ཉིས་སྟོང་ཉེར་གཉིས་ལོའི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གཞི་རིམ་ནས་ཡོང་བའི་ཨུ་ཡོན་དང་འཐུས་མི་རྣམས་ཀྱིས་མི་དམངས་ཀྱི་མངག་བཅོལ་ཟབ་མོ་ཡིད་ལ་བཅངས་ཏེ་གཞི་རིམ་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དོ་ཁུར་བྱེད་བཞིན་འདུག ཁོ་ཚོས་དོན་དངོས་དང་གནད་དུ་འཁེལ་བའི་དམངས་ཀྱི་སེམས་འདུན་རེ་རེ་ཡིས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་དང་མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བློ་འདོན་ཇུས་འབུལ་བྱེད་ཀྱི་འདུག
ཚོགས་ཆེན་གཉིས་ནི་ཞིང་ཆེན་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་རེད། ངས་ང་ཚོ་སུའུ་ཨར་ཅིས་སྡེ་བའི་གཏམ་བཟང་ཁྱེར་ནས་ཚོགས་ཆེན་གཉིས་ལ་ཞུགས་ཡོད། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་གུང་ཧོ་གྲོང་རྡལ་སུའུ་ཨར་ཅིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སུའུ་ཧྲིན་ཁྲིན་གྱི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། འོད་ལམ་ལམ་འཚེར་བའི་འཐུས་མིའི་དཔང་རྟགས་བྲང་ཁར་བཏགས་ནས་དེ་ལྟར་བཤད། མུ་མཐུད་དུ་ཁོས་ད་ལོ་ངས་གྲོང་གསེབ་དར་སྤེལ་བྱ་བའི་སྐོར་ལ་དོ་ཁུར་བྱེད་བཞིན་ཡོད་ཅེས་དགོད་བཞིན་དུ་བཤད། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་གྲོང་གསེབ་དར་སྤེལ་བྱ་བའི་ཚ་རླབས་ཤིག་བསླངས་པ་དང་བསྟུན་ནས། སུའུ་ཨར་ཅིས་སྡེ་བར་ལོ་གཅིག་གི་འཛུགས་སྐྲུན་བྱ་བ་བརྒྱུད་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། སྡེ་བའི་ལྗང་མདོག་ཁོར་ཡུག་སྔར་ལས་མཛེས་པར་བྱས་ནས་ཀུ་ཤུའི་སྡོང་བོ་དང་ཆང་པ་ལིའི་སྡོང་བོ།ཁམ་བུའི་སྡོང་བོ་སོགས་དཔལ་འབྱོར་འཕར་སྣོན་ལ་འབྲེལ་བ་ཡོད་པའི་སིལ་སྡོང་བཙུགས་ཡོད་པ་དང་། ཁྱིམ་ཚང་རེ་རེ་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་བཟོ་སྐྲུན་ཁྲོད་ཞུགས་ནས་ཁང་པ་རེ་རེར་དྲོད་སྲུང་རིམ་པའི་ཚད་གཞི་ཁག་ཐེག་བྱས་ཡོད་པ་དང་།ཞིག་རལ་དུ་གྱུར་བའི་སྡེ་བའི་ལམ་དུ་སྣུམ་ལམ་བཏིངས་ནས་སྡེ་བའི་འགྱུར་ལྡོག་ལ་ལེགས་བཅོས་ཆེན་པོ་ཐོབ་ཡོད།
ཚོགས་ཆེན་གཉིས་སུ་མ་ཞུགས་པའི་ཡར་སྔོན་དུ། སུའུ་ཧྲིན་ཁྲིན་གྱིས་སྡེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་བསྡུས་ནས་མང་ཚོགས་ཀྱི་བསམ་འདུན་ལ་ཉན་སྐབས། ཁང་པར་དྲོད་སྲུང་རིམ་པ་སྦྱར་བས་ད་ལྟ་ཁྱིམ་གཞི་དྲོད་སྐྱིད་ལྡན་ཞེས་སྡེ་བིའི་རྒན་མོ་ཞིག་གིས་ཏང་ལ་བཀའ་དྲིན་ཞུས་བྱུང་ཟེར། ད་ལོའི་ཚོགས་ཆེན་གཉིས་ལ་ཞུགས་དུས་སུའུ་ཧྲིན་ཁྲིན་ལ་རེ་འདུན་གསུམ་ཡོད་དེ། གཅིག་ནི་རང་བྱུང་སོལ་རླངས་སྡེ་མི་མང་པོ་ཞིག་གིས་བཀོལ་སྤྱོད་བྱེད་ཐུབ་པར་གྱུར་ནས་རྡོ་སོལ་གྱི་ཚབ་བྱེད་ཐུབ་རྒྱུ་དང་། གཉིས་ནི་སྲིད་གཞུང་གིས་སྔར་ལས་ལྷག་པའི་སྒོ་ནས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་ཐག་གཅོད་བྱེད་པའི་སྐོར་གྱི་བྱ་བར་མཐོང་ཆེན་བྱེད་རྒྱུ། གསུམ་ནས་སྔར་ལས་ལེགས་ཤིང་མགྱོགས་པའི་སྒོ་ནས་གྲོང་ཁྱེར་གྱི་མི་འཇོན་ཐང་ཅན་གྲོང་གསེབ་ལ་ཡོང་བ་དང་མི་ནུས་པ་ཅན་ཕྱིར་གྲོང་གསེབ་དུ་ལོག་པ། ཁེ་ལས་ཀྱིས་གྲོང་གསེབ་དར་རྒྱས་སུ་གཏོང་རྒྱུར་རོགས་རམ་བྱེད་རྒྱུ་བཅས་རེད།
ཟི་ལིང་གྲོང་ཁྱེར་ནས་སྐྱེས་ཤིང་འཚོ་བ་རོལ་བཞིན་པའི་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ལིས་ཧྲན་ལ་མཚོན་ན། ལོ་འདི་འགའི་རིང་གི་ཟི་ལིང་གྲོང་ཁྱེར་གྱི་ཁོར་ཡུག་ལེགས་བཅོས་སྐོར་ལ་ཚོར་བ་ཟབ་མོ་འདུག ཉེ་བའི་ལོ་འགའི་རིང་དུ་ཟི་ལིང་གྲོང་ཁྱེར་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལྷག་པར་དུ་སྡོད་ཁུལ་རྙིང་པ་རྣམས་བཅོས་བསྒྱུར་བྱས་པས་སྡོད་དམངས་རྣམས་ལ་ཕན་བདེ་ཆེན་པོ་བསྐྲུན་སོང་། ད་ལོར་ངས་འདོན་རྒྱུའི་ཇུས་གཞིའི་ནང་དོན་གཙོ་བོ་ཡང་གྲོང་ཁྱེར་གྱི་མཛེས་པའི་སྣང་བརྙན་གྱི་ཚད་གཞི་མཐོར་འདེགས་བྱེད་པར་དམིགས་ནས། སྡོད་ཁང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བྱེད་པ་དང་གྲོང་ཁྱེར་གྱི་སྡོད་ཁུལ་རྙིང་པའི་སྡོད་ཁང་བཅོས་བསྒྱུར་བྱེད་པའི་བཟོ་སྐྲུན་ལ་སྐུལ་འདེད་བྱེད་དགོས་པ་སོགས་ཀྱི་སྐོར་ཡིན་ཞེས་ཝང་ལིས་ཧྲན་གྱིས་བཤད།
ཝང་ལིས་ཧྲན་གྱིས་སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་གྱི་སྡོད་ཁུལ་རྙིང་པའི་ཁང་པ་བསྒྱུར་བཀོད་བྱེད་པར་ཡུན་རིང་གི་འཆར་འགོད་གཏན་འཁེལ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་གྲུབ་པའི་བསྒྱུར་བཀོད་བཟོ་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས་མཉམ་དུ་སྡོད་ཁུལ་གྱི་ཁང་རྙིང་བསྒྱར་བཀོད་བྱ་བ་བཟང་བོར་བསྒྲུབ་དགོས། སྡོད་དམངས་རྣམས་ཀྱི་དགོས་མཁོར་གཞིགས་ནས་གཞི་ཁྱོན་ཆེ་བ་དང་དཀའ་ཚེགས་ཆེ་བའི་མང་ཚོགས་མང་པ། སྡོད་ཁང་གི་ཆ་རྐྱེན་ཞན་པ། བདེ་འཇགས་མིན་པའི་གནས་ཚུལ་མངོན་གསལ་ཡིན་པ། མང་ཚོགས་ལ་ཁ་ཚ་དགོས་གཏུག་གི་རེ་བ་ཆེ་བ་བཅས་ཀྱི་ཉེན་ཁ་ཆེ་བའི་ཁང་རྙིང་གི་རིགས་སྔོན་ལ་བཀོད་སྒྲིག་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཆེན་གཉིས་ཀྱི་སྟེང་དུ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སྔོ་ཚོད་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲུའུ་ཨན་ཞང་གིས་ཧུའུ་ཀྲུའུ་མི་དམངས་ཀྱི་རེ་འདུན་ཁྱེར་ནས་ཡོང་ཡོད།
ཀྲུའུ་ཨན་ཞང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ཧུའུ་ཀྲུའུ་རྫོང་དེ་པུའུ་དང་ཞིང་ཆེན་གྱི་ཐུན་མོང་འཛུགས་སྐྲུན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུག་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་འདྲེས་པར་བྱས་ཏེ། རང་བྱུང་ཁོར་ཡུག་གི་ཁྱད་སྟོབས་བཟང་བོའི་འཕེལ་རྒྱས་ཀྱི་རྨང་གཞི་ལ་བརྟེན་ནས། “རྒྱལ་ཁབ་རིམ་པ་གཉིས” ཀྱི་ཞིང་ལས་དཔེ་སྟོན་གླིང་ཁུལ་ལ་སྣེ་ཁྲིད་དེ་ལྗང་མདོག་སྐྱེ་ཁམས་འཁོར་སྐྱོད་ཀྱི་ཞིང་ཕྱུགས་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། ཞིང་ཕྱུགས་ལས་རིམ་འཕར་གྱི་ཕན་འབྲས་དང་རོང་འབྲོག་པའི་རྒྱུན་མཐུད་འཕར་སྣོན་གྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ནས། བདེ་བླག་ངང་རྒྱལ་ཡོངས་ཀྱི་སྐོར་དང་པོའི་ཞིང་ལས་དེང་རབས་ཅན་དཔེ་སྟོན་ས་ཁུལ་གསར་སྐྲུན་བྱེད་པའི་མིང་བྱང་ཁྲོད་ཚུད།
མིག་སྔར། ཧུའུ་ཀྲུའུ་རྫོང་དུ་ལོག་དཀར་དང་ཞོག་ཁོག གྲོ་སོགས་ཁྱད་ལྡན་འདེབས་འཛུགས་རྟེན་གཞི་ས་མུའུ་འབུམ་གཉིས་དང་སིལ་ཏོག་དང་སྔོ་ཚོད་ཐོན་སྐྱེད་རྟེན་གཞི་ང་བཞི་ཡོད། ཉིས་སྟོང་ཉེར་གཅིག་ལོར་ལོག་དཀར་གྱི་སྤྱིའི་ཐོན་ཚད་དེ་ཏུན་འབུམ་ལྔ་དང་ཁྲི་བརྒྱད་ལ་བུད་པ་དང་ཞོག་ཁོག་གི་སྤྱིའི་ཐོན་ཚད་ཏུན་འབུམ་ལྔ་དང་ཁྲི་དྲུག སྔོ་ཚོད་ཀྱི་ཐོན་ཚད་དེ་ཏུན་ས་ཡ་གཅིག་དང་འབུམ་དྲུག་ཁྲི་བརྒྱད་ལ་བསླེབས་ཡོད་ཟེར།
ཚོགས་ཆེན་གྱི་སྟེང་དུ་ཀྲུའུ་ཨན་ཞང་གིས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་བྱས་ནས། ལག་རྩལ་གསར་བར་ཞིབ་འཇུག་དང་ཁྱད་ལྡན་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་དང་ལས་སྣོན། གསོག་འཇོག་སོགས་སྒྲིག་ཆས་བཀོད་སྒྲིག་ཕྱོགས་ཡོངས་ནས་ཁྱབ་བདལ་དུ་གཏོང་བའི་ཐད་ལ་སྲིད་ཇུས་དང་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཧུའུ་ཀྲུའུ་རྫོང་དེ་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་ཚོད་ལྟའི་རྫོང་དུ་འཛུགས་སྐྲུན་བྱེད་པའི་སྐོར་ནས་ཇུས་གཞི་བཏོན།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མགོན་པོ་ཚེ་བརྟན་གྱིས་བཤད་རྒྱུར། ངས་གཟབ་ནན་གྱི་བྱ་བའི་རྣམ་འགྱུར་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་དེ་ཁྲིམས་ལྟར་ལག་བསྟར་བྱས་ནས་དགེ་མཚན་ལྡན་པའི་བློ་འདོན་ཇུས་འབུལ་བྱས་པ་ཡིན་ཟེར།
རྒྱལ་ཁབ་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དར་རྒྱས་དང་འབྲེལ་བ་ཡོད་པ་ཙམ་དུ་མ་ཟད། ད་དུང་སྤྱི་མང་རེ་རེའི་གཞི་རྩའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་སྟེ། དཔལ་འབྱོར་བདེ་འཇགས་དང་ཆ་འཕྲིན་བདེ་འཇགས། ཚན་རྩལ་བདེ་འཇགས། ཐོན་ཁུངས་བདེ་འཇགས། སྐྱེ་དངོས་བདེ་འཇགས་སོགས་ཚང་མ་འདུ། ལྷག་པར་དུ་ས་ཡོམ་དང་ཆུ་ལོག་སོགས་གནོད་སྐྱོན་དེ་དག་གིས་ང་ལ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ཐད་དོ་ཁུར་བྱེད་པའི་འདུ་ཤེས་སྐྱེད་སྲིང་དང་མཐོར་འདེགས་སུ་གཏོང་དགོས་པའི་ངེས་ཤེས་ཆེན་པོ་བསྐྱེད་སོང་ཟེར།
མགོན་པོ་ཚེ་བརྟན་གྱིས་བཤད་རྒྱུར། མི་མང་པོ་ཞིག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དེ་རྒྱལ་ཁབ་དེར་ཕྱི་ཕྱོགས་ཀྱི་འཇིགས་སྐུལ་ཐེབས་ཀྱི་ཡོད་མེད་ཁོ་ན་ཙམ་གྱི་དོན་སླ་མོ་ཞིག་ལ་འདོད་ཀྱི་འདུག དེ་ནི་རྒྱལ་ཁབ་ཀྱི་སྤྱི་ཕྱོགས་བདེ་འཇགས་ལྟ་བ་དེ་འདྲ་གཏིང་ཟབ་ཞིག་མ་རེད། མིག་སྔར་གྱི་གནོད་འཚེ་མང་མང་པོ་ཞིག་གིས་ང་ཚོའི་སྲིད་འཛིན་ནུས་པ་དང་འཕྲལ་སྒྲུབ་ནུས་པར་བླང་བྱ་སྔར་ལས་མཐོན་པོ་བཏོན་ཡོད། མིག་སྔར་གྱི་འགྲན་རྩོད་དེ་དག་གིས་རྒྱལ་ཁབ་ཀྱི་སྤྱི་ཕྱོགས་བདེ་འཇགས་ལྟ་བ་དེ་ང་ཚོ་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱི་བསླབ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར།
ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་མང་ཚོགས་ལམ་གྱི་དོན་གཅོད་ཁང་གི་ཏང་འཛུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལུའུ་ཧོང་ཡུན་གྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཞིག་ཏུ་བདམས་པ་ནི་མོའི་མི་ཚེ་གང་བོའི་གཟི་བརྗིད་ཡིན་ཟེར།
ལུའུ་ཧོང་ཡུན་གྱིས་བཤད་རྒྱུར། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་བཞིན་པ་ནི་རང་ཉིད་ཀྱི་འཚོ་བ་དང་ཡོང་སྒོ་རེད། ཁོ་མོ་ནི་དམངས་ཆེན་གྱི་འཐུསས་མི་ཞིག་ཡིན་པས། ན་ནིང་ཁོ་མོས་དོ་ཁུར་བྱེད་ཡུལ་གཙོ་བོ་དེ་ངས་མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུ་ཞེས་པའི་སྐོར་ཡིན་ཞིང་། ད་ལོ་སྔར་བཞིན་དོ་ཁུར་བྱེད་བཞིན་པ་དེ་ཡང་ངས་མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུ་ཞེས་པའི་སྐོར་རེད།
ཚོགས་ཆེན་གཉིས་ཀྱི་སྐབས་སུ་ལུའུ་ཧོང་ཡུན་གྱིས་ཏང་འཛུགས་སྐྲུན་བྱ་བ་དམ་འཛིན་བྱས་ནས། མང་ཚོགས་ཀྱི་དོན་དག་ཆེ་མ་ཆུང་གསུམ་ཚང་མ་ཐག་གཅོད་ལེགས་པོ་བྱེད་པ་དང་ཏང་ཡོན་སྔར་ལས་མང་པོ་ཞིག་གཞིས་ཁུལ་བཅོས་སྐྱོང་བྱེད་པའི་བྱ་བའི་ཁྲོད་ཞུགས་དགོས་ཚུལ་སྐོར་ཚང་མར་མཉམ་སྤྱོད་བྱས།
དམངས་གཉེར་ཁེ་ལས་པ་ཡིན་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཏུང་ཐའོ་ཡིས་ན་གཞོན་ཁེ་ལས་པ་མང་པོ་ཞིག་སྐྱེད་སྲིང་བྱེད་པའི་སྐོར་ལ་དོ་ཁུར་བྱེད་ཀྱི་འདུག
དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་ན་གཞོན་དཔལ་འབྱོར་མི་སྣ་མང་པོ་ཞིག་ལོ་རྒྱུས་ཀྱི་གར་སྟེག་སུ་བུད་ནས། ཁེ་ལས་གསར་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་དུས་རབས་ཀྱི་ལས་འགན་ལྕི་མོ་དེ་ཕྲག་ཏུ་ཁུར་ཡོད་པ་དང་། ཁོ་ཚོས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣ་དང་ལྷག་པར་དུ་ན་གཞོན་ཁེ་ལས་པ་སྐོར་ཞིག་ལ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ཟེར།
ཀྲང་ཏུང་ཐའོ་ཡིས་མ་འོངས་པར་ན་གཞོན་ཁེ་ལས་པ་སྐྱེད་སྲིང་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་སྤྱིའི་འཆར་འགོད་ནང་བཞག་སྟེ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་ན་གཞོན་དཔལ་འབྱོར་མི་སྣའི་བསམ་བློ་དང་སློབ་གསོའི་གསོ་སྦྱོང་གི་བར་དུ་སློབ་སྦྱོང་གི་སྟེགས་བུ་ཡག་པོ་ཞིག་བསྐྲུན་ནས། ཅི་ཞིག་ཆད་པ་ལ་ཅི་ཞིག་ཁ་གསབ་བྱེད་པའི་རྩ་དོན་ལྟར། གསོ་སྦྱོང་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རིམ་གྱིས་ན་གཞོན་སྐོར་གྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཐུས་མི་མི་སྣར་འཚམ་པའི་གསོ་སྦྱོང་གི་རྣམ་པ་ཞིག་གྲུབ་པར་བྱེད་དགོས་པའི་བསམ་འཆར་བཏོན།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།