འབྲོང་ཚ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་རམ་འདེགས་བྱས།
2022.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ལུང་དམར་སྡེ་བས་ཞིབ་བཤེར་རྩིས་ལེན་བྱ་རྒྱུར་སྒུག་པའི་འབྲོང་ཚ།

ཞོགས་པ་སྔ་མོ་ནས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་དགེ་ཡུལ་ཚོ་ལུང་དམར་སྡེ་བའི་སྡེ་མི་ཐུབ་བསྟན་ཡར་འཕེལ་ཕྱུགས་རའི་ནང་ལས་ལ་བྲེལ་ནས་གཟན་རྩྭ་སྟེར་གྱིན་ཡོད། ཐུབ་བསྟན་ཡར་འཕེལ་གྱིས་རང་ཉིད་ཀྱི་བྱིས་པར་ལྟ་སྐྱོང་བྱེད་པ་ནང་བཞིན་འབྲོང་ཚ་དེ་དག་ལ་ལྟ་རྟོག་བྱེད་བཞིན་མཆིས།

ཐུབ་བསྟན་ཡར་འཕེལ་ཡིད་ཆེས་ཀྱིས་ཁེངས་ཞོར་བཤད་རྒྱུར། “ཁྱོད་ཀྱིས་ལྟོས་དང་། ནོར་གནག་འདིའི་སྤུ་མདོག་ཡག་ཞིང་གཟུགས་སྟོབས་བརྗིད་པ། ནོར་རྒྱུད་འདི་རིགས་ནི་ནོར་གནག་ནང་གི་ཆེས་བཟང་བའི་ནོར་རྒྱུད་ཡིན་ལ། དེ་རིང་འབྲོང་ཚ་ཉོ་བ་དང་ཞིབ་བཤེར་རྩིས་ལེན་བྱ་རྒྱུར་གནད་དོན་གཏན་ནས་མེད”ཟེར།

སྔ་དྲོའི་དུས་ཚོད་དགུའི་སྟེང་། ཐུབ་བསྟན་ཡར་འཕེལ་གྱིས་རང་ཁྱིམ་གྱི་ནོར་གནག་དུས་ཚོད་ལྟར་ཞིབ་བཤེར་རྩིས་ལེན་བྱ་ཡུལ་དུ་དེད་ཡོང་བ་དང་། ཡངས་ཤིང་རྒྱ་ཆེ་བའི་བྱ་འགུལ་སྤེལ་ཡུལ་དུ་ཞིབ་བཤེར་རྩིས་ལེན་ནང་ཞུགས་མཁན་སྡེ་མི་དང་ཁོ་ཚོས་དེད་ཡོང་བའི་ནོར་གནག་གིས་བཀང་ཡོད། དགུན་དུས་ཡུས་ཧྲུའུ་རྩྭ་ཐང་གི་སྐྱ་ཟད་སྔོ་སྡུག་གི་རྣམ་པ་དང་བསྡུར་ཚེ་མཛེས་ཤིང་སྡུག་པ་ཞིག་རེད། ནོར་གནག་དེ་དག་ནི་འབྲོག་པ་ཚོའི་གཅེས་ནོར་ཡིན་པ་མ་ཟད། གྲོང་གསེབ་དར་སྤེལ་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྒོ་ཆེན་གྱི“གསེར་གྱི་ལྡེ་མིག”ལྟ་བུ་རེད།

ཆུ་དམར་ལེབ་རྫོང་གཡུ་དགེ་ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་པད་མས་བཤད་རྒྱུར། “ང་ཚོས་ཁྲོམ་རའི་རིན་གོང་ལྟར་འབྲོག་པའི་ལག་ནས་འབྲོང་ཚ་ཉོས་པ་དང་། དམིགས་ཡུལ་ནི་སྤུས་ཚད་མཐོ་བའི་སྡེབ་སྦྱོར་ལག་ལེན་བསྟར་ཆེད་ཡིན་ཞིང་། མདོར་བསྡུས་ནས་བཤད་ན་ནོར་གནག་གི་ཁྲག་རྒྱུད་གཙང་མར་ཁག་ཐེག་བྱས་ནས། སྤུས་ཚད་སྔར་ལས་ལེགས་པའི་འབྲོང་ཚ་དར་སྤེལ་གཏོང་རྒྱུ་དེ་ཡིན་པ་དང་། དེ་ལྟར་སྒྲུབ་དོན་ཡང་ཆུ་དམར་ལེབ་རྫོང་སྤུས་ཚད་མཐོ་བའི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་སྤེལ་ཡུལ་དུ་འགྱུར་རྒྱུའི་ཆེད་ཡིན”ཟེར།

ལུང་དམར་སྡེ་བ་ལས་གཞན། གཡུ་དགེ་ཡུལ་ཚོའི་དར་དམར་སྡེ་བ་ཡང་ཉོ་སྒྲུབ་ནང་ཞུགས་པའི་སྡེ་བའི་གྲས་ཡིན་ཞིང་། ཉོས་ཡོང་བའི་ནོར་གནག་དེ་དག་སྡེ་བ་དེ་གཉིས་ཀྱི་ནོར་གནག་རྒྱུད་བཟང་གསོ་སྤེལ་རྟེན་གཞིར་གཅིག་བསྡུས་སྒོས་གསོ་སྤེལ་བྱེད་ཀྱིན་ཡོད་པ་དང་། གལ་ཏེ་མངགས་ཐོའི་དགོས་མཁོ་ཡོད་ཚེ་ཐད་ཀར་གསོ་སྤེལ་རྟེན་གཞི་ནས་སྤུས་ཚད་མཐོ་བའི་ནོར་གནག་མཁོ་འདོན་བྱས་ཆོག

པད་མས་མུ་མཐུད་དུ་བཤད་རྒྱུར། “སྡེ་བའི་ནང་གི་འབྲོག་པས་ད་དུང་རྩྭ་ས་དང་ངལ་རྩོལ་ནུས་ཤུགས་ཀྱི་རྣམ་པའི་ཐོག་ནས་རྒྱུད་སྤེལ་རྟེན་གཞིར་ཞུགས་ཆོག མདོར་བསྡུས་ན་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་བུའི་ཐོག་མི་སུ་ཞིག་ཀྱང་བསྐྱུར་མི་སྲིད”ཅེས་བཤད།

2011ལོ་ནས་བཟུང་། དར་དམར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད། ཉེ་བའི་ལོ་འགའི་རིང་ལ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྣེ་ཁྲིད་འོག དར་དམར་སྡེ་བ་དེ་ཁག་བཅུ་དྲུག་ཏུ་བགོས་པ་དང་། དེ་དང་ཆབས་ཅིག མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཚོགས་ཆུང་བཅུ་དྲུག་བཙུགས་ཏེ། “ས་ཁུལ་བགོས་ནས་ཕྱུགས་འཚོ་བ་དང་། ལུགས་མཐུན་སྒོས་ཕྱུགས་ཇེ་ཉུང་དུ་གཏོང་བ། ཐོན་ཁུངས་ཧྲིལ་བསྡུས་བྱེད་པ། སྣ་མང་ཚོང་གཉེར་བཅས”ཀྱི་འཕེལ་རྒྱས་འདུ་ཤེས་གཏན་འཁེལ་བྱས་པ་མ་ཟད། མང་ཚོགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གོང་ཚད་གཏན་འབེབས་ཀྱི་ཚད་གཞི་ཞིབ་ཕྲ་བཟོས་ནས། རྩྭ་ས་དང་ཕྱུགས་ཟོག ངལ་རྩོལ་ནུས་པ་བཅས་ཚང་མ་མ་རྐང་ནང་བཅུག་ཡོད།

དར་དམར་སྡེ་བའི་དབུལ་ཐར་ཁྱིམ་མི་ཚེ་རིང་གིས་བཤད་རྒྱུར། “ད་ལྟ་ང་ནི་རྒྱུད་བཟང་གསོ་སྤེལ་རྟེན་གཞིའི་ལས་བྱེད་མི་སྣ་ཞིག་ཡིན། ལས་ཀ་གཙོ་བོ་ནི་རྟེན་གཞིའི་ནོར་གནག་འཚོ་བ་དང་དེ་མིན་སྟབས་བདེའི་གཙང་སྦྲ་བྱེད་པའི་འགན་འཁུར་གྱིན་ཡོད། ཟླ་རེར་གླ་ཆ་སྒོར་སྟོང་ལྔ་ཡོད་པས་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད”ཟེར།

རྒྱུད་བཟང་གསོ་སྤེལ་རྟེན་གཞིར་མ་ཡོང་སྔོན། ཚེ་རིང་གི་ཁྱིམ་དུ་ཕྱུགས་ཟོག་མེད་ལ་རྩྭ་ས་ཡང་ཆེན་པོ་མེད། ཁོའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་མི་གཞན་ལ་ཕྱུགས་འཚོ་རོགས་བྱ་རྒྱུ་དེ་ཡིན་པ་དང་། ལོ་རེར་སྲིད་གཞུང་གི་ཁ་གསབ་དང་མི་གཞན་ལ་ཕྱུགས་འཚོ་རོགས་བྱས་ཏེ་གསོ་ཁ་ནས་བུད་ཚད་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། དབུལ་ཐར་བྱས་ཡོད་མོད། འོན་ཀྱང་ཁོས“སྒུག་བརྟེན་སློང་གསུམ”བྱེད་མི་རུང་སྙམ་པ་དང་། དེ་ལྟར་བྱས་ཚེ་ཡང་བསྐྱར་དབུལ་པོར་འགྱུར་སྲིད། དེར་བརྟེན། རྒྱུད་བཟང་གསོ་སྤེལ་རྟེན་གཞི་བཙུགས་པའི་དུས་འགོར་ཁོས་ངལ་རྩོལ་ནུས་ཤུགས་མ་རྐང་གི་རྣམ་པས་མཉམ་ལས་ཁང་ནང་ཞུགས་ཏེ། ད་ལྟ་ཟླ་རེར་གཏན་འཇགས་གླ་ཕོགས་ཡོད་པ་དང་ཁ་གསབ་རོགས་དངུལ་ཡང་ཡོད་ལ། དབྱར་ཁར་གཞན་ལ་དབྱར་རྩྭ་དགུན་འབུ་བརྐོ་རོགས་བྱེད་བཞིན་ཡོད་པས། ད་ལྟ་འཚོ་བ་ཕུན་སུམ་ཚོགས་པོ་རོལ་གྱིན་ཡོད།

2020ལོའི་ལོ་མཇུག་བར། དར་དམར་སྡེ་བ་ཡོངས་ཀྱི་ཕྱུགས་ཟོག་གི་གྲངས་ཀ་ཁྲི་གཅིག་དང་སྟོང་ལྔ་ལྷག་ཙམ་ཟིན་པ་དང་། མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་ལྔ་བརྒྱ་རེ་བརྒྱད་ཡོད་ལ། མཉམ་ལས་ཁང་དུ་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། སྡེ་མི་ཚང་མས“མཉམ་ལས་ཁང་དུ་ཞུགས་པ་དང་མཉམ་ལས་ཁང་དུ་བཟང་པོར་ཞུགས་རྒྱུའི”ངོས་འཛིན་གཅིག་མཐུན་བྱུང་ནས། ཡོང་སྒོ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གསུམ་ལ་སླེབས་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྒོར་སྟོང་གསུམ་བགོས་པ་དང་། མ་རྐང་ནང་ཞུགས་པའི་འབྲོག་པ་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་མ་རྐང་ནང་མ་ཞུགས་སྔོན་ལས་ལྡབ་གཉིས་འཕར་ཡོད།

པད་མས་བཤད་རྒྱུར། “གོ་རིམ་རྗེས་མར། ང་ཚོས་བྱ་བའི་གཙོ་གནད་དེ‘ས་བོན་བཟོ་སྐྲུན’གྱི་སྟེང་བཞག་ནས། ང་ཚོའི་འབྲོང་ཚ་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོན་པོ་ཡོང་བར་འགན་ལེན་བྱེད་པ་དང་ཆབས་ཅིག ཐོན་ལས་གཉིས་པ་དང་གསུམ་པ་ཡང་ད་ལོ་འཆར་འགོད་བྱས་ནས། ང་ཚོའི་ནོར་གནག་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བའི‘གསེར་གྱི་མིང་བྱང’ཞིག་ཏུ་འགྱུར་བར་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་དེ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པའི་ཕྱོགས་སུ་བསྐྱོད་རྒྱུ་བརྩོན་ལེན་བྱ་རྒྱུ་ཡིན”ཟེར།

ལུང་དམར་སྡེ་བ་དང་དར་དམར་སྡེ་བས་མ་རྐང་དུ་བཞག་ནས་ཁེ་སྤོགས་བགོ་བའི་རྣམ་པ་བརྒྱུད། འབྲོག་པའི་རྩྭ་ས་དང་ཕྱུགས་ཟོག་ཧྲིལ་བསྡུས་བྱས་ཏེ། འབྲོག་པས“རུ་བ་སྤོར་བ་དང་ནོར་ལུག་གི་རྗེས་སུ་སྙེག་པའི”ཐོན་སྐྱེད་འཚོ་བའི་རྣམ་པ་བསྒྱུར་བ་དང་། དེ་ནི་སྲོལ་རྒྱུན་གྱི་རྩྭ་སའི་ཕྱུགས་ལས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་གནད་འགག་གི་གོམ་པ་དང་པོ་དེ་ཡིན་པ་དང་། ཁྱད་ལྡན་འབྲོང་ཚའི་གསོ་སྤེལ་ལ་བརྟེན་པ་དེ་ནི་སྡེ་བ་དེ་གཉིས་ཀྱི་གྲོང་གསེབ་དར་སྤེལ་གྱི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་ཤུགས་སྣོན་ཐེབས་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།