དྲོད་ཁང་དུ་བཏབ་པའི་རྩྭ་ཟོས་ན་ནོར་ལུག་ལ་ཤ་ཤེད་རྒྱས།
2022.03.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ལས་བྱེད་མི་སྣས་དྲོད་ཁང་དུ་བཏབ་པའི་རྩྭ་ལུག་ལ་སྟེར་བཞིན་པ།

བསོད་ནམས་རིན་ཆེན་གྱིས་ཕྱུགས་རྩྭའི་སྐྱེ་ཚད་ལ་བལྟ་བཞིན་པ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་འགག་ཕྱུགས་ལས་ཚད་ཡོད་ཀུང་སིས་ཆེད་གཉེར་ “ཆུ་འཕེལ་གཟན་རྩྭ”སྒམ་ནང་དུ་སྒྲིག་ནས་གསོ་སྤེལ་བྱེད་པའི་གནས་སུ་སྐྱོད་སྐབས། སྔོ་ལྗང་ལྗང་གི་ཕྱུགས་རྩྭ་དག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་གསར་འགོད་པས་མཐོང་བྱུང་། སྔོ་ལྗང་གིས་ཁེངས་པའི་ཕྱུགས་རྩྭ་དེ་དག་མཐོང་ཚེ། མི་རྣམས་ལ་དབྱར་དུས་ཀྱི་མཚོ་ལྷོའི་རྩྭ་ཐང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་རྟ་ཕོའི་རྨིག་སྒྲ རྩྭ་ཆུ་འཛོམས་པ། ནོར་ལུག་རྩྭ་ཐང་དུ་བག་ཡངས་སུ་རྒྱུ་བའི་རྣམ་པ་སེམས་སུ་དྲན་དུ་འཇུག

ཀུང་སིའི་སྤྱིའི་ལས་འཛིན་པ་བསོད་ནམས་རིན་ཆེན་གྱིས་གསར་དུ་སྐྱེས་བཞིན་པའི་གཟན་རྩྭ་དེ་དག་ངོ་སྤྲོད་བྱེད་པ་དང་དེ་ནས་གཟན་རྩྭ་དེ་དག་མཛུབ་མོས་སྟོན་ཞོར“ཁྱོད་ཀྱིས་ལྟོས་དང་འདི་ནི་ཉིན་གསུམ་ལ་སྐྱེས་པའི་རྩྭ་ཡིན་པ་དང་། འདི་ནི་ཉིན་ལྔ་ལ་སྐྱེས་པའི་རྩྭ་རེད། ཉིན་བདུན་པར་རྩྭ་དེ་དག་ནོར་ལུག་ལ་ཕྱིན་ཆོག”ཅེས་བཤད།

ཀུན་གྱིས་ཤེས་གསལ་ལྟར། མཚོ་ལྷོ་ཁུལ་ནི་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་གཏོང་བ་གཙོ་བོར་བྱེད་པའི་ས་ཁུལ་ཞིག་ཡིན་པ་དང་། གཟན་རྩྭའི་སྤུས་ཚད་བཟང་མིན་གྱིས་ཕྱུགས་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་ཆེན་པོ་ལྡན་ཡོད།

འོན་ཀྱང་ཉེ་བའི་ལོ་འགའི་རིང་། རང་བྱུང་རྩྭ་སའི་རྒྱ་ཁྱོན་ཇེ་ཆུང་དུ་འགྲོ་བ་དང་གསོ་སྤེལ་ལས་རིགས་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། རྩྭ་ཕྱུགས་དབར་གྱི་འགལ་བ་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད། “ཆུ་འཕེལ་གཟན་རྩྭ”ནི་སྨན་གྱི་སྡེབ་སྦྱོར་བཟང་པོ་ཞིག་དང་འདྲ་བར། རང་བྱུང་རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་བཏང་བ་དང་། ནོར་ལུག་གསོ་སྤེལ་དང་རྩྭ་ཕྱུགས་དོ་སྙོམས་ཡོང་རྒྱུར་བྱ་ཐབས་གསར་པ་ཞིག་འདོན་སྤྲོད་བྱས་ཡོད།

བསོད་ནམས་རིན་ཆེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། “ཆུ་འཕེལ་གཟན་རྩྭ”ཐད་ཀར་དུ་ནོར་ལུག་གིས་ཟས་ཆོག དགུན་ཁ་དང་དཔྱིད་དུས་སུ། ནོར་ལུག་གི་ཤ་ཤེད་ཉམས་ནས་འབྲོག་པར་གྱོང་གུན་ཆེན་པོ་བཟོ་བཞིན་ཡོད། “ཆུ་འཕེལ་གཟན་རྩྭ”འདེབས་པར་དུས་ཚིགས་ཀྱི་ཚོད་འཛིན་མི་བྱེད་ལ། ཉིན་རེར་གཟན་རྩྭ་གསར་པ་ནོར་ལུག་གིས་ཟས་ཆོག་པས། གཟན་རྩྭའི་མི་འདང་བའི་གནད་དོན་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཡོད།

བསོད་ནམས་རིན་ཆེན་གྱིས་བཤད་རྒྱུར། “ང་ཚོས་ས་གནས་མང་ཚོགས་ཀྱི་ལག་ནས་གྲོ་ཉོས་པ་དང་། ཉིན་བདུན་ནང་གྲོ་རྡོག་གཅིག་གསོ་སྤེལ་བྱས་པ་བརྒྱུད་ནོར་ལུག་ལ་ཟ་རྒྱུ་ཡོད་པའི་སྤུས་ལེགས་གཟན་རྩྭ་རུ་གྱུར་ཡོད། དེ་ལྟར་བྱས་ན་གཟན་ཆས་དཀོན་པའི་དུས་ཡིན་ནའང་ནོར་ལུག་ལ་རྒྱུན་མི་ཆད་པར་གཟན་རྩྭ་གསར་པ་ཟ་རུ་འཇུག་ཐུབ།” དེ་དང་ཆབས་ཅིག ཆུའི་ནང་གསོ་སྤེལ་བྱེད་པའི་འདེབས་འཛུགས་ལག་རྩལ་གྱིས་ས་ཞིང་གི་ཐོན་ཁུངས་གྲོན་ཆུང་བྱེད་ཐུབ་པ་མ་ཟད། འདེབས་འཛུགས་སྒྲིག་ཆས་ཀྱང་རང་འགུལ་ཅན་གྱི་རིག་ནུས་སྒྲིག་ཆས་ཡིན་པས། མི་ཤུགས་ངལ་རྩོལ་ཇེ་ཉུང་དུ་བཏང་ཡོད་པ་དང་དུས་ཚོད་དང་ནུས་ཤུགས་ལ་ཡང་གྲོན་ཆུང་བྱེད་ཐུབ། བྱེད་ཐབས་འདི་བརྒྱུད་ནས་བཏབ་པའི་གཟན་རྩྭའི་ཐོན་ཚད་དང་འཚོ་བཅུད་ཀྱི་རིན་ཐང་ཧ་ཅང་མཐོ་ཟེར།

ཕྱིར་འཚོང་གི་བརྒྱུད་རིམ་ཁྲོད། བསོད་ནམས་རིན་ཆེན་གྱིས“ཆུ་འཕེལ་གཟན་རྩྭ”མངག་ཉོའི་རྣམ་པ་བརྒྱུད་ནས་ས་གནས་དེ་གའི་ཉེ་འཁོར་གྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་གསོ་སྤེལ་ཁྱིམ་ཆེན་ཁག་སྐོར་ཞིག་ལ་བཙོངས་པ་རེད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྟེང་བསྟན་དོན། དམངས་ཚིས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། “ས་ཁུལ་བཞི”འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

བསོད་ནམས་རིན་ཆེན་གྱིས་བཤད་རྒྱུར། “ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པས་ང་ཚོའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ང་ཚོས་ས་གནས་ཀྱི་འབྲོག་པ་ཁྱིམ་ཚང་ལ“ཆུ་འཕེལ་གཟན་རྩྭ”འབོར་ཆེན་མཁོ་འདོན་བྱས་པ་དང་། འབྲོག་པ་ཁྱིམ་ཚང་ལ་རྩྭ་ཡོད་ན་ཕྱུགས་ཁང་ནས་གསོ་སྤེལ་བྱས་ཆོག དེ་ལྟར་བྱས་ན་རང་བྱུང་རྩྭ་སའི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ་པ་དང་། རང་བྱུང་རྩྭ་སའི་ཕྱུགས་ཤོང་ཚད་དོ་མཉམ་པའི་ཁྱབ་ཁོངས་ཤིག་ཏུ་ཚོད་འཛིན་བྱེད་ཐུབ། དེ་བས་རྩྭ་བཏབ་ནས་ཕྱུགས་གསོ་བ་དང་རྩྭ་ལྟར་ཕྱུགས་གཏན་འཁེལ་བྱས་པ་བརྒྱུད། ས་གནས་ཀྱི་རྩྭ་སར་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད། ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ནུས་ལྡན་བྱེད་ཐུབ། ཕྱུགས་རྩྭ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད། བཀོལ་སྤྱོད་བྱེད་པ་ནི་སྦགས་བཙོག་མེད་པའི་རང་འབབ་ཆུ་ཡིན་ཞིང་། དེ་ལྟར་བྱས་ན་ནོར་ལུག་གིས་ཟ་དུས་དབུགས་འབྱིན་རྔུབ་མ་ལག་གི་ནད་རིགས་འབྱུང་མི་སླ། ང་ཚོའི་གཟན་རྩྭའི་ནང་འཚོ་བཅུད་ཀྱི་གྲུབ་ཆ་མང་པོ་འདུས་ཡོད་ལ་ནོར་ལུག་གིས་ཟོས་ན་ཤ་ཤེད་རྒྱས།  ནོར་ལུག་གི་ཤ་ཤེད་བཟང་བ་དང་གཟུགས་བོངས་ཆེ་ན་རིན་གོང་མཐོན་པོར་བཙོང་ཐུབ་ལ། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ཀྱང་ཇེ་མང་དུ་འགྲོ་སྲིད་པས། དེ་ལྟར་བྱས་ཚེ་དམངས་ཚིས་ཕན་ནུས་ལྡན་པའི་སྒོ་ནས་ལེགས་བཅོས་བྱེད་ཐུབ”ཟེར།

ཚང་འཛོམས་གྲོས་ཚོགས་ལས་ད་དུང་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན་ཡོད། བསོད་ནམས་རིན་ཆེན་གྱིས་བཤད་པ་ནང་བཞིན། “ཕྱུགས་ལས་དར་རྒྱས་བྱུང་མིན་དེ་རྩྭའི་ཐོན་ལས་དར་རྒྱས་བྱུང་མིན་ལ་འབྲེལ་བ་ཡོད། ཨོ་སི་ཁྲུ་ལི་ཡ་དང་ཨ་རི། ནེའུ་ཙེ་ལན་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་བལྟས་ཚེ། ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་ལེགས་ལ་ཕྱིར་གཏོང་ཐུབ་ཀྱིན་ཡོད་པས་རྒྱུ་མཚན་ནི་རྩྭའི་ཐོན་ལས་ཀྱི་འདེགས་སྐྱོར་ཡོད་པས་རེད། ང་ཚོའི་མཚོ་སྔོན་ནི་ཕྱུགས་ལས་ཞིང་ཆེན་ཆེན་པོ་ཞིག་ཡིན་པས། ‘མཚོ་སྔོན་རྟགས་ཅན་གྱི་ཞིང་ཕྱུགས་ཁྱད་ལྡན་མིང་གྲགས་ཐོན་རྫས་བསྐྲུན་དགོས་ན། རྩྭའི་ཐོན་ལས་ནི་གནད་འགག་ཡིན་པས། རྩྭའི་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་ན་གཞི་ནས་ང་ཚོའི་ཕྱུགས་ལས་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་ཐུབ།”

ཕྱུགས་རྩྭའི་ཐོན་ལས་དང་ཕྱུགས་ལས་ཕན་ཚུན་བར་འབྲེལ་བ་ཆེན་པོ་ཡོད། བསོད་ནམས་རིན་ཆེན་གྱིས་བཤད་རྒྱུར། རྗེས་ཕྱོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས། “ཆུ་འཕེལ་གཟན་རྩྭའི”ཐོན་ལས་སྟོབས་ཆེར་གཏོང་བ་དང་། ལྗང་མདོག་དང་ཚད་ལྡན་ཅན། གཞི་ཁྱོན་ཅན། ཐོན་ལས་ཅན་བཅས་ཀྱི་ཕྱོགས་ཚང་མར་འབད་བརྩོན་བྱས་ཏེ། ཕྱུགས་ལས་ཐོན་ལས་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན། ཕྱུགས་རྩྭ་མོད་ལ་ནོར་ལུག་ཤ་ཤེད་རྒྱས་པའི་རྣམ་པ་དེ་ང་ཚོའི་མཚོ་ལྷོ་ཁུལ་གྱི་ས་ཆ་སྔར་ལས་མང་པོ་རུ་མཐོང་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།