བསྐྱར་དར་གྱི་ཕུགས་འདུན་ལ་ཕྱོགས་པའི་མཆོང་སྐྱོད་གསར་པ།
2022.02.22 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 6

 དུས་རབས་གསར་པའི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་དཔྱད་བརྗོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་འགོ་ཁྲིད་དེ་འབད་འབུངས་ཡར་བརྩོན་བྱས་པས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པའི་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་བྱུང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་མངོན་ཡོད། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་སྔར་བྱུང་མྱོང་མེད་པའི་གོང་བུ་འགྲིལ་བ་དང་སེམས་ཤུགས་བསྐྱེད་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད། སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི།  སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་འགྱུར་བ་ནས་སྟོབས་ཆེན་དུ་གྱུར་པའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་བྱུང་བ་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་བྱས་ཡོད།

ཤིན་ཧྭ་གསར་འགྱུར་ཁང་གིས་སྐྱོད་ལམ་གསར་པར་འབད་བརྩོན་གྱིས། དུས་རབས་གསར་པར་བྱས་རྗེས་འཇོག་ཅེས་པའི་ལེ་ཚན་བཏོད་དེ་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་འབད་འབུངས་ཡར་བརྩོན་དང་ལེའུ་གསར་པ་རྩོམ་པའི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱང་ལྟ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བར་བྱ་རྒྱུ་ཡིན་པ་རེད།

དུས་རབས་གསར་པར་འབད་འབུངས་ཡར་བརྩོན་དང་། རྙོག་འཛིང་ཆེ་བའི་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་འབད་འཐབ་ལྷོད་མེད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་བཏིང་ཡོད།  ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱིས་བདམས་པའི་ལམ་བུའི་ཐོག་མགོ་འཕངས་མཐོ་ཞིང་གོམ་སྟབས་ཆེན་པོས་སྐྱོད་སྐབས་གདེང་ཚོད་སྔར་ལས་ཆེ་བ་དང་ཡིད་ཆེས་སྔར་ལས་བརྟན་པོ་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཀྲུང་གོའི་དཔལ་འབྱོར་གྱི་བསྡོམས་འབོར་སྒོར་ཁྲག་ཁྲིག་ཆེན་མོ་ལྔ་ནས་སྒོར་རབ་བཀྲམ་གཅིག་དང་ཁྲག་ཁྲིག་ཆེན་མོ་གཅིག་ཁྲག་ཁྲིག་བཞི་བར་འཕར་ནས་ལོ་མང་པོའི་རིང་འཛམ་གླིང་གི་དཔལ་འབྱོར་འཕར་བར་བྱས་རྗེས་འཇོག་ཚད30%ལས་བརྒལ་བ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་ལས་ཐར་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད།

ཕྱོགས་བསྡུས་རྒྱལ་སྟོབས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་དུས་རབས་གསར་པའི་ཀྲུང་གོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ཡོད།

ལོ་མང་པོའི་རིང་བསྟུད་མར་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་དང་། འཛད་སྤྱོད་ཁྲོམ་ར་ཆེ་གྲས་ཨང་གཉིས་པ། བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེ་གྲས་ཨང་དང་པོ། དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེ་གྲས་ཨང་དང་པོ། ཕྱི་དངུལ་གསོག་འཇོག་གི་རྒྱལ་ཁབ་ཆེ་གྲས་ཨང་དང་པོ་བཅས་སུ་བརྟན་པོར་སླེབས་ཡོད།

དཔལ་འབྱོར་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ཞིང་། 2012ལོར་ཐོན་ལས་གསུམ་པའི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ཁྲོད་བཟུང་བའི་བསྡུར་ཚད་དེ་ཐོན་ལས་གཉིས་པ་ལས་ཐེངས་དང་པོར་བརྒལ་ནས2021ལོར53.3%ཟིན་པ་དང་། རྒྱལ་ནང་གི་དགོས་མཁོར་བྱས་རྗེས་འཇོག་ཚད་ལོ7རིང100%ལས་བརྒལ་ཡོད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་བཟུང་བའི་བསྡུར་ཚད2012ལོའི་9.4%ནས2020ལོའི15.1%བར་འཕར་བ་དང་། ཀྲུང་གོའི་གསར་སྐྲུན་སྟོན་གྲངས་ཀྱི་གོ་ལ་ཧྲིལ་པོའི་ཨང་རིམ་དེ2013ལོའི་ཨང35པ་ནས2021ལོའི་ཨང་12པའི་བར་འཕར་ཡོད།

ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་བྱེད་ཚད་ཇེ་མཐོར་སོང་སྟེ།  “ཟླ་བའི་ལྷ་མོ་ལྔ་པ”རྟགས་ཅན་གྱིས་ཟླ་བར་བརྟག་དཔྱད་བྱས་པ་དང་། “མཁའ་འདྲི་དང་པོ”རྟགས་ཅན་དེ་སྐར་མ་མིག་དམར་ཐོག་བདེ་བླག་ངང་བབས་པ། “ཀྲུང་གོའི་གནམ་མིག”གོ་ལ་ཧྲིལ་པོར་སྒོ་ཕྱེས་བ།  ཀྲུང་གོའི་བར་སྣང་ས་ཚིགས་སུ“ཡུན་རིང་བཅའ་སྡོད་བྱེད་མི་ཡོད་པའི”དུས་མཚམས་གསར་པ་བསྐྲུན་པ། རང་རྟེན་བཟོ་སྐྲུན་བྱས་པའི“གངས་འབྲུག་གཉིས་པ”རྟགས་ཅན་གླིང་སྣེའི་ཁུལ་དུ་བསྐྱོད་པ་སོགས་ཀྱི་གྲུབ་འབྲས་ཆེན་པོ་ཐོན་ཡོད།

དམངས་ཚིས་བདེ་སྐྱིད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ནས་མཛེས་སྡུག་གི་འཚོ་བ་སྔར་ལས་ཇེ་ལེགས་སུ་ཕྱིན།

ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་གྲངས་དབུལ་པོ་དུང་ཕྱུར1ཙམ་ཚང་མ་དབུལ་ཕོངས་ལས་ཐར་བ་དང་། རྒྱལ་ཡོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གསུམ་སྟོང་ལྔ་ལས་བརྒལ་བ་དང་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་རྒྱུན་མཐུད་ངང་ཇེ་མང་དུ་སོང་ཞིང་། འོས་འགན་སློབ་གསོའི་སློབ་གྲྭར་ཞུགས་ཚད100%ཙམ་ཟིན་པ་དང་།  གཞི་རྩའི་སྨན་བཅོས་ཉེན་ཚབ་ཀྱི་ཁྱབ་ཚད་མི་གྲངས་ཐེར་འབུམ་གཅིག་དང་དྲུང་ཕྱུར་གསུམ་བྱེ་བ་ལྔ་ལས་བརྒལ་བ་དང་གཞི་རྩའི་རྒན་གསོའི་ཉེན་ཚབ་ཀྱི་ཁྱབ་ཚད་མི་གྲངས་ཐེར་འབུམ་གཅིག་ལས་བརྒལ་ཡོད་པ་རེད།

2012ལོའི་ཟླ11ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་མ་ཐག་པའི་ཞི་ཅིན་ཕིང་གིས། “མཛེས་སྡུག་གི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྨོན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན”ཞེས་ནན་བཤད་གནང་བ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ནས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བར་དང་།  ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པ་ནས་མཉམ་དུ་ཕྱུག་འགྱུར་ཕྱོགས་སུ་སྐྱོད་པའི་བར། མི་དམངས་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་པ་དེ་རང་རེའི་ཏང་གི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགོ་རྩོམ་ས་དང་རྐང་ཚུགས་སར་གྱུར་ནས་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་མཛེས་སྡུག་གི་འཆར་གཞི་བཀོད་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་མི་དམངས་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དེ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་བརླིང་ཡིན་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། ཀྲུང་གོའི་ཁྲོམ་ར་ཆེན་པོའི་ཡིད་འགུག་ནུས་པ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད།

འཛམ་གླིང་གི་དཔལ་འབྱོར་ཉམས་ཞན་དུ་འགྲོ་བའི་དུས་སུ་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་དང་། ཞབས་ཞུ་ཚོང་འདུས། ཀོང་ཀྲོའུ་ཚོང་འདུས། འཛད་རྫས་དངོས་མང་འགྲེམ་སྟོན་ཚོགས་འདུ་སོགས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་ཚོགས་འདུ་གཟབ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་ཡིད་དབང་བཀུག་ནས། “རྒྱུད་གཅིག་ལམ་གཅིག”གི་གྲོགས་ཚོགས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་།  ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཉིན་མཚན་ཀུན་ཏུ་བཏང་བ་དང་། རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་སོགས་སྒོ་འབྱེད་རྣམ་པའི་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ཐད་སྒུལ་ཤུགས་ཆེན་པོ་བསྩལ་ཞིང་དྲོ་སྐྱིད་ཟབ་མོ་སྦྱིན་ཡོད།

ཕྱི་ཕྱོགས་སྨྱན་བྱད་ཀྱིས་ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་ལ་ཁྲིད་སྟོན་བྱེད་པའི“བློས་འགེལ་ཆོག་པའི་སྣེ་ཁྲིད་པའི”གྲས་ཤིག་རེད་ཅེས་དཔྱད་གཏམ་སྤེལ་ཡོད།

“ནད་ཡམས་ལས་ཇི་ལྟར་རྒྱལ་དགོས། ནད་ཡམས་བྱུང་རྗེས་ཀྱི་འཛམ་གླིང་ཇི་ལྟར་སྐྱོང་དགོས”།

གནད་དོན་གལ་ཆེན་འདིར་དམིགས་ནས2022ལོའི་ཟླ1ཚེས17ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་ནས2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་སྐབས། “ང་ཚོས་ལོ་རྒྱུས་ཀྱི་དུས་འཁོར་རིང་པོར་ཞིབ་བསྡུར་དབྱེ་ཞིབ་བྱེད་སྐབས་བསམ་གཞིག་མཁས་པོ་བྱེད་དགོས་ལ། ཆ་ཤས་ནས་བྱ་དངོས་ཀྱི་འགྱུར་ལྡོག་ལ་གསལ་རྟོགས་བྱེད་མཁས་པོའང་བྱས་ཏེ། ཉེན་ཁའི་ཁྲོད་དུ་གོ་སྐབས་གསར་པ་སྐྱེད་སྲིང་དང་འགྱུར་ལྡོག་གི་ཁྲོད་དུ་རྣམ་པ་གསར་པ་བསྐྲུན་དགོས”ཞེས་ལན་ཟབ་མོ་བསྐྱོན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རེའི་ཏང་གིས་རྒྱུན་ཆད་མེད་པར་དུས་རབས་ཀྱི་འགྲན་སློང་ལ་ཐད་ཀར་གདོང་གཏོད་པ་དང་དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་ལན་བཏབ་སྟེ་ཐོག་མཐའ་བར་གསུམ་དུ་མདུན་སྐྱོད་ཀྱི་ཁ་ལོ་བརྟན་པོ་བསྒྱུར་ཡོད།

རིམས་ནད་ཀྱི་གནོན་ཤུགས་ཀྱི་ཉམས་སད་ཐེག་པར་བྱས་ནས་དམངས་ཀྱི་ཆེད་དུ་ཡིན་པའི་ཐོག་མའི་བསམ་འདུན་ལ་གསལ་འགྲེལ་གང་ལེགས་བྱས།

མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་བཞག་ནས་ལོ་བརྒྱར་སླེབས་པའི་བགྲེས་སོང་ནས་གསར་སྐྱེས་བྱིས་པའི་བར་གྱི་ཚེ་སྲོག་གཅིག་ཀྱང་བློས་བཏང་མེད། “མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བྱ་ཆེད། ང་ཚོས་གང་ཡིན་ཡང་བློས་བཏང་ཆོག”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་འདི་ནི་དོན་སྙིང་ཟབ་ལ་ཤུགས་དང་ལྡན་པ་ཞིག་རེད།

“སྔོན་ལ་རིམས་ནད་ཚོད་འཛིན”དང“སྔོན་ལ་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ” །     “སྔོན་ལ་དཔལ་འབྱོར་མར་ཆག་པ་ནས་འཕར་བ”བཅས་ནས་དཔལ་འབྱོར་འཕེལ་རྒྱས་བརྟན་བརླིང་ངང་སླར་གསོ་བྱུང་བའི་བར། ཀྲུང་གོས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་འཇགས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་དང་།   “བརྟན་བརླིང་དྲུག”དང“འགན་སྲུང་དྲུག”གི་ལས་དོན་དང་ལྷག་པར་དུ་ལས་ཞུགས་འགན་སྲུང་དང་། དམངས་ཚིས་འགན་སྲུང་། ཁྲོམ་རའི་བྱེད་པོ་འགན་སྲུང་བཅས་རྒྱུན་མཐུད་ངང་ལེགས་སྒྲུབ་བཅས་བྱས་པས་འཕར་སྣོན་ཅུང་མཐོ་བ་དང་། དངུལ་ལོར་འགྲེམས་ཐལ་ཤོར་ཚད་ཅུང་དམའ་བ། ལས་ཞུགས་ཅུང་མང་བ་བཅས་ཀྱི་ལེགས་སྒྲིག་ཧྲག་སྡེབ་མངོན་འགྱུར་བྱུང་ཡོད།

2012ལོར་ཕྱིར་མིག་ལྟ་སྐབས།  གྲངས་གནས་གཉིས་ཀྱི་འཕར་ཚད་མཐོན་པོ་མཇུག་འགྲིལ་ཏེ། དུས་རབས་གསར་པའི་ཚུན་དུ་ཀྲུང་གོའི་དཔལ་འབྱོར་འཕར་ཚད་དེ་ཐེངས་དང་པོར8%མན་དུ་ཆག་ཡོད།

2012ལོའི་ཟླ12པར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་ཀྱི་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་ཐེངས་དང་པོའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་མ་བལྟོས་པར་ཆོས་ཉིད་དང་འགལ་ནས་རྨོངས་ཚོད་ཀྱིས་མྱུར་ཚད་མགྱོགས་པོ་དོན་གཉེར་ཁོ་ན་བྱ་མི་རུང”ཞེས་ནན་བཤད་གནང་ཡོད།

དེ་རྗེས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས“དུས་གསུམ་མཉམ་འཁེལ”གྱི་དུས་མཚམས་སུ་གནས་པ་བརྡར་ཤ་བཅད་པ་ནས་རྒྱུན་རྣམ་གསར་པ་བཏོན་པའི་བར་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བར། དེ་ནས་མྱུར་ཚད་མཐོན་པོའི་འཕར་ཚད་ཀྱི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྒྱུར་བའི་བར་སོགས།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་བླང་བྱ་ཙམ་མ་ཡིན་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཕྱོགས་གང་ཅིའི་ཐད་ཀྱི་སྤྱིའི་བླང་བྱ་ཞིག་ཡིན་པ་དང་།   དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་ལ་བཏོན་པའི་བླང་བྱ་ཙམ་མ་ཡིན་པར་ས་ཁུལ་ཚང་མ་འཕེལ་རྒྱས་གཏོང་བར་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་བླང་བྱ་ཞིག་ཀྱང་ཡིན་པ་རེད།

རང་རེའི་ཏང་གིས་དཔལ་འབྱོར་གྱི་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་དང་བསམ་ཕྱོགས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱས་ཡོད།

ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་བར་ཆད་ཐེབས་པ་དང་རྒྱལ་སྤྱིའི་དཔལ་འབྱོར་འཁོར་སྐྱོད་ཀྱི་རྣམ་པར་ལེགས་སྒྲིག་ཟབ་མོ་བྱུང་ཡོད།  པྲོག་གསར་གློ་ཚད་ལས་ཀྱང་གོ་ལ་ཧྲིལ་པོའི་འཕེལ་ཕྱོགས་ཇེ་སྡུག་ཏུ་ཕྱིན་ནས་རྒྱལ་ཁབ་ཁག་གི་རྒྱལ་ནང་གི་སེམས་ཁྲལ་ཆེ་རུ་ཕྱིན་ཡོད།

རྒྱལ་ནང་གི་འཁོར་རྒྱུགས་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་རྒྱལ་སྤྱི་རྒྱལ་ནང་གི་འཁོར་རྒྱུགས་ཆེན་པོ་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།  དེ་ནི་མ་འོངས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་པའི་འཐབ་ཇུས་རང་བཞིན་གྱི་བཀོད་ཇུས་དང་སྔོན་འགྲོའི་བྱ་སྤྱོད་ཅིག་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྐུལ་འདེད་ཆེན་པོ་བཏང་ནས་ལེགས་སྒྲུབ་བྱེད་དགོས་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པར་མ་ཟད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་ཡོད།

ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གང་ལེགས་བྱས།  ཐོན་ལས་འཁོར་སྐྱོད་འབྲེལ་བའི་བཀོད་སྒྲིག་ལ་དམིགས་ནས་གསར་སྐྲུན་འཁོར་སྐྱོད་འབྲེལ་བར་བཀོད་སྒྲིག་བྱེད་པ་དང་། གསར་སྐྲུན་འཁོར་སྐྱེད་འབྲེལ་བར་དམིགས་ནས་ཐོན་ལས་འཁོར་སྐྱོད་འབྲེལ་བར་བཀོད་སྒྲིག་བྱེད་པ། ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་སོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས།  བཅོས་སྒྱུར་སྒོ་འབྱེད་ཀྱི་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་ཡོད།

རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་གནོན་ཤུགས་ཆེ་མོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། ཡུན་རིང་བཟང་ཕྱོགས་སུ་འཕེལ་བ་བཅས་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པས། ང་ཚོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་ལྟར་ནན་བཤད་གནང་ཡོད།

མཁའ་དབྱིངས་ཀྱི་སྐར་ཚོགས་ལ་རྒྱང་ལྟ་བྱེད་སྐབས།  ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་མིའི་རིགས་ལ་འཇིག་རྟེན་ཁམས་ཀྱི་གསང་བ་འཚོལ་ཞིབ་དང་། ཞི་མཐུན་ངང་བར་སྣང་བེད་སྤྱོད།  མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ་བཅས་ལ་སྐུལ་འདེད་གཏོང་བར་ཧུར་ཐག་གིས་བྱས་རྗེས་འཇོག་བཞིན་ཡོད།

ཀྲུང་གོའི་བར་སྣང་ས་ཚིགས་ཁྱོན་ཡོངས་ནས་བསྐྲུན་ཏེ་གཉེར་སྐྱོང་བྱས་པ་དང་། ཟླ་དཔྱད་ལས་གཞི་ཐེངས་བཞི་ལག་བསྟར་བྱས་པ། མི་སྡོད་ཟླ་སྐྱོད་ཇུས་གཞིར་རིགས་པས་ཁུངས་སྐྱེལ་ལེགས་པོ་བྱས་པ།  རབས་གསར་པའི་མི་སྡོད་སྐྱེལ་འདྲེན་འཕུར་མདའ་ཞིབ་བཟོ་བྱས་ནས་འཕེན་གཏོང་བྱས་པ་སོགས་གྲངས་ལས་འདས།  མ་འོངས་བའི་ལོ་ལྔའི་རིང་ཀྲུང་གོས་སྐར་ཚོམ་དབུས་སུ་སྐྱོད་པའི་ལམ་བུའི་སྟེང་ཆུ་ཚད་མཐོ་བའི་རང་ཚུགས་རང་འཕེལ་གྱི་གོམ་སྟབས་གསར་པ་རྒྱུན་ཆད་མེད་པར་སྤོ་ངེས་རེད།

2022ལོའི་ཟླ1ཚེས24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། བརྗོད་བྱ་གཙོ་བོ་ནི་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་ཧུར་ཐག་གིས་མངོན་འགྱུར་ བྱེད་དགོས་ཞེས་པ་དེ་རེད།

2030ལོའི་སྔོན་ལ་ཐཱན་རྩེར་སོན་བརྩོན་ལེན་བྱེད་རྒྱུ་དང2060ལོའི་སྔོན་ལ་ཐཱན་སྙོམས་སྦྱོར་ལེགས་པོ་ཡོང་བར་བྱེད་པ་ནི་རང་རྒྱལ་གྱི་འཕེལ་རྒྱས་དུས་མཚམས་དང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞི་ཚུགས་པ་ཞིག་ཡིན་པ་དེ་ལས། རང་རྒྱལ་གྱིས་ཐཱན་འབུད་ཚད་གོ་ལ་ཧྲིལ་པོ་ནས་ཇེ་ཉུང་དུ་གཏོང་ཚད་མང་པོ་ཟིན་པར་བྱེད་རྒྱུ་ཡིན་པ་མཚོན་ཞིང་། ལོ་རྒྱུས་ཐོག་དུས་ཡུན་ཐུང་ཤོས་ནང་ཐཱན་འབུད་ཚད་མཐོ་ཤོས་ནས་ཐཱན་སྙོམས་སྦྱོར་བྱེད་པར་སྔར་བྱུང་མྱོང་མེད་པའི་དཀའ་ངལ་དང་འགྲན་སློང་ལ་འཕྲད་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལེགས་སྒྲུབ་བྱེད་དགོས།

ཀྲུང་དབྱང་གི་ངོས་ཐད་ནས་མ་ལག་ཚང་བའི་ཇུས་འགོད་དང་སྤྱི་ཡོངས་ལ་བཀོད་སྒྲིག་བྱས་ཏེ་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་རྩེ་རིམ་ཇུས་འགོད་ཀྱི་སྲིད་ཇུས་མ་ལག་བཙུགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་མཐུན་སྦྱོར་དང་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་བཏང་བ་དེ་ལས། ཏང་གིས་བྱ་གཞག་ཡོད་ཚད་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་བྱེད་པའི་བླང་བྱ་དོན་དངོས་དང་མཐུན་པ་ཞིག་ཡིན་པ་གང་ལེགས་སྒོས་མཚོན་པས།  ཕྱོགས་ཡོངས་དང་བརྒྱུད་རིམ་སོ་སོར་མངོན་པར་བྱེད་པ་དང་དོན་འཁྱོལ་ལེགས་པོ་བྱེད་དགོས།

ལོ9ལྷག་གི་རིང་ལ་རྨང་གཞི་རང་བཞིན་དང་། གསར་སྐྲུན་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་བྱེད་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས།  ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཡང་དག་པའི་ལམ་ཕྱོགས་སུ་སྣེ་ཁྲིད་ཀྱིས་རླབས་གཤགས་མདུན་སྐྱོད་བྱེད་པར་ཁག་ཐེག་བྱས་ཡོད།

ལོ9ལྷག་གི་རིང་ལ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ལག་ལེན་ལས་ཆོས་ཉིད་རང་བཞིན་ལྡན་པའི་ངོས་འཛིན་ཡང་དག་པ་དང་ཇེ་བརྟན་དུ་ཕྱིན་ཡོད་པས།  ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཉེན་ཁ་ངང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ། གོམ་སྟབས་གཅིག་གྱུར་ངང་མདུན་སྐྱོད་བཅས་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མཛུབ་སྟོན་འོག  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་ཡོད།

ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  ནུས་ལྡན་ཁྲོམ་ར་དང་བྱས་རྗེས་ལྡན་པའི་སྲིད་གཞུང་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ཞིང་།   གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ཡོད། གཞི་ཁྱོན་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་དངོས་ཚན་དཔལ་འབྱོར་ལ་སྔར་ལས་ལེགས་པའི་ཞབས་ཞུ་འདོན་སྤྲོད་བྱས་ཡོད།

ལམ་ལུགས་གསར་སྐྲུན་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ ཐོབ་པ་དང་།   ཀྲུང་གོའི་བཅོས་སྐྱོང་ཐད་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་འཕེལ་ཡོད།

མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་མི་དམངས་དུང་ཕྱུར་མང་པོའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

རྒྱལ་ཁབ་སྐྱོང་བའི་ལུགས་ལས། མི་དམངས་ཕྱུག་འགྱུར་གཙོ་བོ་ཡིན།  མཉམ་དུ་ཕྱུག་འགྱུར་ཡོང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན། ད་ལྟ་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ལོ་རྒྱུས་ཀྱི་དུས་མཚམས་སུ་སླེབས་ཡོད།

ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་དགོས།

པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ་དུས་བཀག་ལྟར་ཐོག་མར་གཉེར་བའི་གོ་ལ་ཧྲིལ་པོའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་འཚོགས་ཤིང་། དེ་ནི་སྐྱེ་བོ་གྲངས་ལས་འདས་པས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་ལ་བྱས་རྗེས་འཇོག་པ་ལས་བྱུང་བ་ཞིག་རེད།

དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་སྤེལ་སྐབས།  ཧྲུའུ་ཅི་དང་པོ་དང་སྡེ་བར་བཅའ་སྡོད་བྱེད་པའི་ལས་བྱེད་པ་ས་ཡ་གསུམ་ལྷག་གིས་སྔ་རྗེས་སུ་ལས་ཡུལ་དང་པོར་འབད་འཐབ་བྱས་པ་དང་ལ་ལས་ཐ་ན་ཚེ་སྲོག་ཀྱང་འབད་འཐབ་བྱེད་པའི་ས་གཞིར་ལེགས་སྐྱེས་སུ་ཕུལ་ཡོད།  འདི་ནི་ཀྲུང་གོའི་སྟོབས་ཤུགས་ཡིན་པ་རེད།

མ་འོངས་པར་ཕྱོགས་སྐབས། མི་རིགས་བསྐྱར་དར་དང་བར་ཐག་ཇི་ཙམ་ཉེ་ན་ཉེན་ཁ་དང་འགྲན་སློང་དེ་ཙམ་གྱིས་ཆེ་མོད། འོན་ཀྱང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མི་དམངས་དུང་ཕྱུར་མང་པོའི་མཐུན་སྒྲིལ་འབད་འཐབ་ཡོད་ཚེ། འགོག་ཐབས་བྲལ་བའི་སྟོབས་ཤུགས་ཆེན་པོ་ལྡན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།