མཐོ་སྒང་དུ་ལོ་ངོ་བཅུ་གསུམ་རིང་ལ“སྔོ་ལྗང་”སྲུང་།
2022.02.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

སངས་རྒྱས་རྒྱལ་གྱིས་སྡོང་རྐང་ལ་འཁྱགས་སྐྱོན་དང་འབུས་ཟོས་ཡོད་མེད་ལ་ལྟ་བཞིན་པ།

དགུན་ཁའི་ནམ་ཟླ་སྐམ་ཤས་ཆེ་བས། ནགས་སྲུང་མེ་འགོག་གི་གནད་འགག་གི་དུས་སྐབས་ཤིག་རེད། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ལོ་བ་ནགས་རའི་ནགས་ཚལ་དོ་དམ་སྲུང་སྐྱོབ་ས་ཚིགས་སུ། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མཁན་སངས་རྒྱས་རྒྱལ་སྔར་ལས་བྲེལ་བ་ཆེ་བར་འདུག

ལོ་ན་བཞི་བཅུ་ལ་སོན་པའི་སངས་རྒྱས་རྒྱལ་ལོ་ན་གཞོན་པའི་དུས་སུ་ལག་གཡས་པ་གཡུལ་གཅོག་འཕྲུལ་ཆས་ཀྱིས་བཅད་པ་དང་། ད་ལྟ་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་གནས་སྐབས་ཀྱི་ལས་བྱེད་མི་སྣ་ཞིག་ཏུ་གྱུར་ཅིང་། ནགས་ར་ནས་ནགས་ཚལ་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་སྒྲུབ་ཏེ་ལོ་ངོ་བཅུ་གསུམ་འགོར་ཡོད།

ལོ་བ་ནགས་རའི་མངག་འོག་ཏུ་ནགས་སྲུང་རུ་ཁག་གཅིག་དང་དོ་དམ་སྲུང་སྐྱོབ་ས་ཚིགས་བཅུ་ཡོད་པ་དང་། སྡོང་ཕྲུག་ར་བ་གཅིག་ཡོད་པ་དང་། ནགས་ཚལ་དོ་དམ་སྲུང་སྐྱོབ་ས་ཚིགས་ལ་ས་མུའུ་ཁྲི་གཅིག་དང་སྟོང་བདུན་ལྷག་ཡོད་པ་དང་། མང་ཆེ་བ་གསོམ་སྡོང་ཡིན། དེའི་ནང་། སངས་རྒྱས་རྒྱལ་གྱིས་དོ་དམ་ལྟ་སྲུང་བྱེད་པའི་ས་མུའུ་སྟོང་གཉིས་ལྷག་ཡོད་པ་དང་། སྐོར་བསྐྱོད་བྱེད་སའི་ནགས་ཚལ་རི་སོ་སོའི་རི་མགོར་ཡོད་པ་དང་། ཐེངས་གཅིག་ལ་སྐོར་བསྐྱོད་བྱེད་ན་སྤྱི་ལེ་དྲུག་ཙམ་ལ་བསྐྱོད་དགོས་པ་རེད།

སངས་རྒྱས་རྒྱལ་གྱིས་ལག་འཁྱེར་ཁ་པར་ནང་རང་ཉིད་ཀྱིས་ནགས་རར་ལྟ་སྲུང་བྱེད་པའི་བྱ་བ་ཟིན་ཐོར་འགོད་བཞིན་པ།

ཉིན་རེ་རེར་ལས་གྲོགས་ཚོ་དང་མཉམ་དུ་ཆེས་མ་མཐའ་ཡང་ཐེངས་གཉིས་ལ་སྐོར་བསྐྱོད་བྱེད་དུ་འགྲོ་དགོས་པ་དང་། སྔོན་ཆད་དོ་དམ་སྲུང་སྐྱོབ་ས་ཚིགས་ནས་ནགས་ཚལ་ཡོད་ས་བར་དུ་རྐང་ཐང་ལ་འགྲོ་དགོས་ཤིང་། སྔ་མོ་ནམ་མ་ལངས་གོང་ནས་འགྲོ་དགོས། ད་ལྟ། ཐེངས་རེ་རེར་སྐོར་བསྐྱོད་བྱེད་ན་འཕྲུལ་རྟར་ཞོན་པའི་ལས་གྲོགས་ཚོ་དང་མཉམ་དུ་འགྲོ་ཆོག་པས། སྟབས་ཤིན་ཏུ་བདེ། སངས་རྒྱས་རྒྱལ་གྱིས་ཀྱག་ཀྱོག་གི་ལམ་ཕྲན་ཞིག་དེད་དེ་ནགས་ཚལ་ཟབ་སར་བསྐྱོད། སྐོར་བསྐྱོད་བྱེད་པའི་སྐབས་སུ། སྡོང་རྐང་ཞིག་གི་སྡོང་ཤུན་གས་ཡོད་པ་མཐོང་བ་དང་། སངས་རྒྱས་རྒྱལ་མྱུར་མོར་སྔོན་ལ་སོང་ནས་འཁྱགས་སྐྱོན་དང་འབུས་ཟས་ཡོད་མེད་སོགས་ལ་བརྟག་དཔྱད་བྱས།

དོ་དམ་སྲུང་སྐྱོབ་བྱ་བ་དེ་ནགས་ར་ནས་ཆེས་སྟབས་བདེའི་སྒོ་ནས་ཤུན་པགས་ཀྱི་སྐྱེ་འཕེལ་རྣམ་པར་ལྟ་ཞིབ་བྱེད་པ་ཙམ་མ་ཡིན་པར་ད་དུང་ཕྱི་རོལ་དུ་ཁྲིམས་དང་འགལ་ནས་མེ་བསྒྲོན་གྱིན་ཡོད་མེད་ལ་ལྟ་རྟོག་དང་། དྲིལ་སྒྲོག་བྱང་བུ་སོགས་སྒྲིག་ཆས་ལ་གཏོར་བརླག་བཏང་ཡོད་མེད། ཕྱུགས་ཟོག་ནགས་རའི་ནང་དུ་ཡོད་མེད་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་དགོས།

ན་ནིང་། ནགས་རའི་ནང་སྤྱི་ཕན་ནགས་སྐྲུན་གྱི་ནགས་ས་མུའུ་སྟོང་གཅིག་ཡོད་ཀྱང་། ཉེ་འགྲམ་དུ་འབྲོག་པས་ཕྱུགས་འཚོ་བཞིན་ཡོད་པས། མཚམས་ངེས་མེད་དུ་ནོར་ལུག་རྣམས་ནགས་རའི་ནང་འཛུལ་བཞིན་ཡོད། སྡོང་ཕྲུག་ལ་སྲུང་སྐྱོབ་བྱ་ཆེད། ནགས་རར་ཆེད་དུ་ལྕགས་རྭ་བསྐོར་ཡོད། སྲུང་སྐྱོབ་བྱས་པ་བརྒྱུད། ནགས་རའི་ནང་གི་སྡོང་ཕྲུག་རྣམས་སྐྱེས་པ་ཅུང་བཟང་། སངས་རྒྱས་རྒྱལ་གྱི་བཤད་རྒྱུར། ད་ལྟ་ལྕགས་རྭར་རྟག་དཔྱད་དང་ཞིག་གསོ་བྱེད་པ་དེ་སྐོར་བསྐྱོད་སྲུང་སྐྱོབ་ཀྱི་བྱ་བ་ཞིག་ཏུ་གྱུར་ཡོད་ཟེར།

དེ་ལས་གཞན། དགུན་ཁའི་དུས་སུ། སངས་རྒྱས་རྒྱལ་གྱི་སྐོར་བསྐྱོད་གྲངས་ཀ་འོས་འཚམ་གྱིས་ཇེ་མང་དུ་བཏང་། བོད་རིགས་མང་ཚོགས་ལ་བསང་ཕུད་པའི་གོམས་སྲོལ་ཡོད་པ་དང་། བསང་ཕུད་ས་རི་མགོར་ཡོད་པ་དང་། ནགས་ར་དང་ཐག་ཅུང་རིང་ཡང་། མཚན་གང་བོར་སྲུང་དགོས། མཆོད་མེ་འདྲེན་ཚར་རྗེས་ད་གཟོད་ཁོ་རང་ཡུལ་ལ་ལོག་བཞིན་ཡོད། སངས་རྒྱས་རྒྱལ་གྱིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། ལོ་ཞིག་གི་དཔྱིད་གསར་དུས་ཆེན་སྐབས་སུ། དོ་དམ་སྲུང་སྐྱོབ་ས་ཚིགས་ནས་ལས་རེས་བྱས་པ་དང་། རྒྱང་ཤེལ་ལས་ནགས་རར་ལྟ་རྟོག་བྱེད་སྐབས། བསང་ཕུད་ས་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་པ་མཐོང་། ལས་གྲོགས་ཚང་མ་མེད་པ་དང་། ངས་ཡང་རང་ཉིད་གཅིག་པུས་འཕྲུལ་རྟ་བསྐོར་ནས་འགྲོ་མི་ཐུབ་པས། མེ་གསོད་འཕྲུལ་ཆས་བཟུང་ནས་རི་མགོར་རྒྱུགས། དེ་ནི་བསང་ཕུད་པའི་མེ་སྟག་མཆེད་དེ་ཉེ་འགྲམ་གྱི་རྩྭ་མེར་སྦར་བ་དང་། དུས་ལྟར་མེ་གསོད་ཐུབ་པ་བྱུང་།

ཉེ་བའི་ལོ་འགའི་རིང་ལ། ཆེས་ཆེ་བའི་འགྱུར་ལྡོག་ནི་རི་མགོ་མངོན་གསལ་གྱིས་ལྗང་མདོག་དུ་གྱུར་བ་དང་། སྡེ་མི་རྣམས་ཀྱིས་ནགས་རྩྭའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་མེ་འགོག་འདུ་ཤེས་མུ་མཐུད་དུ་ཇེ་མཐོར་སོང་བས། ནགས་ར་རུ་ད་བར་དུ་མེ་སྐྱོན་ཅི་ཡང་བྱུང་མ་མྱོང་། སངས་རྒྱས་རྒྱལ་གྱིས་ལག་འཁྱེར་ཁ་པར་ནང་བླངས་པའི་པར་ལ་ལྟ་བཞིན་བཤད་རྒྱུར། ཉིན་འགའི་སྔོན་ལ། སྐོར་བསྐྱོད་བྱེད་པའི་སྐབས་སུ། ཤྭ་བ་ཁྲ་ཁྲ་སུམ་ཅུ་པར་བླངས་པ་དང་། སྔོན་ཏག་ཏག་ལ་ལས་ཚོགས་སུ་ཡོང་སྐབས་ལམ་བར་ནས་ཤྭ་བ་ཁྲ་ཁྲ་གཉིས་གསུམ་ཞིག་མཐོང་། ད་ལྟ་ནགས་ཚལ་གྱི་ཟབ་སར་སོང་ན་དུས་རྒྱུན་ཕག་རྒོད་སོགས་རི་སྐྱེས་སྲོག་ཆགས་གཞན་པའང་མཐོང་ཐུབ་ཟེར།

སངས་རྒྱས་རྒྱལ་གྱིས་སྐོར་བསྐྱོད་བྱས་པའི་གནས་ཚུལ་ཟིན་ཐོར་འགོད་བཞིན་པ།

དྲོས་ཇའི་དུས་ཚོད་ལ་ཐོན་ལ་ཉེ་བ་དང་། སྔ་དྲོའི་སྐོར་བསྐྱོད་བྱ་བ་མཇུག་སྒྲིལ། སངས་རྒྱས་རྒྱལ་གྱིས་ཟིན་བྲིས་ཤིག་བླངས་ནས་གནས་ཚུལ་ཟིན་ཐོར་བཀོད། དྲོས་ཇ་སྟབས་བདེ་ཞིག་འཐུང་རྗེས། སངས་རྒྱས་རྒྱལ་གྱིས་ཕྱི་དྲོར་སྐོར་བསྐྱོད་བྱེད་པའི་བྱ་བའི་མགོ་བརྩམས།

དང་ཐོག་བྱ་བ་ཞིག་རེག་པའི་ཆེད་ཡིན་པ་དང་། ཡིན་ཡང་ལོ་ངོ་བཅུ་ཕྲག་ལྷག་ལ་བྱ་བ་སྒྲུབ་པའི་རིང་། སྡོང་རྐང་རེ་རེ་བཞིན་སྐྱེས་ཏེ། ས་སྟོང་རྣམས་ལྗང་མདོག་ཏུ་གྱུར་བ་མཐོང་བ་ན། ནགས་ར་དེར་བརྩེ་བ་ཟབ་མོ་ཞིག་ཆགས། སངས་རྒྱས་རྒྱལ་གྱིས་བཤད་རྒྱུར། ད་ལོར་ས་ཚིགས་སུ་གཞུང་སྒྲུབ་ཉལ་ཁང་ཞིག་ཀྱང་ལས་པ་དང་། ཁང་བའི་ནང་གཙང་སྦྲ་བྱས་རྗེས། ལས་རེས་སྐབས་སུ་དེའི་ནང་བསྡད་ན་དྲོན་པོ་ཞིག་རེད་ཟེར།

སངས་རྒྱས་རྒྱལ་དང་འདྲ་བར། གཅན་ཚ་རྫོང་དུ་དོ་དམ་ལྟ་སྲུང་བའི་འགན་གཅིག་ལྕོགས་སུ་འཁུར་བའི་དཔང་ཡིག་བཟུང་ནས་ལས་ཀར་ཞུགས་པའི་མི་སྟོང་གཅིག་དང་བརྒྱད་བརྒྱ་དྲུག་ཅུ་ལྷག་ཡོད།

མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཁུངས་ཡིན་པ་དང་། ཀྲུང་གོའི་འབྲོག་ཁུལ་ཆེན་མོ་ལྔའི་གྲས་ཀྱི་གཅིག་ཡང་རེད། སྐྱེ་ཁམས་སྲུང་སྐྱོབ་མཁན་ཞིག་པའི་ཆ་ནས། སྐྱེ་ཁམས་ལ་དོ་དམ་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་འགན་འཁུར་ཡིན་ཞེས་གཅན་ཚ་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི།ཅུའུ་ཀྲང་ཏུང་ཧྲིག་ཧྲན་གྱིས་དེ་ལྟར་བཤད། མིག་སྔར་གཅན་ཚ་རྫོང་དུ་རྫོང་དང་། ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་ནགས་རྩྭའི་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་ཤིག་བཙུགས་ཏེ། “ནགས་དང་རྩྭ་སར”དོ་དམ་བྱེད་མཁན་ཡོད་པ་དང་། དོ་དམ་གནད་ལ་འཁེལ་བ་ཡོང་ཐུབ་པར་བྱས་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།