་སྒོ་སྲུང་བར་ཤུགས་སྣོན་བརྒྱབ་སྟེ། འབྲེལ་ཡོད་འགན་ནུས་སྡེ་ཁག་བར་ཆ་འཕྲིན་འབྲེལ་མཐུད་དང་ཞིབ་དཔྱད་མཐུན་སྦྱོར་གྱི་བྱ་བའི་རྐྱེན་སྲོལ་བཙུགས་ནས་འཐུས་མིའི་འོས་མིའི་སྤྱོད་གཙང་རང་གཅུན་དང་། སྒྲིག་བཀུར་ཁྲིམས་སྲུང་། ཐོབ་ཐང་གཏན་འཁེལ་སོགས་ཀྱིས་འགག་སྒོ་ནན་སྲུང་བྱེད་དགོས། འཐུས་མིའི་འོས་མིའི་གནད་དོན་ཡར་ཞུ་བྱེད་སྐབས།  དུས་ཐོག་ཏུ་བརྟག་དཔྱད་ཞིབ་བསྡུར་བྱས་ནས་མཇུག་སྡོམ་རང་བཞིན་གྱི་བསམ་འཆར་གསལ་བོར་འདོན་དགོས།  གོ་རིམ་གྱི་འགག་སྒོ་ནན་མོར་བསྲུངས་ཏེ་འོས་སྦྱོར་མིང་འདོན་དང་། རྩ་འཛུགས་ཀྱི་རྟོག་ཞིབ། འོས་མི་གཏན་འཁེལ། ཚོགས་འདུའི་འདེམས་བསྐོ་སོགས་ལྷུ་ཚིགས་དང་གོ་རིམ་སོ་སོ་ལག་བསྟར་ནན་མོ་དང་བཀོལ་སྤྱོད་ཚད་ལྡན་ཡོང་བར་བྱེད་པ་ལས། བབ་བསྟུན་སླ་བཅོས་བྱ་མི་རུང་ལ་བཟོ་ལྟ་ཤོར་བ་དང་རྣམ་པ་འགྱུར་བ་བྱ་མི་རུང་།

ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། འདེམས་བསྐོའི་སྒྲིག་ཁྲིམས་བཅས་གཟབ་ནན་དུ་གཏོང་དགོས། སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ་ནི་འཐུས་མི་བདེ་བླག་ངང་འདེམས་པའི་འགན་ལེན་གལ་ཆེན་ཞིག་ཡིན། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་པ་དང་སློབ་གསོ་སྔོན་ལ་སྤེལ་བ། ཉེན་བརྡ་སྔོན་ལ་གཏོང་བ། སྔོན་འགོག་སྔོན་ལ་བྱེད་པ་བཅས་རྒྱུན་འཁྱོངས་དང་།  སྒྲིག་ཁྲིམས་གཟབ་ནན་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་གཏན་འབེབས་སྣ་ཚོགས་དང་ལྷག་པར་དུ“གཏན་འགོག་བཅུ”ཡི་སྒྲིག་ཁྲིམས་བླང་བྱར་སློབ་སྦྱོང་དང་དྲིལ་བསྒྲགས་བཟང་བོ་བྱེད་པ། ཧུའུ་ནན་ཧེང་དབྱང་དང་། སི་ཁྲོན་ནན་ཁྲུང་། ལེའོ་ཉིན་སོགས་ས་གནས་སུ་འདེམས་ཤོག་བསླུ་ཉོ་དང་ལྐོག་རྔན་སྤྲད་ནས་འདེམས་པ་དང་འདེམས་བསྐོར་གཏོར་བརླག་བཏང་བའི་གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བའི་སློབ་གསོ་སྤེལ་བ། ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་རང་རྟོགས་ལ་ཤུགས་སྣོན་བྱེད་པར་ཁྲིད་སྟོན་བྱས་ཏེ་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ལྟ་སྐུལ་ནན་མོ་དང་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ། འདེམས་ཤོག་བསླུ་ཉོ་དང་ལྐོག་རྔན་སྤྲད་ནས་འདེམས་པ་དང་། ངོ་སོར་བལྟ་བ་དང་ལྐོག་བརྡ་གཏོང་བ། འདེམས་བསྐོའི་གནས་ཚུལ་གྱི་གསང་བ་ཕྱིར་གྱར་བ། མི་བདེན་རྫུན་སྒྲིག་སོགས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་འདེམས་བསྐོར་གཏོར་བརླག་གཏོང་བ་སོགས་ཀྱི་སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལས་འགལ་བའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་ལ། གུ་ཡངས་དེ་བས་གཏོང་མི་རུང་།  ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་བྱས་ནས་གནད་དོན་བྱུང་ཚེ་འགན་འཁྲི་བདའ་འདེད་གཏོང་དགོས་ལ། སེམས་ཐག་གཙང་བཅད་དང་བློ་ཐག་རྦད་ཆོད་ཀྱི་བྱེད་ཐབས་ལ་བརྟེན་ནས་འཐུས་མི་འདེམས་པའི་སྤྱོད་བཟང་གཞུང་དྲང་འགན་ལེན་བྱེད་དགོས།

གཏིང་ཟབ་ལ་ཞིབ་ཚགས་ཀྱི་སྒོ་ནས་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས། ཏང་ཡོན་དང་འཐུས་མི་ཚོས་ཏང་ཀྲུང་དབྱང་གི་དགོངས་དོན་གནད་ལ་འཁེལ་བའི་ངང་གོ་བ་ལེན་པར་སློབ་གསོ་ཁྲིད་སྟོན་དང་། ཏང་གི་བྱ་གཞག་དང་མི་དམངས་ཀྱི་ཁེ་ཕན་གོ་གནས་གལ་ཆེན་དུ་འཇོག་པ།  དམངས་གཙོའི་དབང་ཆ་ཡང་དག་སྤྱོད་པ། འོས་སྦྱོར་མིང་འདོན་དང་འདེམས་བསྐོའི་འབྲས་བུར་ལྟ་སྟངས་ཡང་དག་འཛིན་པ། བདམས་ཐོན་མ་བྱུང་བའི་བློ་མཐུན་ལ་ལྟ་སྟངས་ཡང་དག་འཛིན་པ་བཅས་བྱེད་པ་དང་། མིང་འདོན་བྱས་མེད་པའམ་ཡང་ན་བདམས་ཐོན་མ་བྱུང་བའི་བློ་མཐུན་ཚོས་རྩ་འཛུགས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། བློ་མཐུན་ལ་ལྟ་སྟངས་ཡང་དག་འཛིན་པ།  སེམས་ཁམས་ལ་གནོན་ཤུགས་མེད་པ། མུ་མཐུད་དུ་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་པར་སྐུལ་ལྕག་བྱེད་དགོས། དེ་དང་ཆབས་ཅིག་བརྟན་པོའི་ངང་འཐུས་མི་འདེམས་པའི་ལས་དོན་དྲིལ་བསྒྲགས་དང་། བྱེད་ཐབས་གསར་གཏོད། གསོན་ཉམས་དོད་པའི་དཔེ་མཚོན་དང་མང་ཚོགས་ཚོས་ལྟ་འདོད་པ་དང་ཉན་སྤྲོ་བའི་བྱེད་ཐབས་སྤྱོད་པ། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ་བཅས་བྱས་ནས།  བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་།  དོ་སྣང་བྱེད་ཤུགས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་མིག་སྔའི་ལས་དོན་སྣ་ཚོགས་ཡག་པོར་སྒྲུབ་པའི་སྟེང་འཇོག་པར་ཁྲིད་སྟོན་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་འདེམས་པའི་ལས་འགན་ལྗི་བ་དང་། འགན་འཁྲི་ཆེ་བ། བླང་བྱ་མཐོ་བ་བཅས་ཡིན་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་རྩ་དོན་རྒྱུན་འཁྱོངས་དང་།  འགན་འཁྲི་འཁུར་ཕོད་པ། འགན་འཁྲི་གཙང་སྒྲུབ། ནུས་པ་འདོན་སྤེལ་བཅས་བྱེད་དགོས། འདེམས་མཁན་ཚན་ཁག་སོ་སོས་ཏང་རྩ་འཛུགས་ཀྱིས་ཆེད་དོན་ལས་དོན་གྱི་སྒྲིག་གཞི་བཙུགས་ཏེ། ཏང་ལ་བློ་དཀར་སེམས་དཀར་དང་། གཞུང་དྲང་ཚུལ་མཐུན། ལས་ཀར་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་བློ་མཐུན་བདམས་ནས་ལས་དོན་འདིའི་འགན་འཁུར་དུ་འཇུག་དགོས།   ཏང་ཨུ(ལས་དོན་ཨུ་ཡོན་ལྷན་ཁང་དང་ཏང་ཙུའུ)ཡིས་འགན་འཁྲི་གཙོ་བོ་འཁུར་བ་དང་།  འགོ་ཁྲིད་གཙོ་བོས་དམ་འཛིན་བྱེད་པ།  སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་། རྩ་འཛུགས་དང་དྲིལ་བསྒྲགས་སོགས་འགན་ནུས་སྡེ་ཁག་གིས་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ།  ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་གཟབ་ནན་ཞིབ་ཚགས་ཀྱི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས་ལས་འགན་གལ་ཆེན་འདི་ལེགས་སྒྲུབ་བྱེད་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།