བདེ་སྐྱིད་འཚོ་བས་དམངས་སེམས་དྲོད་ཀྱིས་ཁེངས།
2022.02.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཉེ་ལམ། གསར་འགོད་པ་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བིས་མདོ་བོད་རིགས་ཡུལ་ཚོར་ཐོན་དུས། སྲང་ལམ་ཀུན་དུ་དར་ཚོན་སྣ་ཚོགས་རླུང་གིས་བསྐྱོད་ཅིང་མི་རྣམས་སྐོར་དང་སྐོར་བྱས་ནས་གླུ་དབྱངས་ལེན་པ་དང་སྐོར་བྲོ་འཁྲབ་པ་སོགས་ཀྱི་རྣམ་པ་དེ་མཐོང་ཞིང་།  སྐོར་བྲོ་འཁྲབ་པ་དང་ཐག་པ་འཐེན་པ་སོགས་འགྲན་བསྡུར་དང་རྩེ་མོའི་རྣམ་གྲངས་མང་པོས་བིས་མདོ་བོད་རིགས་ཡུལ་ཚོའི་མི་རྣམས་ལ་སྤྲོ་སྐྱིད་ལྡན་པའི་དུས་སྟོན་ཞིག་བསུས་འདུག་པས་ཁོ་ཚོའི་གདོང་ལ་སྤྲོ་དགའི་འཛུམ་མདངས་རྒྱས་བཞིན་དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་སྒྲོག་བཞིན་འདུག

བིས་མདོ་བོད་རིགས་ཡུལ་ཚོར་ཐོན་དུས་མཛེས་སྡུག་ལྡན་པའི་བོད་རིགས་ཡུལ་ཚོ་དེའི་མཛེས་ཉམས་སྣ་ཚོགས་ཤིག་མིག་ལམ་དུ་མངོན་ཡོང་སྟེ།  བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་དག་ཕྲེང་ལྟར་བསྒྲིགས་འདུག་ཅིང་ལམ་འགྲམ་དུ་བཞག་པའི་གད་སྙིགས་ཕྱིར་བསྡུའི་སྣོད་དེ་དག་གྲལ་དུ་བསྒྲིགས་འདུག་ལ་ཁོད་ཡངས་པའི་ལམ་རེ་རེ་སྡེ་བའི་ནང་དུ་འཐེན་འདུག་པ་དང་། ལམ་དང་སྲང་ལམ་རེ་རེ་གཙང་ཞིང་གྲལ་དག་པར་མ་ཟད་མཚན་མོར་ལམ་འགྲམ་གྱི་གློག་སྒྲོན་དེ་དག་འོད་དུ་འཚེར་བས་མི་རྣམས་ཕར་འགྲོ་ཚུར་ཡོང་བྱེད་པར་སྟབས་བདེ་གང་ལེགས་བཟོས་འདུག

བིས་མདོ་བོད་རིགས་ཡུལ་ཚོའི་ཁོར་ཡུག་མཛེས་སྡུག་ལྡན་ལ་མི་སྣ་འཇོན་ཐང་ཅན་མང་པོ་ཡོད་པར་མ་ཟད། སྤྱི་ཚོགས་འཆམ་མཐུན་དང་རིག་གནས་ཀྱི་མཁའ་དབུགས་སྟུག་པོ་ལྡན་ལ། འབྲུ་རིགས་སྣ་ལྔ་ལོ་ལེགས་ཕུན་སུམ་ཚོགས་ཤིང་། རི་མགོ་ཐམས་ཅད་ཡངས་པའི་སྤང་གིས་ཁེབས་ཤིང་རི་སྐེད་མཐའ་དག་ཚང་ཚིང་ནགས་ཀྱིས་བརྒྱན་པ། རི་འདབས་ཡོངས་སུ་རྣང་ཞིང་གྲུ་བཞིས་བསྐོར་བས་མཛེས་སྡུག་ལྡན་པའི་ཡུལ་གྲུ་དེས་མི་རྣམས་ཀྱི་ཡིད་སེམས་དབང་མེད་དུ་འཕྲོག་པར་བྱེད།

མཛེས་སྡུག་གི་མཁར་གྲོང་ལེགས་བཅོས་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་པ་དེས་སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད་སྡེ་བའི་ལམ་ཕྲན་བརྒྱུད་ནས་འགྲོ་དུས་ག་ས་གང་དུ་འདམ་རྫབ་དང་གད་སྙིགས་སྣ་ཚོགས་ཀྱིས་བཀང་འདུག་པ་དང་། ད་སྐབས་གད་སྙིགས་དེ་རིགས་གཅིག་ཀྱང་མཐོང་རྒྱུ་མེད་པར་སྡེ་བའི་ཁོར་ཡུག་གཙང་ཞིང་དག་པས་མཐོང་བ་ཙམ་གྱིས་སྐྱིད་པོའི་སྣང་བ་ཞིག་སྟེར་གྱི་འདུག་ཅེས་སྡེ་དམངས་བཀྲ་ཤིས་ཚེ་རིང་གིས་རླངས་འཁོར་གྱི་སྒེའུ་ཁུངས་ཕྱེས་ནས་སྡེ་བའི་གཞུང་ལམ་ཕྱོགས་སུ་ལྟ་བཞིན་དེ་ལྟར་བཤད། ལམ་འགྲམ་དུ་གློག་སྡོང་བཙུགས་པས་མཚན་མོ་ལམ་དུ་འགྲོ་བར་དཀར་ཆ་དོད་པར་མ་ཟད་མིག་ལ་ཤིན་ཏུ་མཛེས། ད་ལྟ་ང་ཚོའི་ཡུལ་ཚོ་དང་སྡེ་བའི་ཁོར་ཡུག་སོགས་ཕྱོགས་གང་ཅིའི་ཐད་ནས་ཤིན་ཏུ་ལེགས་ཞེས་ཡུལ་ཚོ་དེ་རུ་ཚོང་ལས་གཉེར་བཞིན་པའི་རྟ་མགྲིན་ཚེ་རིང་བཟའ་ཟླ་གཉིས་ཀྱིས་ཚོར་སྣང་ཟབ་མོས་དེ་ལྟར་བཤད།

ཉེ་བའི་ལོ་གཉིས་ཀྱི་རིང་དུ་བིས་མདོ་ཡུལ་ཚོས་སྤྱིའི་མ་དངུལ་སྒོར་མོ་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་དགུ་ལག་བསྟར་བྱས་ནས་མཛེས་པའི་མཁར་གྲོང་འཛུགས་སྐྲུན་བྱས་པ་དང་། དེས་བིས་མདོ་མི་དམངས་ཀྱི་འཚོ་བའི་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་བར་མ་ཟད། རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་དང་ཕྱོགས་བསྡུས་དོ་དམ་ནུས་པ་མཐོར་འདེགས་སུ་བཏང་སྟེ། བིས་མདོ་ཡུལ་ཚོ་དེ་ཁོར་ཡུག་མཛེས་སྡུག་ལྡན་ཞིང་མི་གྲངས་གཅིག་བསྡུས་ཡིན་པ། བྱེད་ནུས་འཐུས་ཚང་ཡིན་ལ་ཁྱད་ཆོས་མངོན་གསལ་ལྡན་པ། དོ་དམ་གོ་རིམ་ལྡན་ཞིང་མཛེས་སྡུག་འཆམ་མཐུན་བཅས་ཡིན་པའི་མཛེས་པའི་མཁར་གྲོང་ཞིག་འཛུགས་སྐྲུན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྡོད་གནས་ཀྱི་ཆ་རྐྱེན་ཇེ་ལེགས་དང་བདེ་སྐྱིད་ཀྱི་ཚོར་སེམས་ཆེ་རུ་བཏང་ཡོད་ཅེས་བིས་མདོ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་མའོ་ཙེ་མེན་གྱིས་གསར་འགོད་པར་བཤད།

སྡེ་མི་ལྕགས་མོ་རྒྱལ་ནི་ལོ་རབས་དགུ་བཅུ་པའི་རྗེས་ཀྱི་མི་ཞིག་ཡིན་ཞིང་། སློབ་མཐར་ཕྱིན་རྗེས་སུ་ཕྱི་རོལ་ཏུ་སོང་ནས་ཞོར་ལས་གཉེར། ལོ་གཅིག་འགོར་བའི་རྗེས་སུ་ཕྱིར་ཕ་ཡུལ་དུ་ལོགས་ཤིང་། ཕ་ཡུལ་དུ་གནམ་ས་བླ་འོག་བརྗེས་པ་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་པ་མཐོང་དུས་ཁོ་མོས་འདི་ལྟར་བཤད་བྱུང་། ད་ལོ་ཕ་ཡུལ་དུ་ལོ་སར་དུ་ཡོང་དུས། ཕ་ཡུལ་གྱི་མཁར་གྲོང་དང་གཞུང་ལམ་དེ་ཧ་ཅང་གཙང་མ་རེད། རྨིད་རེ་འགའི་མཚམས་སུ་གད་སྙིགས་སྒམ་བཞག་ཡོད་པ་དང་མི་རྣམས་ཀྱིས་ཀྱང་གད་སྙིགས་སྣ་ཚོགས་རང་འགུལ་ངང་གད་སྙིགས་སྒམ་དེ་དག་གི་ནང་དུ་འཕེན་བཞིན་འདུག སྔོན་ཆད་མཚན་མོ་ཡུལ་ལ་ལོག་པའི་སྐབས་སུ།  མུན་ནག་བརྒྱུད་ནས་འགྲོ་དགོས་ཤིང་ད་ལྟ་ལམ་གློག་ཡོད་པས་མཚན་མོ་ཡང་དཀར་ཆ་དོད་ལ་བདེ་འཇགས་ཀྱང་རེད་ཟེར།

མུ་མཐུད་དུ་ཡུལ་ཚོ་དང་གྲོང་རྡལ་གྱི་རྣམ་པར་འགྱུར་ལྡོག་གཏོང་ཆེད་བིས་མདོ་ཡུལ་ཚོ་ཏང་ཨུ་ཡིས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་བྱ་འགུལ་ལག་ལེན་དུ་བསྟར་ནས། འཛུགས་སྐྲུན་དང་ལེགས་བཅོས། དོ་དམ་བཅས་ཀྱི་ཕྱོགས་སུ་ནུས་པ་བཏོན་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་ཡོངས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་རྨང་གཞིའི་སྟེང་། སྔར་ལས་ལྷག་པའི་སྒོ་ནས་འགྲིམ་འགྲུལ་དང་དྲ་རྒྱའི་རྣམ་པ་ཇེ་ལེགས་སུ་བཏང་པ་དང་།  ཡུལ་ཚོ་ཡོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་ནས་ཚུལ་མཐུན་མིན་པའི་འཛུགས་སྐྲུན་དང་གྱང་ཆག་སོགས་བཤིག་པ་དང་། གད་སྙིགས་སྣ་ཚོགས་ཏུན་བརྒྱད་བརྒྱ་ཙམ་གཙང་སེལ་བྱས་པས་ཡུལ་ཚོ་དང་གྲོང་རྡལ་གྱི་ཁོར་ཡུག་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། སྡོད་དམངས་རྣམས་ཀྱི་བདེ་སྐྱིད་ཀྱི་ཚོར་སེམས་གཞི་ནས་ཆེ་རུ་ཕྱིན།

ང་ཚོས་བིས་མདོ་ས་ཆའི་ཐུན་མོང་མ་ཡིན་པའི་བོད་ལུགས་ཀྱི་འཛུགས་སྐྲུན་གྱི་རྣམ་པ་དང་སྲོལ་རྒྱུན་རིག་གནས།  རང་བྱུང་སྐྱེ་ཁམས་དང་ཁྱད་ལྡན་ཐོན་ལས་སོགས་བཀོལ་སྤྱོད་བྱས་ནས།  བིས་མདོ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་བྱ་བ་འཕེལ་རྒྱས་སུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་འབྲས་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞེས་མའོ་ཙེ་མེན་གྱིས་བཤད།

རུ་མང་སྡེ་བའི་སྡེ་མི་རྟ་མགྲིན་སྒྲོལ་མའི་ཁྱིམ་གྱི་འོད་འཚེར་བའི་གློག་སྒྲོན་དང་སྤུས་ལེགས་པའི་ས་གདན། དམར་མདངས་ཆགས་པའི་ཤིང་གི་ཁྱིམ་ཆས། མདོག་དམར་པོའི་དྲ་ཡོལ་བཅས་ཀྱིས་ཁོ་ཚང་གི་འཚོ་བ་གསར་བའི་བདེ་སྐྱིད་ཀྱི་རྣམ་པ་དེ་མཚོན་པར་བྱས་འདུག མགྲོན་པོར་ཤ་འཚོད་ཀྱིན་པའི་རྟ་མགྲིན་སྒྲོལ་མས་བཤད་རྒྱུར།  ན་ནིང་སྲིད་གཞུང་གི་རོགས་སྐྱོར་དང་སྣེ་ཁྲིད་འོག ངེད་ཚང་གི་ཁང་པ་དང་ར་སྐོར་ལ་ལེགས་བཅོས་ཆེན་པོ་བྱས་པས་ད་ལྟ་ཁང་པ་དེ་སྔོན་ཆད་ལ་ལྟོས་ན་མིག་ལ་ཡག་པར་མ་ཟད་ནང་དུ་བསྡད་ན་སྔར་ལས་སྐྱིད་པོ་རེད། ད་ལྟའི་འཚོ་བ་ནི་ཉིན་རེ་ནས་ཉིན་རེར་ཇེ་བཟང་ཡིན་པས་ཏང་དང་སྲིད་གཞུང་གིས་ང་ཚོར་འདི་ལྟ་བུའི་ཐུགས་ཁུར་གནང་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ལོ་གསར་བ་འདིའི་ནང་དུ་ང་ཚོས་ཀྱང་འབད་བརྩོན་ཆེན་པོ་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་གོ་སྐབས་འདི་དང་བསྟུན་ནས་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པའི་ཕྱོགས་སུ་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཕྱིས་སུ་ཞོན་ཧྭ་རྫོང་གིས་གྲོང་གསེབ་དར་སྤེལ་བྱེད་པ་དེ་དམ་འཛིན་བྱེད་སར་བརྩིས་ནས། ཆུང་ཞིང་མཛེས་པ་དང་ཆུང་ཞིང་ཁྱད་ཆོས་ལྡན་པ། ཆུང་ཞིང་སྤུས་ལེགས་པ་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ཁྱད་ཆོས་གསར་སྐྲུན་བྱས་ཏེ།  མཐོ་སྒང་གི་མཛེས་པའི་ཞིང་སྡེ་དང་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་།  རོང་འབྲོག་པའི་སྡོད་ཁང་གི་ཁྱད་ཆོས་ལེགས་བཅོས་བྱེད་པ་སོགས་ཀྱི་བཟོ་སྐྲུན་དེ་དག་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད་དེ། འཚོ་བ་འབྱོར་ཕྱུག་ལྡན་པ་དེ་གྲོང་གསེབ་དར་སྤེལ་གྱི་གཞི་རྩའི་དམིགས་འབེན་དུ་བྱེད་པ་དང་རོང་འབྲོག་པ་འབུམ་གཅིག་དང་ཁྲི་གསུམ་དེ་ཐུན་མོང་ཕྱུག་འགྱུར་གྱི་བགྲོད་ལམ་སྟེང་དུ་གཅིག་ཀྱང་མི་ཆད་པ་བྱེད་དགོས།

བིས་མདོ་ཡུལ་ཚོའི་སྲང་ལམ་ཆེ་ཆུང་ཀུན་དུ་རོང་འབྲོག་མང་ཚོགས་རྣམས་ཀྱིས་ལུས་ལ་གཟབ་འཆོར་སྤྲས་ཤིང་ལག་ཏུ་ཁ་བཏགས་ཐོགས་ཏེ། གདོང་ལ་སྤྲོ་དགའི་འཛུམ་མདངས་རྒྱས་ནས།  རྣ་བར་སྙན་པའི་རོལ་དབྱངས་ཀྱི་གདངས་དང་འགྲོགས་ཏེ་སྐྱིད་པའི་གར་ལ་རོལ་བཞིན་འདུག་ཅིང་།  ཁོ་ཚོས་གླུ་སྐད་ཀྱི་གདངས་དབྱངས་དང་བྲོ་གར་གྱི་སྟངས་སྟབས་ཁྲོད་ནས་ཏང་གི་བཀའ་དྲིན་དྲན་ཞིང་འཚོ་བ་གསར་བའི་བདེ་སྐྱིད་ལ་བསྟོད་གླུ་འབུལ་བཞིན་འདུག

                                                                               ཡིག་སྒྱུར་བ། གཡང་འབུམ་རྒྱལ།