བྱ་སྤྱོད་དངོས་ཀྱིས་དགུན་དུས་ཨོ་གླིང་ལུས་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་དགུན་དུས་ཨོ་གླིང་ལུས་རྩལ་འགྲན་ཚོགས་ལ་ནུས་པ་ཆེན་པོ་བཏོན།
2022.01.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

2022ལོའི་པེ་ཅིན་དགུན་དུས་ཨོ་གླིང་ལུས་རྩལ་འགྲན་ཚོགས་དང2022ལོའི་པེ་ཅིན་གྱི་དབང་པོ་སྐྱོན་ཅན་གྱི་དགུན་དུས་ཨོ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་གོམ་སྟབས་ཉིན་རེ་བཞིན་ཇེ་ཉེར་འགྲོ་བཞིན་པའི་སྐབས་འདིར།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དེ་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་བརྩིས་ནས་རང་སྟོབས་ཀྱི་ལུས་སྦྱོང་བཟོ་སྐྲུན་དང་ཁམས་གསོའི་ལུས་རྩལ་གཅེས་སྐྱོང་བཟོ་སྐྲུན་ཤུགས་ཆེན་པོས་ལག་བསྟར་བྱས་པ་བརྒྱུད་ནས།  བྱ་སྤྱོད་དངོས་ལ་བརྟེན་ནས་དགུན་དུས་ཨོ་གླིང་ལུས་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་གླིང་ལུས་རྩལ་འགྲན་ཚོགས་ལ་ནུས་པ་ཆེན་པོ་བཏོན།

2021ལོར་མཚོ་སྔོན་ཞིང་ཆེན་གྱིས་ཚོགས་པ་རྩ་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་སྐབས་བཅུ་གཅིག་པའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་བརྒྱད་པའི་དམིགས་བསལ་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ཡུན་གཙོ་བོའི་རྣམ་གྲངས་ཆེ་བ14དང་རྣམ་གྲངས་ཆུང་བ67གྱི་འགྲན་བསྡུར་ལ་ཞུགས། འགྲན་རའི་ནང་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པས“འགན་འཁྲི་ཕྲག་ཏུ་འཁུར་ནས་འབད་འཐབ་བྱེད་པའི” དཔའ་ངར་ཆེན་པོས་རྒྱལ་ཡོངས་ཀྱི་ཟིན་ཐོ་ཐེངས་གསུམ་ལ་བསྐྲུན་ཞིང་ལུས་རྩལ་པ121ལ་བྱ་དགའ་ཐོབ་ནས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་དམིགས་བསལ་ཨོ་གླིང་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་བཟང་ཤོས་བླངས་ཏེ།  ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་བཅས་ཕྱོགས་གཉིས་ལ་གྲུབ་འབྲས་བཟང་པོ་ཐོབ་པ་རེད། ད་ལོ་རང་ཞིང་གིས་རང་སྟོབས་རང་སྤེལ་གྱི་ལུས་སྦྱོང་བཟོ་སྐྲུན་དང་ཁམས་གསོའི་ལུས་རྩལ་གཅེས་སྐྱོང་བཟོ་སྐྲུན་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ།  ཞིང་ཆེན་རིམ་པའི་དབང་པོ་སྐྱོན་ཅན་གྱི་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འགྲན་བསྡུར་དང་སྦྱོང་བརྡར། བྱེད་སྒོ། གསོ་སྦྱོང་། ཚན་ཞིབ། ཤེས་ལྡན་མི་སྣའི་དཔུང་ཁག་སོགས་ཀྱི་ཐད་ཚན་རིག་དང་མཐུན་པའི་འགན་ལེན་ཞབས་ཞུ་མཁོ་འདོན་བྱས་ཏེ། རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་ཁག་ཅིག་ཏུ་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་ལུས་སྦྱོང་དཔེ་སྟོན་ས་ཚིགས་སྐོར་ཞིག་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་དབང་པོ་སྐྱོན་ཅན་གྱི་ཁམས་གསོའི་ལུས་སྦྱོང་བྱ་འགུལ་སྤེལ་རྒྱུ་རེད།

དབང་པོ་སྐྱོན་ཅན་རྣམས་དམངས་ཡོངས་ཀྱི་ལུས་སྦྱོང་གི་རྣམ་གྲངས་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་འབྲོག་ཁུལ་གྱི་དབང་པོ་སྐྱོན་ཅན་ལ་བདེ་ཐང་མཉམ་འདྲེས་དང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ལུས་རྩལ་ལུས་སྦྱོང་བྱེད་སྒོ་སྤེལ་རྒྱུར་མཛུབ་ཁྲིད་བྱེད་དགོས། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་བསྡུར་དོ་དམ་དང་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་སྔར་ལས་འཐུས་ཚང་དང་ཚད་ལྡན་དུ་བཏང་སྟེ། དབང་པོ་སྐྱོན་ཅན་གྱི་ལུས་སྦྱོང་མཛུབ་ཁྲིད་པའི་དཔུང་ཁག་བརྟན་པོ་ཞིག་བཙུགས་ཏེ། ཚོགས་པ་རྩ་འཛུགས་ཀྱིས་རྒྱལ་ནང་གི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་བསྡུར་ལ་ཞུགས་ཏེ་དབང་པོ་སྐྱོན་ཅན་གྱི་བྱ་བ་སྣ་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

ཤེས་རྟོགས་བྱུང་བ་ལྟར་ན།“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་གྱི་འབྱོར་འབྲིང་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། “དབང་པོ་སྐྱོན་ཅན་གྱི་རང་འབད་ལུས་སྦྱོང་དང་ལུས་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་།  དམངས་ཡོངས་ཀྱི་ལུས་སྦྱོང་།  ལུས་རྩལ་ལུས་སྦྱོང་གི་མཛུབ་ཁྲིད་པའི་གསོ་སྦྱོང་དང་སློབ་གྲྭའི་ལུས་རྩལ། ལུས་རྩལ་སྦྱོང་བརྡར་ལྟེ་གནས་འཛུགས་སྐྲུན། ལུས་རྩལ་སྤུས་རྟགས་བསྐྲུན་པ”སོགས་ཀྱི་བཟོ་སྐྲུན་ཁག་ཅིག་ལག་ལེན་དུ་བསྟར་ནས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་ལ་མཆོང་སྐྱོད་ཆེན་པོས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་གྱིས་རྩ་འཛུགས་བྱས་ནས་བསྒྲུབས་པའི་དབང་པོ་སྐྱོན་ཅན་གྱི་མཚོ་སྐོར་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་བདུན་པ་སོགས་སྤྱི་ཕན་བྱེད་སྒོ་དེ་དག་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སུ་ཐེངས་དང་པོར་སྤེལ་བའི་དབང་བོ་སྐྱོན་ཅན་གྱི་ལྕགས་རྟའི་འགྲན་བསྡུར་ཞིག་ཡིན་པ་དང་།   དེ་མིན་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་དང་རྒྱལ་ཡོངས་ཀྱི་དམིགས་བསལ་ཨོ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་བསྡུར་ཁག་བཅུ་ལྷག་ཙམ་ལ་ཞུགས་པར་རྩ་འཛུགས་བྱས་པས།  རྒྱལ་ཡོངས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཉེར་གཅིག་དང་དངུལ་གྱི་རྟགས་མ་ཞེ་བདུན། ཟངས་ཀྱི་རྟགས་མ་ཞེ་གཅིག་བཅས་ཐོབ་པ་དང་།མཚོ་སྐོར་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དེ་རྒྱལ་ཡོངས་ཀྱི་ལམ་ལུགས་ཅན་གྱི་འགྲན་བསྡུར་ཞིག་ཏུ་གྱུར་ཡོད་ཅིང་།  རྒྱལ་ཡོངས་ཀྱི་སྐབས་བཅུ་པའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་བདུན་པའི་དམིགས་བསལ་ཨོ་གླིང་ལུས་རྩལ་འགྲན་ཚོགས་ཐོག་རྒྱལ་ཡོངས་ཀྱི་ཟིན་ཐོ་གསར་པ་ཐེངས་གསུམ་ལ་བསྐྲུན་ནས།། བུད་མེད་དབང་པོ་སྐྱོན་ཅན་གྱི་ཨོ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད།

                                                                                                    ཡིག་སྒྱུར་བ། གཡང་འབུམ་རྒྱལ།