དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཀྱི་མཚོ་སྔོན་གསར་པའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
2022.02.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

 ཉེ་ལམ་འཚོགས་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་གྲོས་ཚོགས་སྟེང་།    དུས་རབས་གསར་པའི་ཤེས་ལྡན་མི་སྣའི་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ།  བྱེད་ཐབས་གསར་པ་བཅས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་བྱ་བ་ སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད། ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་བརྗོད་བྱ་གཙོ་བོ་མངོན་གསལ་དོད་ལ་དོན་སྙིང་གལ་ཆེན་ལྡན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལམ་སྟོན་དབུ་ཁྲིད་དང་ཀྲུང་དབྱང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡོད་པ་དང་།  འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་དང་ཞབས་ཞུ་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་ཡོད་པ།  རང་ངོས་ཀྱི་རང་བརྟེན་ནུས་པ་ཆེ་རུ་ཕྱིན་པ་བཅས་ལས།  ས་ཁུལ་ཁག་དང་སྡེ་ཁག་སོ་སོས་ཤེས་ལྡན་མི་སྣའི་བྱ་བ་དམ་འཛིན་བྱེད་པའི་བརྩོན་སེམས་དང་རང་འགུལ་རང་བཞིན་སྔར་བྱུང་མྱོང་མེད་པ་དང་།  ལས་དོན་འཕེལ་རྒྱས་དང་སྲིད་ཇུས་གསར་བསྐྲུན་གྱིས་ཤེས་ལྡན་མི་སྣར་བསྐྲུན་པའི་ཆ་རྐྱེན་སྔར་བྱུང་མྱོང་མེད་པ།  ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་ཐོན་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་པ་སྔར་བྱུང་མྱོང་མེད་པ།  མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་བྱ་བའི་ས་ཚུགས་དེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་གནས་ཡོད།

དུས་རབས་གསར་བ་དང་སྐྱོད་ལམ་གསར་པར། མཚོ་སྔོན་གྱི་འཕེལ་རྒྱས་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཁྲེགས་གཏོར་དུས་སྐབས་དང་། ཕྱོགས་སྒྱུར་རིམ་སྤོར་གྱི་འགག་རྩའི་དུས་སྐབས། འགྲན་རྩོད་ཁྱད་སྟོབས་བསྐྱར་སྐྲུན་དུས་སྐབས།  བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དུས་སྐབས་བཅས་སུ་ཞུགས་ཡོད་པས།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་།   དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ། དཔལ་འབྱོར་རྣམ་པ་རིགས་བཞིའི་ཁྲིད་སྟོན་ལ་ཤུགས་སྣོན་བཅས་བྱེད་པར་ང་ཚོར་དེ་བས་ཤེས་ལྡན་མི་སྣ་མཁོ་བ་རེད།  ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་དང་། ས་གནས་དང་སྡེ་ཁག ལས་ཁུངས་བཅས་སོ་སོས་ཤེས་ལྡན་མི་སྣའི་བྱ་བའི་གོ་སྐབས་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་འཛིན་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་བྱ་བ་ལེགས་པོར་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་། ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས། དགོས་གལ་ཆེ་བའི་བསམ་བློ་བཅས་སྔར་ལས་ཆེ་རུ་བཏང་ནས། ཤེས་ལྡན་མི་སྣའི་བྱ་བ་དེ་རྒྱལ་ཁབ་ཀྱི་དོན་ཆེན་དང་ཞིང་ཆེན་གྱི་དོན་ཆེན་དུ་བརྩིས་ནས་དམ་འཛིན་ལེགས་པོ་བྱེད་དགོས།

འཐབ་ཇུས་ཀྱི་འདེགས་སྐྱོར་དང་དཔུང་སྒྲིག་གི་རྣམ་པ་མགྱོགས་མྱུར་ངང་ཆགས་པར་དམིགས་ཏེ།  ཧུར་ཐག་གིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣའི་མཐོ་ས་དང་གསར་སྐྲུན་གྱི་སྟེགས་བུ་བསྐྲུན་དགོས། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གསར་ས་ཁུལ་སྔོན་ལ་བསྐྲུན་པར་དམ་འཛིན་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ།  ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོར་དམིགས་ནས།  ལས་སྟེགས་དང་གྲོན་དངུལ། ཤེས་ལྡན་མི་སྣ་སོགས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་།   སྣེ་ཁྲིད་ཤེས་ལྡན་མི་སྣ་དང་གསར་སྐྲུན་ཚོགས་པ་ཞེས་པའི་ལས་དོན་རེར་གྲོས་རེ་བྱེད་པའི་རྒྱབ་སྐྱོར་བྱེད་སྟངས་ལག་བསྟར་བྱེད་པ། སྐྱེ་ཁམས་དཔལ་ཡོན་དང་ས་ཁུལ་བཞི་འཛུགས་སྐྲུན་བྱེད་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་འགན་སྲུང་བྱ་སྤྱོད་ཀྱི་འཆར་གཞི་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ། འཐབ་ཇུས་ཀྱི་ཚན་རིག་པ་ནས་ཁྱབ་ཁོངས་ཀྱི་རྩེར་སོན་ཤེས་ལྡན་མི་སྣ་དང་། ཆེད་ལས་ཤེས་ལྡན་མི་སྣ། ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣ་སོགས་གྲུབ་ཆ་གཙོ་བོ་ཡིན་པའི་རིམ་པ་མང་བའི་ཤེས་ལྡན་མི་སྣའི་དཔུང་ཁག་ཆགས་པར་བྱེད་དགོས། མཉམ་དུ་ལག་རྩལ་མཁྲེགས་གཏོར་དང་གྲུབ་འབྲས་གཞན་སྒྱུར་བྱས་ཏེ། ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་རྨང་གཞིའི་རང་བཞིན་དང་། འཐབ་ཇུས་རང་བཞིན། ཐག་གཅོད་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

རིགས་མི་འདྲ་བའི་ཤེས་ལྡན་མི་སྣའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བྱེད་པར་དམིགས་ཏེ། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། གོམ་གང་མདུན་སྤོས་སྒོས་བསམ་བློ་བཅིངས་འགྲོལ་དང་། ལས་ཁུངས་ཁུ་བསྡུ་དབང་ཆ་གཤམ་སྤྲོད། ཚན་རྩལ་ཤེས་ལྡན་མི་སྣར་གདེང་འཇོག་དང་བཅོས་སྒྱུར་བྱ་བའི་ཇུས་གཞིར་ཞིབ་འཇུག་དང་གཏན་འབེབས། རིགས་དབྱེ་གདེང་འཇོག་དང་བཅོས་སྒྱུར་ཚོད་ལྟ་སྤེལ་བ་བཅས་བྱས་ཏེ། ཤེས་ལྡན་མི་སྣའི་སྲིད་ཇུས་གནད་འཁེལ་ཅན་དུ་འགྱུར་ཚད་མི་མཐོ་བ་དང་། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་མི་འདང་བ་སོགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་དགོས། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གི་ཟླ་ཕོགས་ལམ་ལུགས་བཅོས་སྒྱུར་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། རྒྱལ་དབང་ཁེ་ལས་ཀྱི་བགོ་བཤའི་སྲིད་ཇུས་དེ་འགག་རྩའི་ལྟེ་བའི་ལག་རྩལ་ཤེས་ལྡན་མི་སྣ་དང་། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣར་ཕྱོགས་པར་ཁྲིད་སྟོན་བྱས་ཏེ།  མཁྲེགས་གཏོར་བྱེད་ཤུགས་ཆེ་ཞིང་སྤུས་ཀ་དག་པའི་བྱེད་ཐབས་ཞིབ་འཇུག་དང་འདོན་སྤེལ་བྱེད་དགོས། གལ་ཆེའི་ཚན་རྩལ་ལས་གཞིའི་རྣམ་གྲངས་འཛུགས་པ་དང་རྩ་འཛུགས་དོ་དམ་བྱེད་སྟངས་བཅོས་སྒྱུར་དང་། ཡིད་ཆེས་ཀྱིས་རྨང་གཞི་བྱེད་པའི་ཤེས་ལྡན་མི་སྣ་བཀོལ་སྤྱོད་རྐྱེན་སྲོལ་འཛུགས་པ།  ཚན་རྩལ་ཞིབ་འཇུག་གི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། དམིགས་འབེན་ཁྲིད་ཕྱོགས་ཀྱི་དམག་བཀའ་དང་ལེན་ཞུ་ཡིག་ལམ་ལུགས་ལག་བསྟར་བྱེད་པ། ཚན་རིག་པར་སྔར་ལས་ཆེ་བའི་ལག་རྩལ་ལམ་ཕྱོགས་ཐག་གཅོད་བྱེད་དབང་དང་། སྔར་ལས་ཆེ་བའི་གྲོན་དངུལ་བཀོད་སྒྲིག་བྱེད་དབང་། སྔར་ལས་ཆེ་བའི་ཐོན་ཁུངས་བཀོད་གཏོང་བྱེད་དབང་བཅས་སྤྲད་ནས།  རིགས་ཁག་གི་ཤེས་ལྡན་མི་སྣ་བཀོལ་སྤྱོད་ཡག་པོ་བྱེད་དགོས།  དུས་ཡུན་འབྲིང་རིང་གི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་གསར་པ་གཏན་འབེབས་བྱ་རྒྱུ་དམ་འཛིན་བྱས་ཏེ། ཤེས་ལྡན་མི་སྣའི་འཆར་གཞི་ལེགས་བཅོས་དང་ཧྲིལ་བསྡུས་བྱེད་པ་དང་། ཤེས་ལྡན་མི་སྣའི་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག མཁོ་སྤྲོད་སྦྲེལ་ཐག གསར་བསྐྲུན་སྦྲེལ་ཐག  མ་དངུལ་སྦྲེལ་ཐག སྲིད་ཇུས་སྦྲེལ་ཐག་བཅས་མཉམ་འདྲེས་ལེགས་པོ་བྱེད་པར་སྐུལ་འདེད་གཏོང་དགོས། ཚན་རྩལ་གྲུབ་འབྲས་བཀོལ་སྤྱོད་བྱེད་དབང་དང་། ཐག་གཅོད་བྱེད་དབང་། ཕན་འབྲས་ཐོབ་དབང་བཅས་ཀྱི་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱེད་པ་དང་།  ཤེས་བྱ་དང་ལག་རྩལ་སོགས་གསར་སྐྲུན་གྱི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་གང་ལེགས་སྒོས་མཚོན་པའི་ཁེ་ཕན་བགོ་བཤའི་རྐྱེན་སྲོལ་འཛུགས་པ། ཚན་ཞིབ་མི་སྣའི་ལས་ཐོག་གསར་སྐྲུན་གྲུབ་འབྲས་དང་ཁེ་ཕན་མཉམ་སྤྱོད་རྐྱེན་སྲོལ་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་བ། བྱ་གཞག་ལ་བརྟེན་ནས་ཤེས་ལྡན་མི་སྣར་སྐུལ་མ་གཏོང་བ་དང་། ཤེས་ལྡན་མི་སྣས་བྱ་བར་གྲུབ་འབྲས་བསྐྲུན་དགོས།

རྒྱུན་འཛིན་མཁན་ཡོད་པའི་རྩ་བའི་ཇུས་ཆེན་འདི་དམ་འཛིན་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།  མཐོ་རིམ་སློབ་གྲྭས་རྨང་གཞིའི་ཞིབ་འཇུག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་ཆེད་དོན་ལག་བསྟར་ཇུས་གཞིར་ཞིབ་འཇུག་དང་གཏན་འབེབས་བྱེད་པ་དང་། རྨང་གཞིའི་རིག་གཞུང་ཚན་ཁག་གི་གསོ་སྐྱོང་རྟེན་གཞི་ཁག་ཅིག་འཛུགས་པ། ཆེས་ཕུལ་བྱུང་གི་སློབ་མ་རྣམས་རྨང་གཞིའི་ཞིབ་འཇུག་ནང་ཞུགས་པར་འགུག་ཐབས་བྱེད་པ།  རྩེར་སོན་གྱི་གསར་སྐྲུན་ཤེས་ལྡན་མི་སྣ་དུས་ཐོག་ཏུ་གསོ་སྐྱོང་བྱེད་པའི་རྐྱེན་སྲོལ་འཛུགས་པ། རྨང་གཞིའི་ཞིབ་འཇུག་གི་མི་སྣ་བཟང་བོ་སྔ་མོ་ནས་ཤེས་རྟོགས་དང་། སྔ་མོ་ནས་རྗེས་སྙེག སྔ་མོ་ནས་གསོ་སྐྱོང་བཅས་བྱས་ནས།  ཤེས་ལྡན་མི་སྣའི་རང་བདག་གསོ་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།  ནང་དུ་འདྲེན་པ་དང་ཕྱིར་བསྐྱོད་པ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།   བློ་གྲོས་གཅིག་བསྡུས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ·མཚོ་སྔོན་གསར་བར་རམ་འདེགས་བྱེད་ཅེས་པའི་ཤེས་ལྡན་མི་སྣའི་རྣམ་གྲངས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་རྒྱུན་མཐུད་ངང་ལེགས་པོར་སྒྲུབ་པ་དང་། སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་སྟེ། བློ་གྲོས་ཀྱི་ཐོན་ཁུངས་དང་གསར་སྐྲུན་གྱི་རྒྱུ་རྐྱེན་དེ་བས་མང་བ་གཅིག་ཏུ་བསྡུས་ནས་རང་ཉིད་ཀྱིས་སྤྱོད་ཐུབ་པར་བྱེད་དགོས། སྣེ་འདྲེན་ཁེ་ལས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་སྐྲུན་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་དུ་ཚན་རྩལ་གསར་སྐྲུན་དང་ཞིབ་འཇུག་གསར་སྤེལ་ལྟེ་གནས། ཚན་རྩལ་གྲུབ་འབྲས་གསོ་སྐྱོང་ལས་སྟེགས་སོགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བཟང་བོ་བྱས་ནས། ཤེས་ལྡན་མི་སྣ་ཕྱི་རུ་སྐྱོད་ཤུགས་ཆེ་རུ་གཏོང་དགོས། མཚོ་སྐྱོར་ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  ཚན་རྩལ་ཚུད་པའི་ཤེས་ལྡན་མི་སྣ་ཕྱི་ཕྱོགས་སུ་སྤྱོད་ཆོག་པ་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་དེ་ཤར་རྒྱུད་དང་མཚོ་སྔོན་དུ་གཞན་སྒྱུར་བྱེད་པའི་ཤེས་ལྡན་མི་སྣ་ནང་འདྲེན་དང་བཀོལ་སྤྱོད་ཀྱི་རྐྱེན་སྲོལ་བཙུགས་ཏེ། མཉམ་ལས་ཁྱབ་ཁོངས་དེ་མཚོ་རྒྱུད་ཀྱི་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དུ་སྣུར་སྲིང་བྱས་བྱེད་པ་དང་།  མི་རིགས་དང་། རིག་གནས། ལོ་རྒྱུས་བཅས་དང་འབྲེལ་བ་ཡོད་པའི་ཞིང་ཆེན་དང་གྲོང་ཁྱེར་དུ་རྒྱ་བསྐྱེད་ནས།   མཚོ་སྔོན་གྱི་གྲོགས་ཚོམས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས།

ཏང་གིས་ཤེས་ལྡན་མི་སྣའི་བྱ་གཞག་ལ་འགོ་ཁྲིད་གནང་བར་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་ཁྱད་སྟོབས་སུ་འགྱུར་བར་བྱེད་དགོས།  ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཤེས་ལྡན་མི་སྣའི་འགོ་ཁྲིད་སྒྲིག་སྲོལ་དང་འཁོར་སྐྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་། འགན་ནུས་སྡེ་ཁག་གིས་རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཡོངས་ཁྱབ་ཏུ་ཞུགས་པའི་ཤེས་ལྡན་མི་སྣའི་བྱ་བའི་རྣམ་པ་གསར་པ་ཆགས་པ་བཅས་བྱེད་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྐྱེ་ཁམས་དང་འཆམ་མཐུན་ཁོར་ཡུག་ཧུར་ཐག་གིས་བསྐྲུན་ནས།  སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྐྱེ་ཁམས་ལ་བརྟེན་ནས་ཁོང་ཡངས་བཟོད་སྒོམ་གྱི་རྣམ་པ་མངོན་པ་དང་འཆམ་མཐུན་གྱི་ཁོར་ཡུག་ལ་བརྟེན་ནས་བསམ་པའི་ཁྱིམ་གཞིས་སྐྱེད་སྲིང་བྱས་ཏེ། རྒྱ་ཆེའི་ཤེས་ལྡན་མི་སྣས་ལོ་རྒྱུས་ལ་བཀུར་བཟོ་དང་། རིག་གནས་ལ་བཀུར་བཟོ།  སྐྱེ་ཁམས་ལ་བཀུར་བཟོ་བྱེད་པ་བཅས་ཀྱི་ཁྲོད་མཚོ་སྔོན་ལ་དགའ་ཞེན་བྱེད་དགོས། ཤེས་ལྡན་མི་སྣར་གཟེངས་བསྟོད་དང་བྱ་དགའ་སྟེར་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་མི་སྣའི་བྱ་བའི་གྲུབ་འབྲས་གསར་པ་དང་ཉམས་མྱོང་གསར་པ་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱེད་པ། ལས་རིགས་ཁག་གི་ཕུལ་བྱུང་ཤེས་ལྡན་མི་སྣའི་དཔེ་མཚོན་སྔོག་འདོན་གང་ལེགས་བཅས་བྱས་ཏེ།  རྒྱུན་ཆད་མེད་པར་རིགས་ཁག་གི་ཤེས་ལྡན་མི་སྣའི་གསར་སྐྲུན་གྱི་གསོན་ཤུགས་དང་གསར་སྐྲུན་གྱི་སྤྲོ་སེམས་འཕེལ་དུ་འཇུག་དགོས།

དུས་རབས་གསར་པའི་ཤེས་ལྡན་མི་སྣའི་བྱ་བ་ལེགས་པོ་སྒྲུབ་པའི་ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་གལ་ཆེ། ས་གནས་ཁག་དང་སྡེ་ཁག་སོ་སོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱེད་པའི་འབད་འཐབ་ཀྱི་ཉམས་འགྱུར་དང་།  སྔར་ལས་ནུས་ལྡན་གྱི་བྱ་གཞག་དང་།  སྔར་ལས་འཐུས་ཚང་གི་ལམ་ལུགས།  སྔར་ལས་རྒྱ་ཆེ་བའི་ལས་སྟེགས་བཅས་ཀྱི་སྟེང་ནས། རྒྱ་ཆེའི་ཤེས་ལྡན་མི་སྣ་ཏང་དང་མི་དམངས་ཀྱི་རླབས་ཆེན་འབད་འཐབ་ཁྲོད་མཐུན་སྒྲིལ་བྱས་ཏེ། སྔར་ལས་འབྱོར་ཕྱུག་དང་།  དཔལ་ཡོན།  འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།