ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱེད་སྐབས་སྔར་ལས་ལྷག་པའི་སྒོ་ནས་ཏང་ནང་ཁུལ་གྱི་དམངས་གཙོའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་དགོས།
2022.02.24 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 12

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས་སྤེལ་བའི་དཔྱད་བརྗོད།

མིག་སྔར་ཏང་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་སྤེལ་བཞིན་ཡོད། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དམངས་གཙོ་དར་སྤེལ་བྱེད་པ་ཕན་ཚུན་གཅིག་གྱུར་ཡོང་བར་བྱས་ཏེ། གཏན་འབེབས་ཀྱི་གོ་རིམ་དམ་འཛིན་བྱས་ནས་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ཡག་པོར་གདམ་རྒྱུ་ནི་འཐུས་མིའི་སྔོན་ཐོན་རང་བཞིན་དང་ཡོངས་ཁྱབ་ཀྱི་འཐུས་ཚབ་རང་བཞིན་ཆེ་རུ་གཏོང་བའི་འགན་ལེན་གལ་ཆེན་ཞིག་རེད།  རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་ཀྲུང་དབྱང་གི་བླང་བྱ་ལྟར་ལས་དོན་ནན་ཏན་ངང་སྒྲུབ་པ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་བཟང་བོ་བྱེད་པ། དམངས་གཙོའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བར་མཐོང་ཆེན་བཅས་བྱས་ནས། ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཞིང་རྒྱ་ཆེའི་ཏང་ཡོན་གྱི་གོང་བཀུར་ཡང་ཐོབ་པའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་འདེམས་ཐུབ་པར་འགན་ལེན་བྱེད་དགོས།

ཏང་གི་འགོ་ཁྲིད་དང་དམངས་གཙོ་དར་སྤེལ་བྱེད་པ་ནི་གཅིག་གྱུར་ཡིན་པ་ལས་ཁ་གཏད་མིན་པས་ཕྱོགས་གཅིག་ཁོ་ན་དམ་འཛིན་བྱེད་མི་རུང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་འདེམས་བསྐོ་བྱས་ནས་ཐོན་པ་ནི་རྒྱ་ཆེའི་ཏང་ཡོན་གྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལྟར། དམངས་གཙོའི་དབང་ཆ་ལག་བསྟར་ཡང་དག་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཞུགས་པའི་ཐབས་ལམ་དང་རྣམ་པ་གལ་ཆེན་ཞིག་རེད།   ཏང་ཡོན་གྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག་བྱེད་པ་དང་། དགེ་མཚན་ལྡན་པའི་ཆ་རྐྱེན་ཧུར་ཐག་གིས་བསྐྲུན་པ། ཏང་ཡོན་གྱི་གནས་ཚུལ་ཤེས་དབང་དང་། ཐེ་ཞུགས་བྱེད་དབང་། གདམ་ག་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་སྲུང་བྱེད་པ་དང་། ཏང་ཡོན་རྣམས་གོ་རིམ་དང་ཕན་ནུས་ལྡན་པའི་སྒོ་ནས་ཞུགས་པར་ཁྲིད་སྟོན་བཅས་བྱས་ནས་ཏང་ཡོན་ཚང་མར་རང་ཉིད་ཀྱི་འདོད་བློ་བཤད་དུ་འཇུག་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། སློབ་སྦྱོང་དང་དྲིལ་བསྒྲགས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས། ཏང་གི་ལོ་རྒྱུས་བཅས་ཀྱི་སློབ་གསོ་བརྒྱུད་དེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར། ཏང་གི་སྒྲིག་ཡིག་ལ་བརྩི་བཀུར་དང་ བརྩི་སྲུང་བྱེད་པ་དང་། ཆབ་སྲིད་ཀྱི་ཞུན་བརྡར་དང་ཏང་གཤིས་ཀྱི་སྦྱོང་བརྡར་ཐེབས་པར་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་མོར་བསྲུང་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ངོས་འཛིན་ཟབ་མོ་ཐུབ་པར་བྱེད་པ། རང་རྟོགས་ངང“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས།

འཐུས་མི་འདེམས་ཐོན་གྱི་གོ་རིམ་གཟབ་ནན་དུ་གཏོང་དགོས། ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་གདམ་པར། འོག་ནས་གོང་བར་དང་། གོང་འོག་ཟུང་འབྲེལ།   ནང་གྲོས་བྱེད་པ།  རིམ་པ་ལྟར་གདམ་གསེས་བཅས་ཀྱི་བྱེད་ཐབས་སྤྱོད་པ་དང་། དེ་བཞིན་འོས་སྦྱོར་མིང་འདོན་དང་། རྩ་འཛུགས་ཀྱི་རྟོག་ཞིབ། འཐུས་མིའི་འོས་མིའི་ཐོག་མའི་འོས་མི་གཏན་འཁེལ། འཐུས་མིའི་འོས་མིའི་གྲ་སྒྲིག་འོས་མི་གཏན་འཁེལ། ཚོགས་འདུའི་འདེམས་བསྐོ་བཅས་གོ་རིམ་ལྔར་ཕྱེ་ཡོད།  གོ་རིམ་སོ་སོའི་ལས་དོན་དེ་ངེས་པར་དུ་གཟབ་ནན་ཞིབ་ཚགས་དང་བཀོལ་སྤྱོད་ཚད་ལྡན་བྱེད་དགོས་པ་ལས། བབ་བསྟུན་སྟབས་བདེར་གཏོང་མི་རུང་ལ་རྣམ་པ་དང་བཟོ་ལྟ་ཤོར་བ་དེ་བས་ཀྱང་བྱེད་མི་རུང་།  དཔེར་ན། འོས་སྦྱོར་མིང་འདོན་བྱེད་སྐབས། མང་ཚོགས་ཀྱི་ལམ་ཕྱོགས་དམ་འཛིན་ཡག་པོ་བྱེད་པ་དང་རྩ་འཛུགས་ཀྱི་སྐུལ་སློང་རྒྱ་ཆེར་སྤེལ་ཏེ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཚང་མ་ཞུགས་ཐུབ་པར་བརྩོན་ལེན་བྱེད་དགོས། འོས་མི་གཏན་འཁེལ་མ་བྱས་གོང་རིམ་པ་གཅིག་པའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་ཤིང་། དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་སོགས་ཐད་ཀྱི་འོས་མིར། དམིགས་ས་ཡོད་པའི་སྒོ་ནས་སྲིད་འཛིན་ཁྲིམས་འཛིན་དང་ལས་རིགས་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གི་བསམ་འཆར་ལ་ཉན་དགོས་པ་དང་།  གཞུང་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་སམ་ཡང་ན་སྤྱི་ཚོགས་རྩ་འཛུགས་ཀྱི་འོས་མིར། འབྲེལ་ཡོད་ཏང་འཛུགས་སྐྲུན་ལས་དོན་སྒྲིག་གཞིའི་བསམ་འཆར་ལ་ཉན་པར་དོ་སྣང་བྱེད་དགོས།

རིམ་པ་བཞིན་གདམ་གསེས་ལེགས་འདེམས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  སྤྱིར་བཤད་ན་གཞི་རིམ་ཏང་རྩ་འཛུགས་ནས་འགོ་བརྩམས་ཏེ་འོས་སྦྱོར་ཚན་ཁག་གི་ཏང་རྩ་འཛུགས་བར་དང་། དེ་ནས་འདེམས་བསྐོའི་ཚན་ཁག་གི་ཏང་རྩ་འཛུགས་བར་རིམ་པ་བཞིན་འཐུས་མིའི་འོས་མི་དཔྱད་བསྡུར་གདམ་གསེས་དང་ལེགས་ཐོག་ལེགས་འདེམས་བྱེད་དགོས།  དེ་ནི་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་ལེགས་པོ་བྱེད་པའི་བརྒྱུད་རིམ་ཡིན་ལ། ཡང་དག་པའི་སྒོ་ནས་གཅིག་སྡུད་དང་ཏང་རྩ་འཛུགས་ཀྱིས་འགག་སྒོ་སྲུང་ཤུགས་ཆེ་རུ་གཏོང་བའི་བརྒྱུད་རིམ་ཡང་ཡིན། འཐུས་མིའི་འོས་མིའི་ཐོག་མའི་འོས་མི་གཏན་འཁེལ་བྱེད་པར། འདེམས་བསྐོ་ཚན་ཁག་གིས་ཏང་རྩ་འཛུགས་ཀྱིས་རྟོག་ཞིབ་བྱས་ཚུལ་དང་འཐུས་མིའི་གྲུབ་ཆའི་བླང་བྱ་སོགས་ལ་གཞིགས་ནས་མཉམ་དུ་ཞིབ་འཇུག་བྱས་ཏེ། འོས་མིའི་མིང་ཐོ་འདོན་དགོས། འཐུས་མིའི་འོས་མིའི་གྲ་སྒྲིག་འོས་མི་གཏན་འཁེལ་བྱེད་པར། ནང་གྲོས་བྱེད་པའི་རྨང་གཞིའི་ཐོག་འདེམས་ཤོག་འཕེན་པའི་རྣམ་པའི་ཐོག་ནས་གཏན་འཁེལ་བྱེད་དགོས་པ་ལས། ཆོག་མཆན་འགོད་པར་སྤྲོད་པ་དང་། གཟིགས་མཆན་འགོད་པ། ཁ་པར་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་རྣམ་པས་ཚོགས་འདུའི་ཐོག་ཞིབ་འཇུག་གཏན་འབེབས་བྱེད་པའི་ཚབ་བྱེད་མི་རུང་ལ།  མི་སྒེར་གྱིས་བཤད་པ་འགྲིག་པའང་བྱེད་མི་རུང་།

ཚོགས་འདུའི་འདེམས་བསྐོ་སྒྲིག་འཛུགས་ཚགས་དམ་པོ་ཡོང་བར་བྱེད་དགོས། དེ་ནི་འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོར་སྒྲུབ་པའི་འགག་རྩའི་གོ་རིམ་ཡིན་པ་རེད།  འདེམས་བསྐོ་ཚན་ཁག་གིས་ངེས་པར་དུ་ཏང་གི་སྒྲིག་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་། གཏན་འབེབས། ཏང་ཀྲུང་དབྱང་གི་བླང་བྱ་བཅས་གཞིར་བཟུང་སྟེ། བྱ་བའི་གོ་རིམ་གཟབ་ནན་དུ་གཏོང་བ་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱེད་དགོས་པ་དང་། ཏང་གི་འཐུས་མི་ཚོགས་ཆེན་ནམ་ཡང་ན་ཏང་གི་འཐུས་མིའི་ཚོགས་འདུ་ཡག་པོ་འཚོགས་ནས་ཏང་གི་འཐུས་མིའི་ཚོགས་འདུར་ཞུགས་མཁན་འཐུས་མི་གཏན་འཁེལ་ཡག་པོ་བྱེད་དགོས། འདེམས་བསྐོ་བྱེད་སྟངས་འཐུས་ཚང་དུ་བཏང་ནས་གྲངས་ཁྱད་འདེམས་བསྐོ་བྱེད་པ་དང་གྲངས་ཁྱད་ཀྱི་བསྡུར་ཚད་དེ15%ལས་མང་བ་ཡིན་དགོས། ཏང་ནང་ཁུལ་གྱི་དམངས་གཙོའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བ་བརྒྱུད་དེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྐུལ་སློང་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ།  མཁྲེགས་གཏོར་དཀའ་སེལ་དང་གསར་བསྐྲུན་ཡར་བརྩོན་གྱིས་མིག་སྔའི་ལས་དོན་སྣ་ཚོགས་ཏན་ཏིག་ངང་ཡག་པོར་སྒྲུབ་པ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།