ཚང་མར་སྔར་ལས་སྐྱིད་པའི་འཚོ་བ་རོལ་དུ་འཇུག་དགོས།
2022.02.15 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 9

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

རྒྱལ་ཁབ་ཆེན་པོར་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཡོད། བྱ་བ་ཆེ་ཆུང་གང་ཡིན་རུང་མཐར་གཏུགས་ནས་བཤད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་དག་རེད། 2022ལོའི་ལོ་གསར་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམངས་ཚིས་བདེ་སྡུག་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་དག་ཐུགས་ལ་འཆང་བཞིན།  དམངས་ཀྱིས་སེམས་ཁྲལ་བྱེད་སར་ངས་ངེས་པར་དུ་བསམ་བློ་གཏོང་དགོས།  དམངས་ཀྱིས་རེ་སྒུག་བྱེད་ས་དེ་ངས་ཅིས་ཀྱང་ལེགས་པར་བསྒྲུབ་དགོས་ཞེས་ནན་བཤད་གནང་བ་དང་། “ཚང་མས་འཚོ་བ་སྔར་ལས་ལེགས་པ་ཞིག་རོལ་ཕྱིར། ང་ཚོས་མིག་མདུན་གྱི་གྲུབ་འབྲས་ལ་བློ་ཡིད་ཚིམ་ནས་མི་སྡོད་པར་ད་དུང་ལམ་ཐག་རིང་པོ་འགྲིམ་དགོས”ཞེས་བསྟན་ཡོད།  དྲོ་སྐྱིད་ཀྱིས་ཁེངས་བའི་བཀའ་མོལ་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལས་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱིས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་མིའི་འགྱུར་མེད་ཀྱི་རིན་ཐང་དོན་གཉེར་ལ་གསལ་འགྲེལ་གང་ལེགས་གནང་ཡོད།

2021ལོར། ཀྲུའུ་ཞི་ཞི་ཅིན་ཕིང་སྔ་རྗེས་སུ་ཐེངས་བཅུར་གཞི་རིམ་དུ་ཕེབས་ནས་གཟིགས་ཞིབ་གནང་ཤིང་། ལོ་གསར་གྱི་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ངས་ས་ཁུལ་འགའ་རེར་རྟོག་ཞིབ་བྱེད་སྐབས། གནས་ཚུལ་མི་ཉུང་བ་ཞིག་མཐོང་ཐོས་བྱུང་ཡོད། དེ་དག་གིས་ངའི་བློ་སྒོ་ཡག་པོ་ཕྱེ་བྱུང་ལ་ཕན་འབྲས་ཆེན་པོ་ཐོབ་བྱུང་། མང་ཚོགས་ཀྱི་ཁྱིམ་དུ་སླེབས་ཐེངས་རེར་ཁོ་ཚོར་དཀའ་ངལ་ཅི་ཞིག་ཡོད་ཅེས་ཡང་ཡང་དྲིས་པ་ཡིན། ཁོ་ཚོས་བཤད་པའི་སྐད་ཆ་ཚང་མ་ངས་སེམས་སུ་བཟུང་ཡོད”ཅེས་བརྩེ་སེམས་ཟབ་མོས་དེ་ལྟར་གསུངས་བྱུང་།  ལ་བརྒྱབ་ཆུ་བརྒལ་ལམ་ཐག་ལེ་དབར་ཁྲི་ཕྲག་འགྲིམས། མི་དམངས་ཞེས་པའི་ཡིག་འབྲུ་གཉིས་པོ་ཀུན་ལས་ལྷག་པར་འཛིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ནས་ཀྲུང་གོ་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་བསྐྱར་དར་དོན་གཉེར་བྱེད་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཏན་འཁེལ་བྱས་ཡོད། ལོ་ངོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་ལྟ་བྱེད་སྐབས། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་གསར་བརྗེ་དང་། འཛུགས་སྐྲུན།  བཅོས་སྒྱུར་བཅས་བྱས་ཤིང་། དེའི་རྩ་བའི་དམིགས་ཡུལ་ནི་མི་དམངས་ལ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པར་བྱེད་རྒྱུ་དེ་ཡིན། འགྲན་སློང་དང་གནོན་ཤུགས་ཆེན་པོ་གང་ཞིག་འཕྲད་པ་དང་། བློས་གཏོང་དང་རིན་དོད་གང་ཞིག་བྱེད་དགོས་རུང་དེའི་ཐད་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་བྱུང་མེད་ལ་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མེད། རང་རེའི་ཏང་ནི་མི་དམངས་ཁྲོད་ནས་བྱུང་བ་དང་། མི་དམངས་ཁྲོད་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཡིན་པས། མི་དམངས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་གཏིང་ཤུགས་ཆེ་ཤོས་དེ་ཡིན།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་བཏོན་པ་དེས་ཏང་ཡོངས་ལ་དུས་རབས་གསར་པའི་མདུན་སྐྱོད་ཀྱི་རྒྱང་སྐྱོད་ལམ་བུར་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ“གང་ནས་ཡོང་བ་དང་།  གང་དུ་འགྲོ་མིན”གྱི་གཞི་རྩའི་བརྗོད་གཞི་དེར་ལན་ཡག་པོ་བཏབ་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་ནི་ཏང་གང་འདྲ་ཞིག་ཡིན་མིན་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་པའི་བསླབ་བྱ་གནང་ཡོད།

དབུལ་ཕོངས་སེལ་བ་དང་། དམངས་ཚིས་ཇེ་ལེགས་སུ་གཏོང་བ།  མཉམ་དུ་ཕྱུག་འགྱུར་ཡོང་བ་བཅས་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་། རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པའི་མཚོན་བྱ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།  མཁྲེགས་གཏོར་དཀའ་སེལ་དང་འབད་འབུངས་མདུན་སྐྱོད་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་མཐའ་མའི་རྒྱལ་ཁ་བླངས་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཡོད། 2021ལོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར། ང་ཚོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས་ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་པ་དང་། ཏང་གིས་མི་དམངས་དང་ལོ་རྒྱུས་ལ་གཟི་བརྗིད་ལྡན་པའི་ཁས་ལེན་ཁ་བཤད་ལག་བསྟར་བྱས་པ། འཛམ་གླིང་གི་མི་གྲངས་དབུལ་པོའི་གཞི་ཁྱོན་མངོན་གསལ་སྒོས་ཇེ་ཆུང་དུ་སོང་བ་བཅས་ལས་མིའི་རིགས་འཕེལ་རྒྱས་ཡར་ཐོན་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ལོ་གསར་གྱི་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ང་རང་ཡང་གྲོང་གསེབ་ནས་ཡོང་བ་ཡིན་ལ། དབུལ་ཕོངས་ལ་མྱོང་བ་ཟབ་མོ་ཡོད། མི་རབས་ནས་མི་རབས་བར་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། དེ་སྔའི་དབུལ་པོ་རྣམས་ད་ལྟ་ཟས་གོས་ཀྱིས་འདང་བ་དང་སློབ་གྲྭར་འགྲོ་ཐུབ་པ། སྡོད་སའི་ཁང་པ་ཡོད་པ། སྨན་བཅོས་འགན་སྲུང་ཀྱང་ཡོད”ཅེས་བརྩེ་བ་ཟབ་མོས་བསྟན་པ་དང་ཆབས་ཅིག “ ཁྱོན་ཡོངས་ཀྱི་འབྱོར་འབྲིང་དང་དབུལ་ཕོངས་ལས་ཐར་བ་ནི་རང་རེའི་ཏང་གིས་མི་དམངས་ལ་ཁས་བླངས་པ་ཡིན་ལ། འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཀྱང་རེད”ཅེས་ནན་བཤད་གནང་ཡོད།

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནི་མཐའ་སྣེ་མིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་ས་ཡིན།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བས། ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་ཀྱི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་དཔལ་ཡོན་གྱི་ལོ་རྒྱུས་བཅས་ཚང་མར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། དེ་དང་ཆབས་ཅིག འདི་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་པའི་འགག་རྩའི་གོམ་སྟབས་ཤིག་ཡིན་པ་ང་ཚོས་ངེས་པར་དུ་གསལ་པོར་ཤེས་དགོས། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ། མིའི་རིགས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཚང་མ་མཉམ་དུ་འབྱོར་ཕྱུག་ཡོང་བ་བཅས་ནི་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་རེད། ང་ཚོས་ང་རྒྱལ་ཁེངས་དྲེགས་དང་ལྷོད་གཡེང་གཏན་ནས་མི་བྱེད་པར་ངེས་པར་དུ་བབ་བསྟུན་འཕྲལ་སྒྲུབ་དང་། ཡང་འབད་བསྐྱར་འབད། མུ་མཐུད་དུ་འབད་བརྩོན་བཅས་བྱེད་དགོས།  ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་རྟེན་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་གོ་གནས་མཐོ་ཤོས་སུ་འཇོག་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྨོན་འབད་འཐབ་ དམིགས་འབེན་དུ་བརྩི་བ།  བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དྲང་གཞག་གི་སྒོ་ནས་དམངས་ཡོངས་ལ་ཕན་ཐོགས་པར་སྐུལ་འདེད་གཏོང་བ།  མཉམ་དུ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ན། ང་ཚོས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་བཟང་ཞིང་ སྔར་ལས་འགན་སྲུང་།  སྔར་ལས་རྒྱུན་མཐུད་བཅས་བྱེད་ཐུབ་ངེས་ཡིན།

རྒྱལ་སྲིད་ནི་མི་དམངས་ཡིན་ཞིང་མི་དམངས་ནི་རྒྱལ་སྲིད་ཡིན། རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བ་དང་རྒྱལ་སྲིད་སྲུང་བ་ནི་མི་དམངས་ཀྱི་སེམས་པ་སྲུང་བ་ཞིག་ཡིན་ཞིང་། རླབས་ཆེན་གྱི་སྐྱོད་ལམ་གསར་པར་མང་ཚོགས་ཀྱི་འཚོ་བ་སྔར་ལས་འབྱོར་ཕྱུག་དང་སྔར་ལས་བདེ་སྐྱིད་ལྡན་པ་ཡོང་བར་བྱེད་པ་ནི། ཀྲུང་གོ་གུང་ཁྲན་ཏང་མིའི་བརྩེ་བ་བཅངས་ས་ཡིན་ལ་འགན་འཁྲི་འཁུར་ས་དེ་བས་ཡིན།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་ལས་ཀ་བྱེད་པ། ནམ་ཡང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ན། ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་ཕུགས་འདུན་མཚོན་པའི་གྲུ་གཟིངས་ཆེན་པོ་རླབས་གཤགས་མདུན་སྐྱོད་དང་རྒྱལ་ཁའི་ངང་འོད་སྟོང་འཕྲོ་བའི་མ་འོངས་བའི་ཕྱོགས་སུ་བསྐྱོད་ཐུབ་ངེས་ཡིན།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།