གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་སྟེང་བསྐྱོད་པའི་འབྲོག་པ།
2022.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཁ་བ་ཆེན་པོ་ཞིག་བབས་རྗེས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་དར་དཀར་གྱིས་གཡོག་པ་དང་འདྲ། རྩྭ་ཐང་དང་ལམ་ངོས། ཁང་སྟེང་བཅས་ཚང་མར་ཁ་བ་མཐུག་པོ་ཞིག་ཆགས་ཡོད་པ་དང་། གནམ་གཤིས་སྐམ་ཤས་ཆེ་བའི་གཙང་པོའི་ཆུ་འགོའི་ས་གཞི་ཆེན་མོར་དཔྱིད་ཀྱི་དྲོད་འཁོལ་བསྩལ་ཡོང་།

དར་རྒྱས་ནི་འབྲི་སྟོད་རྫོང་འབྲི་ཆུ་ཡུལ་ཚོ་རྒྱང་ཆེན་སྡེ་བའི་འབྲོག་པ་ཞིག་ཡིན་པ་དང་།  ཞོགས་པའི་སྔ་མོ་ནས་ཁོས་རང་ཁྱིམ་གྱི་ཕྱུགས་རའི་ཕྱུགས་ཟོག་དང་གཟན་ཆས་སོགས་ལ་ལྟ་ཞིབ་བྱེད་པར་བསྐྱོད།

“ན་ནིང་འབྲི་ཆུའི་ཕྱུགས་རར་མནའ་འབྲེལ་བྱས་པ་ནས་བཟུང་། ངས་སྔོན་ཐོན་གྱི་ཕྱུགས་འཚོའི་ལག་རྩལ་དང་ཐབས་ཤེས་མང་པོ་སྦྱངས་པ་ཡིན། ད་ལྟ་ང་རང་ཡང་ཚད་དང་མཐུན་པའི་རྣམ་པ་གསར་པའི་ཕྱུགས་ལས་གཉེར་མཁན་དུ་བརྩིས་ཆོག”ཅེས་དར་རྒྱས་ཀྱིས་དགའ་སྤྲོའི་ངང་དེ་ལྟར་བཤད།

འབྲི་ཆུའི་ཕྱུགས་རའི་མནའ་འབྲེལ་ནི་འབྲི་སྟོད་རྫོང་གི་ལས་སྐྲུན་ན་གཞོན་བསོད་བྷ་དང་ཁོའི་ཚོགས་པས་མཉམ་འབྲེལ་སྒོས་གཉེར་བའི་དུས་རབས་གསར་པའི་སྐྱེ་ཁམས་ཕྱུགས་རའི་མནའ་འབྲེལ་ཞིག་ཡིན་པ་དང་། འབྲི་ཆུའི་ཕྱུགས་རའི་མནའ་འབྲེལ་དེ་རྩྭ་ཐང་དུ་ལོག་པ་མ་ཟད། གནས་སྤོའི་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུ་གཙོ་བོར་བྱས་ནས་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ། ཚེ་སྲོག་བཅས་མ་ལག་ཅན་དང་ཕྱོགས་བསྡུས་ཅན། སྤྱི་ཡོངས་ཅན་བཅས་ཀྱི་བསམ་གཞིག་བྱེད་སྟངས་མདོ་དབུས་མཐོ་སྒང་དུ་ཁྱབ་གདལ་གཏོང་རྒྱུར་གཞོལ་ཡོད།

“དགུན་ཁར་ཡུལ་སྐོར་བ་མེད་པས་ངའི་ལས་འགན་ཅུང་ཡང་མོ་ཡིན་ལ། ངས་ལས་ཀ་ནི་ཕྱུགས་འཚོ་བ་དང་རྩྭ་སར་ལྟ་རྟོག་བྱེད་རྒྱུ་དེ་ཡིན། དབྱར་ཁར་སླེབས་སྐབས་ངས་ད་དུང་ཡུལ་སྐོར་བ་སྣེ་ལེན་བྱེད་པའི་འགན་ཁུར་ནས་ཁོ་ཚོར་ངའི་ཕ་ཡུལ་གྱི་གཏམ་རྒྱུད་བརྗོད་བཞིན་ཡོད། ཡུལ་སྐོར་བ་སྔར་ལས་མང་པོར་ངའི་ཕ་ཡུལ་ལ་རྒྱུས་ལོན་དང་ཕ་ཡུལ་གྱི་རིག་གནས་ལ་རྒྱུས་ལོན་བྱེད་དུ་བཅུག་ན། ངའི་བསམ་པར་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཚོགས་པོར་འདུག”ཅེས་དར་རྒྱས་ཀྱིས་སྤོབས་པའི་ཁེངས་ཞོར་དེ་ལྟར་བཤད།

འབྲི་ཆུའི་ཕྱུགས་རའི་མནའ་འབྲེལ་ནང་ཞུགས་མཁན་འབྲོག་པ་ཚོས་ཕྱུགས་ར་དང་རང་ཁྱིམ་གྱི་ཕྱུགས་ཟོག་འདོན་སྤྲོད་བྱེད་ཀྱིན་ཡོད་ལ། བསོད་བྷའི་ལས་འགན་ནི་འབྲོག་པར་གསོ་སྦྱོང་བྱས་ནས་ཁོ་ཚོའི་ཁང་པ་མཛེས་བཟོ་བྱེད་པ་དང་། ཡུལ་སྐོར་ཚོགས་པ་དང་སྦྲེལ་མཐུད་བྱེད་རྒྱུ་དེ་ཡིན་པ་དང་། ཡུལ་སྐོར་བ་མང་བའི་དུས་སུ་རྒྱང་ཆེན་སྡེ་བའི་ཕྱུགས་རར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་གྱིན་ཡོད།

ད་ལྟ་བྱ་བ་ལམ་འགྲོ་བྱུང་ཡང་ལས་སྐྲུན་བྱེད་སྐབས་འཕྲད་པའི་དཀའ་ཁག་བསོད་བྷ་རང་ཉིད་ཀྱིས་མ་གཏོགས་ཤེས་ཀྱིན་མེད།

“ང་རང་སློབ་མཐར་ཕྱིན་རྗེས་ནུབ་བྱང་མི་རིགས་སློབ་ཆེན་དུ་ལོ་གསུམ་གྱི་ཟུར་ཁྲིད་དགེ་རྒན་བྱས་པ་ཡིན། སྐབས་དེར་ངས་དུས་རྒྱུན་ཕ་ཡུལ་གྱི་ཡོད་ཚད་དྲན་བཞིན་ཡོད་པ་དང་། ཕ་ཡུལ་དུ་ལོག་ཐེངས་རེར་གྲོགས་པོ་རྣམས་དང་མཉམ་དུ་ཕ་ཡུལ་ལ་དོན་ཞིག་སྒྲུབ་པའི་ཁ་བརྡ་བྱེད་བཞིན་ཡོད། སྟབས་ལེགས་པ་ཞིག་ལ་ང་འབྲོག་པ་ཚང་གི་འཆར་གཞི་དང་འཕྲད་བྱུང་། མདོར་བསྡུས་ནས་བཤད་ན་ཕ་ཡུལ་དུ་ལོག་པའི་གཞོན་ནུ་ཤེས་ཡོན་ཅན་ཞིག་དང་ལས་རིགས་སོ་སོའི་དང་བླངས་པས་གྲུབ་པའི་ཚོགས་པ་ཞིག་རེད།  རྗེས་སུ། ངས་ཟུར་ཁྲིད་དགེ་རྒན་གྱི་ལས་ཀ་དགོངས་ཞུ་བྱས་པ་མ་ཟད། ཕ་ཡུལ་འབྲི་སྟོད་རྫོང་དུ་རང་ཉིད་ཀྱི་འབྲི་ཆུའི་ཕྱུགས་ར་ཐོག་མ་དེ་བཙུགས་པ་ཡིན། ཕྱུགས་ར་དེ་ནི་འབྲི་ཆུའི་ཕྱུགས་རའི་མནའ་འབྲེལ་གྱི་ཐོག་མའི་རྣམ་པ་ཞིག་རེད”ཅེས་བསོད་བྷ་ཡིས་དང་ཐོག་ལས་སྐྲུན་སྐབས་ཀྱི་གཏམ་རྒྱུད་བརྗོད་བྱུང་།

བསོད་བྷས་ཕ་ཡུལ་གྱི་བརྩེ་བ་ཕུད་ད་དུང་ཡུལ་མི་སྔར་ལས་མང་བས་སྲོལ་རྒྱུན་གྱི་གནས་སྤོའི་འཚོ་བ་རོལ་སྟངས་དོར་བར་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད།  ཁོས་ན་གཞོན་ཚོ་ཕ་ཡུལ་ནས་ཁ་བྲལ་ཏེ་གྲོང་ཁྱེར་དུ་ཞོར་ལས་སུ་འགྲོ་བཞིན་པ་མཐོང་སྐབས་རང་ཉིད་ལ་བདེ་སྐྱིད་ཀྱི་སྤྲོ་སྣང་སྦྱིན་མེད་པ་མ་ཟད། ད་དུང་སེམས་ཁྲལ་གཞན་དག་མང་པོ་བཟོས་ཡོད།  སྐབས་དེ་དུས། ཁོས་ཕ་ཡུལ་གྱི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རིར་འགྱུར་དུ་འཇུག་རྒྱུར་སེམས་ཐག་བཅད་ནས། ན་གཞོན་ཚང་མ་ཕ་ཡུལ་དུ་ཕྱིར་ལོག་ཏེ་ཕ་ཡུལ་དུ་རྐང་འཛུགས་པ་དང་ཕ་ཡུལ་ལ་ཞབས་འདེགས་ཞུ་རྒྱུའི་སེམས་ཐག་བཅད།

“2021ལོར། འབྲི་ཆུའི་ཕྱུགས་རའི་མནའ་འབྲེལ་འཛུགས་སྐབས། ང་ཚོའི་མནའ་འབྲེལ་ནང་ཞུགས་པའི་འབྲོག་པ་གཅིག་ཀྱང་མེད། ཁོ་ཚོའི་རིག་གནས་ཆུ་ཚད་མི་མཐོ་ལ་བསམ་བློའི་འདུ་ཤེས་ཀྱང་སྲོལ་རྒྱུན་གྱི་རྣམ་པ་ཡིན་པས། ཁོ་ཚོའི་མིག་ལམ་དུ་ཕྱུགས་འཚོ་བའི་འཚོ་བ་དཀའ་ཚེགས་ཆེ་ལ། དབྱར་དུས་ཚ་སྡུག་ཆེ་བ་དང་དགུན་ཁར་གྲང་ངར་ཆེ་བས། ཚང་མས་འདི་ལྟ་བུའི་འཚོ་བ་མུ་མཐུད་དུ་རོལ་འདོད་མེད”ཅེས་བསོད་བྷས་དེ་ལྟར་བཤད།

བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་མ་བྱུང་བའི་དབང་གིས་བསོད་བྷའི་བྱ་བ་མུ་མཐུད་སྒྲུབ་དཀའ་བར་གྱུར། མི་འགྱང་བར་ཁོས་ཐོད་བརྒལ་བྱེད་ས་ཞིག་རྙེད་པ་སྟེ། དམིགས་འབེན་གཞོན་ནུ་ཚོའི་ཕྱོགས་སུ་གཏད། དྲ་རྒྱ་དར་ཁྱབ་ཆེ་བའི་དུས་འདིར་གཞོན་ནུ་ཚོས་བྱ་དངོས་གསར་པ་དང་ལེན་བྱེད་པའི་ནུས་པ་དེ་རྒན་རྒོན་ཚོ་ལས་བཟང་པས། བསོད་བྷོས་སྔོན་ལ་ན་གཞོན་ཚོའི་བསམ་བློའི་བྱ་བ་སྒྲུབ་པ་དང་། དེ་རྗེས་ཁྱིམ་ཚང་ཧྲིལ་པོར་བསམ་བློའི་བྱ་བ་སྒྲུབ་རྩིས་ཡོད།  བྱ་ཐབས་གསར་པའི་ཕན་འབྲས་མངོན་གསལ་ཡིན་ལ། བསོད་བྷས་འགྲེལ་བཤད་བྱས་པ་བརྒྱུད་གཞོན་ནུ་མང་པོ་ཞིག་མནའ་འབྲེལ་ནང་ཞུགས་ནས“རྣམ་པ་གསར་པའི་འབྲོག་པ”ཞིག་ཏུ་འགྱུར་རྩིས་ཡོད་པ་རེད།

མིག་སྔའི་བར་དུ། ཁྱིམ་ཚང་བཅུ་གཅིག་མ་རྐང་ནང་ཞུགས་པའི་རྣམ་པ་བརྒྱུད་ནས་འབྲི་ཆུའི་ཕྱུགས་རའི་མནའ་འབྲེལ་ནང་ཞུགས་ཡོད་པ་རེད།  བསོད་བྷས་རང་ཉིད་ཟུར་ཁྲིད་དགེ་རྒན་བྱས་མྱོང་བའི་ཉམས་མྱོང་བེད་སྤྱད་ནས།  ཚང་མར་ཆེད་ལས་ཀྱི་གསོ་སྐྱོང་སྦྱོང་བརྡར་བྱས།  འབྲོག་པ་རྣམས་ཀྱི་ཧུར་སེམས་ཀྱང་ཧ་ཅང་ཆེན་པོ་ཡོད་ལ།  ལོ་རེར་ཚང་མས་ཐུན་མོང་གིས་འབད་བརྩོན་བྱས་ནས། ལོ་མཇུག་ཏུ་བསོད་བྷ་ཡིས་འབྲོག་པ་ཁྱིམ་ཚང་རེར་ཡོང་འབབ་བགོ་བཤའ་རྒྱག་བཞིན་ཡོད་པས། འབྲོག་པ་རྣམས་ཀྱི་ལོ་རེའི་ཡོང་འབབ་ལ་འཕར་སྣོན་བརྟན་པོ་འབྱུང་དུ་བཅུག་ལ། སྐྱེ་ཁམས་ཀྱི་ཕན་འབྲས་ཇེ་བརྟན་དུ་བཏང་བ་མ་ཟད། ད་དུང་འབྲོག་པའི་ཁྱིམ་ཚང་ཚང་མར་སྐུལ་ལྕག་བྱས་ནས་ལོ་གསར་བའི་ནང་ཚང་མའི་ཧུར་སེམས་སྔར་ལས་ཆེ་རུ་གཏོང་པ་དང་ཆབས་ཅིག་མི་སྔར་ལས་མང་བ་མནའ་འབྲེལ་ཕྱུགས་རར་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ། ཐུན་མོང་གིས་ཕྱུག་འགྱུར་གྱི་བདེ་སྐྱིད་ལམ་ཆེན་ཐོག་སྐྱོད་ཐུབ་པ་བྱུང་།

“2022ལོར། ངས་བྱ་བའི་གཙོ་གནད་དེ‘བེད་མེད་སྦགས་བཙོག་མེད་པའི’འབྲོག་པའི་ཁང་ཆུང་བསྐྲུན་རྒྱུའི་ཐད་འཇོག་རྩིས་ཡོད། གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་བསྐྲུན་ནས་འབྲོག་པ་ཚོར་རྣམ་པ་གསར་པའི་འབྲོག་པ་ཞིག་ཏུ་འགྱུར་རྒྱུར་སྤོབས་པ་དང་ཁྱད་སྟོབས་སྔར་ལས་ཚོར་ཐུབ་པ་བྱ་རྒྱུ་ཡིན”ཞེས་བསོད་བྷ་ཡིས་ཡིད་ཆེས་ལྡན་པའི་སྒོ་ནས་དེ་ལྟར་བཤད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།