མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།
དཔྱིད་འགོ་ཚེས་མ་ཐག ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《2022ལོར་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》འགྲེམ་སྤེལ་བྱས་པ་རེད། དེ་ནི་དུས་རབས་གསར་པར་ཞུགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་བསྟུད་མར་བཏོན་པའི“ཡིག་ཆ་ཨང་དང་པོ”ཐེངས་བཅུ་དགུ་པ་རེད། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཐོག རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱ་རྒྱུ་དང་གཞི་ཁྱོན་ལྡན་པའི་ཡང་བསྐྱར་དབུལ་པོར་མི་འགྱུར་བའི་མཐའ་ཚད་གཉིས་བརྟན་སྲུང་བྱ་རྒྱུར་དམ་པོར་དམིགས་ཏེ། གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོ་གནད་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་ཡག་པོར་སྒྲུབ་ཏེ། 2022ལོར་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དང་ཞིང་ལས་ཀྱི་ཐོན་ཚད་བརྟན་འཇགས་ངང་འཕར་བ་དང་། ཞིང་པའི་ཡོང་འབབ་བརྟན་བརླིང་ངང་འཕར་བ། ཞིང་སྡེ་བརྟན་ལྷིང་བདེ་འཇགས་བཅས་ཡོང་བར་འགན་ལེན་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།
2021ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་པྲོག་གསར་གློ་ཚད་རིམས་ནད་དང་ཆུ་ལོག་སོགས་རང་བྱུང་གནོད་འཚེ་སྣ་ཚོགས་ཁྱད་བསད་བྱས་ཏེ། ཞིང་ལས་ཐོན་སྐྱེད་མུ་མཐུད་དུ་བརྟན་ཐོག་ཡར་འཕེལ་ཡོང་བ་སྲུང་འཛིན་དང་། འབྲུ་རིགས་ཀྱི་ཐོན་ཚད་མུ་མཐུད་དུ་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཡན་ཟིན་པར་བྱས་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་གོམ་པ་བརྟན་པོ་སྤོས་ཡོད། ཞིང་ལས་དང་ཞིང་སྡེ་བཅོས་སྒྱུར་དང་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་ནས། གནས་བབ་གསར་པ་བསྐྲུན་པ་དང་། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྤྱི་ཡོངས་བརྟན་བརླིང་ཡོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད།
མིག་སྔར་གོ་ལ་ཧྲིལ་པོར་པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་དཀའ་བ། གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་མངོན་གསལ་དོད་པ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་སྣ་ཚོགས་ལྕི་ཞིང་དཀའ་ཚེགས་ཆེ་བ་རེད། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ལ་བབ་བརླིང་ངང་ཁ་གཏད་བཅག་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ཏེ། ཞིང་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབས་ཏེ། གྲོང་གསེབ་དར་སྤེལ་ལ་མུ་མཐུད་དུ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ད་ལོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་འཇུག་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པའི་ལོ་གལ་ཆེན་ཞིག་ཡིན། ལོ་འདིར་རང་རེའི་ཏང་གིས་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ཡིན་ཞིང་། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གལ་ཆེན་ཁྲོད་ཀྱི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་དང་། ཞིང་ལས་དངཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས། རྨང་རྡོའི་ནུས་པ་སྔར་ལས་འདོན་སྤེལ་ལེགས་པོ་བཅས་བྱེད་པ་ནི། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད། “ཞིང་གསུམ”གྱི་རྨང་གཞི་སྲུང་སྐྱོབ་བཟང་བོ་བྱེད་པར་བྱེད་ཐབས་སྔར་ལས་ནན་མོ་དང་ལག་བསྟར་བྱེད་ཤུགས་སྔར་ལས་ཆེན་པོས་ཐོན་ཚད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་ པ་དང་། ཞིང་ལས་དང་ཞིང་སྡེ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱེད་པར་ངོས་འཛིན་གང་ལེགས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་སྲུང་བྱ་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་བའི་ཟས་ཕོར་དུས་ནམ་ཡིན་ཡང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པ་དང་། ཟས་ཕོར་ནང་ཀྲུང་གོའི་འབྲུ་རིགས་བླུག་དགོས་ཞེས་ནན་བཤད་གནང་ཡོད། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ལ་དཔྱད་ཞིབ་ནན་མོ་བྱས་ནས། ཐོན་སྐྱེད་ཁུལ་གཙོ་བོ་དང་། བྲིན་ཚོང་ཁུལ་གཙོ་བོ། ཐོན་སྐྱེད་དང་བྲིན་ཚོང་དོ་སྙོམས་ཁུལ་བཅས་ཚང་མས་རྒྱ་ཁྱོན་དང་ཐོན་ཚད་འགན་ལེན་བྱས་ཏེ། འབྲུ་རིགས་ཀྱི་འདེབས་ཁྱོན་བརྟན་པོ་དང་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཡན་དུ་སྲུང་འཛིན་བྱེད་པར་འགན་ལེན་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་གིས་སྲན་ཆེན་དང་སྣུམ་རྒྱུའི་འདེབས་རྒྱ་ཆེ་རུ་བཏང་སྟེ། ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཕན་འབྲས་དཔྱད་ཞིབ་ལ་འགན་ལེན་བྱེད་དགོས། “ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་མཁོ་སྤྲོད་འགན་སྲུང་དང་། ཞིང་ལས་ཐོན་རྫས་གལ་ཆེན་སྙོམས་སྒྲིག་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། ཞིང་པའི་འབྲུ་འདེབས་ཁེ་ཕན་ལུགས་མཐུན་ངང་འགན་སྲུང་བྱས་ཏེ། ཞིང་པས་འབྲུ་རིགས་འདེབས་པར་ཁེ་ཕན་ཐོབ་པར་བྱེད་པ་དང་ཞིང་པའི་འབྲུ་འདེབས་སེམས་ཤུགས་འཕེལ་བར་བྱེད་དགོས། རྨོ་ཞིང་དང་ས་བོན་ལ་དམིགས་ཏེ་དེང་རབས་ཞིང་ལས་ཀྱི་རྨང་གཞིའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་དུས་བཀག་ལྟར་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། དུས་བཀག་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་འབེན་མངོན་འགྱུར་བྱས་ཏེ། ད་ལྟ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་དེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དང་ཁ་འབྲལ་ཐབས་མེད་པས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མང་ཚོགས་ཀྱི་འཚོ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱེད་པ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་མདུན་ལམ་ཡོད་པར་བྱེད་དགོས”ཞེས་ནན་གྱིས་བསྟན་ཡོད། གྲོང་གསེབ་དར་སྤེལ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དབུལ་ཐར་མི་གྲངས་ཀྱི་ཡོང་འབབ་མུ་མཐུད་དུ་འཕར་བར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་དང་ཡུལ་གཞན་དུ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་ཐར་ས་ཁུལ་གྱི་རོགས་སྐྱོར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་བ། གཞི་ཁྱོན་ལྡན་པའི་ཡང་བསྐྱར་དབུལ་པོར་མི་འགྱུར་བའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བཅས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་གྲུབ་འབྲས་སྲུང་སྐྱོབ་དང་སྲ་བརྟན་དུ་གཏོང་དགོས། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ། ཐོན་ལས་ལ་དམིགས་ཏེ་ཞིང་སྡེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་དར་སྤེལ་གཏོང་བ་ནི་ཞིང་པའི་ཆེད་དུ་དར་སྤེལ་གཏོང་བ་དང་། ཞིང་སྡེ་འཛུགས་སྐྲུན་བྱེད་པ་ནི་ཞིང་པའི་ཆེད་དུ་འཛུགས་སྐྲུན་བྱེད་པ་ཡིན་པའི་བླང་བྱ་དོན་འཁྱོལ་བྱས་ནས། ཞིང་སྡེ་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་དགོས། ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ནུས་ལྡན་ལས་སྟེགས་དང་གཞི་རྟེན་གསར་བསྐྲུན་བྱེད་པ། ཞིང་སྡེ་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོས་ཇེ་ལེགས་སུ་གཏོང་དགོས།
2022ལོའི་ལོ་གསར་གྱི་ཤིས་ཚིག་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ ཁྱོན་ཡོངས་ནས་འབྱོར་འབྲིང་ཡོང་བ་དང་དབུལ་ཕོངས་ལས་ཐར་བ་བྱེད་པ་ནི་རང་རེའི་ཏང་གིས་མི་དམངས་ལ་ཁས་ལེན་དམ་བཅའ་གནང་བ་ཡིན་ལ། འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན། ཚང་མར་འཚོ་བ་སྔར་ལས་སྐྱིད་པོ་ཞིག་རོལ་ཐུབ་པར་བྱ་ཆེད། ང་ཚོས་མིག་མདུན་གྱི་གྲུབ་འབྲས་ལ་ཡིད་ཚིམ་ནས་མི་སྡོད་པར་ད་དུང་ལམ་ཐག་རིང་པོ་ཞིག་འགྲིམ་དགོས”ཞེས་ནན་བཤད་གནང་ཡོད། ད་ལོའི“ཞིང་གསུམ” བྱ་བ་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད་ལ་ལས་འགན་ཡང་དཀའ་ཚེགས་ཆེ་བ་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱེད་པ། དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་འབད་འཐབ་བཅས་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།