ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བསྐྲུན་དགོས།
2022.01.24 ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། ཀློག་གྲངས། 14

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས། དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་ཕྱོགས་སྡོམ་ཟབ་མོ་གནང་བར་མ་ཟད། དུས་ཡུན་རིང་པོར་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་དང་། དུས་ཡུན་རིང་པོར་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྙིང་བསྡུས་གནད་འཁེལ་གནང་སྟེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་ཆེད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་བརྗོད་དོན་རྒྱ་ཆེ་བ་དང་། གཟིགས་རྒྱང་རིང་བ། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་ལ། ཆབ་སྲིད་ཀྱི་རང་བཞིན་དང་།  གཞུང་ལུགས་ཀྱི་རང་བཞིན། མཛུབ་སྟོན་གྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། དེ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་ལ་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་དང་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་ཕྱོགས་སྟོན་ཞིག་ཡིན།

ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི་ལོ་བཅུ་བ་ཡིན། ལོ་བཅུའི་དཀའ་སྤྱད་འབད་འཐབ་ཁྲོད།   “ཉམས་སད་ཆེན་པོ་བཞི”ཉིན་བཞིན་ཛ་དྲག་ཆེ་རུ་འགྲོ་བ་དང“ཉེན་ཁ་རིགས་བཞི”སྔར་ལས་རྣོ་ངར་ཆེ་རུ་འགྲོ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཕྱོགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་བཞག་སྟེ། སྔ་ན་མེད་པའི་བློ་སྟོབས་དང་ངེས་ཤུགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ།  རང་ངོས་གསར་བརྗེའི“ཐབས་མང་མཉམ་སྤྱོད”ཀྱི་དམག་འཐབ་ཅིག་བརྒྱབ་ཡོད། ཏང་གིས་ནམ་ཡང་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་གཟབ་ནན་གྱི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་དང་། “འགག་རྩའི་ཉུང་ཤས”དམིགས་སུ་བཀར་ནས་དམ་འཛིན།  འགན་འཁྲི་གཙོ་བོ་དང་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བྱེད་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་ཏང་འཛུགས་སྐྲུན་གྱི་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་འཆར་མང་བའི་སྤྱོད་ཚུལ་གྱི་གནད་དོན་ནས་དམ་འཛིན་བྱེད་པ། བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་དང་ལམ་ལུགས་ཐོག་ནས་ཏང་བཅོས་སྐྱོང་ལ་ནུས་ཤུགས་འདོན་པ་རྒྱུན་འཁྱོངས། སྒྲིག་ཁྲིམས་བཅའ་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་འབྲེལ་མཐུད་རྒྱུན་འཁྱོངས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟག་ཏུ་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་བའི་གནད་དོན་གླེང་གི་ཡོད། དེ་ནི་ཏང་གི་རླབས་ཆེན་བྱ་གཞག་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་པར་མ་ཟད། ཏང་འཆི་གསོན་ཆགས་འཇིག་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དར་རྒུད་རྒྱལ་ཕམ་དང་ཡང་འབྲེལ་བ་ཡོད། ལོ་ངོ་བརྒྱའི་རིང་ཏང་ཕྱི་ནས་མི་དམངས་དམངས་གཙོ་འཕེལ་རྒྱས་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་བརྟེན་པ་དང་། ནང་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་བརྟེན་ནས་བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་དང་། བློ་རྩེ་ནང་ལ་བསྐོར་བ་དང་རུས་འབྲད་དུག་སེལ་བྱེད་ཕོད་པར་བྱས་ཏེ་ཏང་ཉམས་པ་མེད་པར་ཡུན་རིང་གནས་པ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་འགན་ལེན་བྱས་ཡོད།

ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་རླབས་ཆེན་ལག་ལེན་ཞིག་ཡིན་ཞིང་།  དེ་ལ་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་མ་ཟད། ཁྱོན་ཡོངས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་བའི་གྲུབ་འབྲས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཀྱང་བྱས་ཡོད། ང་ཚོས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་རྒྱུན་ཆད་མེད་པར་གཙང་སེལ་དང་ཏང་ལ་གནོད་པའི་གནད་དོན་མཐའ་དག་རྒྱུན་ཆད་མེད་པར་གཙང་སེལ་བྱས་ཚེ། ཏང་གི་ངོ་བོ་མི་འགྱུར་བ་དང་།  རང་གཤིས་མི་འགྱུར་བར་འགན་ལེན་བྱེད་ཐུབ་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་འགན་ལེན་བྱེད་ཐུབ་ངེས་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད།

རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་འདི་ཉིད་སྲིད་ཏང་གཞན་དག་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་ཞིག་ཡིན་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེས་ལོ་བརྒྱའི་ཏང་ཆེན་པོས་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བསྐྲུན་ཡོད་པ་མཚོན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི་ལག་ལེན་ལས་ང་ཚོར། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་ངོས་གསར་བརྗེའི་རྩ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་སྲུང་བ་དང་། ངེས་པར་དུ་བསམ་བློ་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་པ་དེ་ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྲུན་ལ་བརྩིས་ནས་རང་ངོས་གསར་བརྗེར་ཞུན་བརྡར་བྱེད་པའི་རྣོ་ངར་ལྡན་པའི་བསམ་བློའི་མཚོན་ཆར་བྱེད་པ། ངེས་པར་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ། སྤྱོད་ཚུལ་བཅོས་སྒྲིག་བྱས་ཏེ་རང་ངོས་གསར་བརྗེའི་ཐབས་ལམ་ནུས་ལྡན་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ངེས་པར་དུ་ཟིལ་ཤུགས་རྒྱུན་འཁྱོངས་དང་རུལ་རྒོལ་ངན་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་རང་ངོས་གསར་བརྗེའི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཡག་པོ་རྒྱག་པ། ངེས་པར་དུ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་། རྩ་འཛུགས་ཀྱི་ནུས་པ། གོང་བུར་འགྲིལ་ཤུགས་བཅས་ཆེ་རུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་འཐབ་རྩོད་བྱེད་ཕོད་པ་དང་། བྱེད་མཁས་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་སྐྲུན་པ། ངེས་པར་དུ་རང་ངོས་སྤྱོད་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ཀྱི་ལམ་ལུགས་ཚད་ལྡན་མ་ལག་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  རླབས་ཆེན་གྱི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཆེད་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས་པ་བསྟན་ཡོད།

ཀྲུང་གོའི་ལས་དོན་ལེགས་པོར་སྒྲུབ་པའི་འགག་རྩ་དེ་ཏང་ལ་རག་ལས་ཡོད་ལ། འགག་རྩ་དེ་ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ཡང་རག་ལས་ཡོད།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “འདུ་ཤེས་བཞི” ཇེ་དྲག་ཏུ་གཏོང་བ་དང་། “ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས་རང་ངོས་གསར་བརྗེའི་སྙིང་སྟོབས་ནམ་ཡང་གནས་པར་བྱེད་པ་དང་།  ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་ཚར་དུས་མེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ། རླབས་ཆེན་གྱི་རང་ངོས་གསར་བརྗེར་བརྟེན་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ཧུར་ཐག་གིས་ལེན་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།