འབྲི་ཆུའི་འགྲམ་རྒྱུད་ཀྱི་རེ་བའི་ས་བོན།
2022.03.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

གྲུ་མདའ་སྡེ་བའི་སྡེ་དམངས་ཀྱིས་དྲ་ཐོག་ཏུ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སློབ་སྦྱོང་བྱེད་བཞིན་པ།

ཉེ་ལམ། མཚོ་འཕང་མུས་བཞི་སྟོང་ཙམ་ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁྲི་འདུ་རྫོང་ཞེའུ་གྲོང་རྡལ་གྱི་འབྲི་ཆུའི་འགྲམ་རྒྱུད་དུ་སྐྱོད་སྐབས་ཟམ་ཆེན་ཞིག་གཙང་པོའི་ངོགས་གཉིས་སུ་གནས་པ་མཐོང་ཐུབ། གྲུ་མདའ་སྡེ་བ་དེ་ཟམ་ཆེན་གྱི་ཉེ་འགྲམ་དུ་གནས་པ་དང་།“གྲུ་མདའ”ནི“ཡུས་ཧྲུའུ་འབྲི་ཆུའི་འགྲམ་གྱི་གྲུ་ཁ”ཞེས་པའི་དོན་ཡིན་ལ།“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི” དཔྱིད་རླུང་དལ་བུའི་ངང་ལྡང་པ་ན། གྲུ་མདའ་སྡེ་བའི་སྡེ་དམངས་ཀྱི་སེམས་ལ་དྲོད་འཁོལ་བསྩལ་ཡོང་།

“བུ་དགའ། ཁྱོད་ཚང་དུ་རྨོ་ཞིང་མི་ཉུང་བ་ཡོད་པ་དང་། ད་ལོ་ཚང་མ་རྨོ་འདེབས་བྱས་ཏེ་ས་རྒོད་དུ་ལུས་སུ་མ་འཇུག དེ་དག་ས་རྒོད་དུ་ལུས་ན་རྨོ་ཞིང་དེ་འདྲ་བཟང་བོ་དག་ཆུད་ཟོས་སུ་བཏང་བ་རེད”ཅེས་བཤད་བཞིན་པ་ནི་གྲུ་མདའ་སྡེ་བའི“ཧྲུའུ་ཅི་དང་པོ”རྡོ་རྗེ་ཚེ་རིང་ཡིན་ལ། ཉིན་དེ་ནི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གིས་རྩ་འཛུགས་བྱས་ནས“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི”དགོངས་དོན་ཁྱིམ་ཚང་དུ་སོང་ནས་སྒྲོག་འགྲེལ་བྱེད་པའི་ཉིན་དང་པོ་ཡིན་པ་དང་། བུ་དགའ་ཚང་ནི་སྒྲོག་འགྲེལ་བྱ་ཡུལ་གྱི་ཁྱིམ་ཚང་དང་པོ་རེད།

“ང་ཚོའི་སྡེ་བར་བསྡོམས་པའི་ཁྱིམ་ཚང་བརྒྱ་དང་དྲུག་ཡོད་པ་དང་། བཀོལ་སྤྱོད་བྱས་ཆོག་པའི་རྨོ་ཞིང་སྤྱི་ཆིངས་ང་ལྔ་དང་གྲངས་ཆུང་གཉིས་ཡོད། སྡེ་བའི་ཁྱིམ་ཚང་ཚང་མར་རང་ཉིད་ཀྱི་རྨོ་ཞིང་ཡོད་ལ། བུ་དགའ་ཚང་ལ་ཧ་ལམ་རྨོ་ཞིང་མུའུ་ཞེ་ལྔ་ཙམ་ཡོད་པ་དང་། སྡེ་བའི་ནང་གི་རྨོ་ཞིང་ཅུང་མང་པོའི་ཁྱིམ་ཚང་རེད། དེར་བརྟེན་ང་ཚོའི་ཁྱིམ་ཚང་དང་པོ་བུ་དགའ་ཚང་བྱས་ནས་ད་ལོའི་སྲིད་ཇུས་གསར་པ་དང་བཟང་བོ་ཁོ་ཚང་ལ་བཤད་པ་ཡིན”ཞེས་རྡོ་རྗེ་ཚེ་རིང་གིས་དེ་ལྟར་ངོ་སྤྲོད་བྱས།

བུ་དགའ་ཡིས་དགའ་སྤྲོའི་ངང་བཤད་རྒྱུར། “ད་ལོ་ངས་ཁྱིམ་གྱི་ས་ཞིང་ཚང་མར་ནས་འདེབས་རྒྱུའི་འཆར་གཞི་ཡོད། ཧྲུའུ་ཅིའི་སྒྲོག་འགྲེལ་བྱེད་སྐབས། སྡེ་བའི་ནང་གི‘ཆུ་འཁོར་རྩམ་པ’གསར་དུ་བསྐྱར་གསོ་བྱེད་པའི་དོན་དེ་ཐོས་རྗེས། ང་ལ་ཞིང་རྨོ་འདེབས་བྱེད་པའི་བརྩོན་སེམས་སྔར་ལས་ཆེན་པོ་འདུག”ཟེར།

དེ་སྔོན། སྡེ་བའི་ནང་གི་ཞེའུ་གཙང་པོའི་སྟེང་ཆུ་འཁོར་རྩམ་འཐག་བྱེད་ས་ཞིག་ཡོད་མོད། འོན་ཀྱང་ལོ་མང་པོའི་རིང་ཞིག་གསོ་མ་བྱས་པས་རྐྱེན་གྱིས་བེད་སྤྱོད་གཏོང་ཐུབ་ཀྱིན་མེད།

“ང་ཚོའི་སྡེ་བའི་རྨོ་ཞིང་སྟེང་ཕལ་ཆེ་བའི་ནས་དཀར་ནག་གཉིས་འདེབས་བཞིན་ཡོད། འོན་ཀྱང་ཕྱི་ལ་བཙོང་མཁན་ཧ་ཅང་ཉུང་། ཚང་མས་རང་གིས་ཟ་བའམ་གཉེན་ཉེ་དང་གྲོགས་པོ་ལ་སྟེར་བཞིན་ཡོད། དེར་བརྟེན་ཐོན་ལས་ཆགས་དཀའ་བ་རེད། འོན་ཀྱང་ད་ལོ་ང་ཚོས་ཆུ་འཁོར་རྩམ་ཐག་བྱེད་གནས་ཞིག་གསོ་བྱེད་པའི་འཆར་གཞི་ཡོད་པ་དང་། སྐབས་དེ་དུས་སྡེ་བའི་གཅིག་བསྡུས་ཀྱི་མིང་ཐོག་ནས་སྡེ་མིའི་ལག་ནས་ནས་ཉོ་བ་དང་། དེའི་རྗེས་ལས་སྣོན་ཡག་པོ་བྱས་པའི་རྩམ་པ་ཡུས་ཧྲུའུ་གྲོང་ཁྱེར་དང་ཟི་ལིང་དུ་སོང་ནས་བཙོང་སྟེ་སྡེ་དམངས་ལ་ཡོང་སྒོ་བགོ་བཤའ་བརྒྱབ་ཆོག དེ་ལྟར་བྱས་ན་སྡེ་མིའི་ཡོང་འབབ་ཇེ་མང་དུ་འགྲོ་ཐུབ་པ་མ་ཟད། ད་དུང་ང་ཚོའི་སྲོལ་རྒྱུན་གྱི་བཟོ་རྩལ་ཁྱད་ཆོས་མུ་མཐུད་རྒྱུན་འཛིན་བྱེད་ཐུབ་པས། ཕན་འབྲས་མང་པོའི་བྱ་བ་བཟང་པོ་ཞིག་རེད”ཅེས་རྡོ་རྗེ་ཚེ་རིང་གིས་དེ་ལྟར་འགྲེལ་བཤད་བྱས།

བུ་དགའ་ཚང་ནས་ཕྱིར་བུད་རྗེས། རྡོ་རྗེ་ཚེ་རིང་དང་ལས་གྲོགས་རྣམས་ལ་ངལ་གསོ་ཁོམ་ཡང་མེད་པར་ཁྱིམ་ཚང་གཞན་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད།

རྡོ་རྗེ་ཚེ་རིང་གིས་རྒན་མོ་ཞིག་གི་ལག་པར་འཇུས་ནས“ཨ་ནེ་རྒན་མོ་ལགས། ད་ལོ་ཁྱོད་ཚང་གི་ས་ཞིང་ལ་སེམས་ཁྲལ་བྱེད་མི་དགོས། ང་ཚོའི་སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ཀྱིས་ཁྱོད་ཚོར་འདེབས་རོགས་བྱེད་ངེས་ཡིན་ལ། ལོ་ཏོག་བསྡུ་སྐབས་ཀྱང་ང་ཚོ་ཡོད་པས་ཁྱོད་ཀྱིས་སེམས་ཁྲལ་བྱེད་མི་དགོས”ཞེས་བཤད།

ད་ལོ་ལོ་བརྒྱད་ཅུ་ལྷག་ལ་སླེབས་པའི་མའེ་མའེ་ནི་དེ་རིང་གི་སྒྲོག་འགྲེལ་བྱ་ཡུལ་གཉིས་པ་རེད། རྒན་མོའི་ཁྱིམ་དུ་དབང་པོ་སྐྱོན་ཅན་གྱི་བུ་མོ་གཅིག་ལས་མེད་པས་ཁྱིམ་དུ་ངལ་རྩོལ་བྱེད་མཁན་མེད། དེར་བརྟེན། ལོ་རེར་ཁོ་མོ་ཚང་གི་ས་ཞིང་ཚང་མ་སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ལ་བརྟེན་ནས་འདེབས་རོགས་དང་བསྡུ་རོགས་བྱེད་ཀྱིན་ཡོད། རྡོ་རྗེ་ཚེ་རིང་གིས་ཨ་ནེ་རྒན་མོ་དང་མཉམ་དུ་ཁྱིམ་གྱི་འཚོ་བའི་སྐོར་གླེང་ཞོར་ཡིག་ཆའི་ནང་དོན་དག་གླེང་བཞིན་འདུག ཨ་ནེ་རྒན་མོས་རྡོ་རྗེ་ཚེ་རིང་གི་ལག་པར་དམ་པོར་འཇུས་ནས་མིག་ལ་མཆི་མ་འཁོར་བཞིན་འདུག་མོད། འོན་ཀྱང་མོའི་གདོང་ལ་འཛུམ་ལང་ཞོར་མགོ་བོ་ལྡེམ་ལྡེམ་བྱེད་པའི་བདེ་སྐྱིད་ཀྱི་རྣམ་པ་ནི་རྡོ་རྗེ་ཚེ་རིང་རང་ཉིད་ཀྱི་ཕྲུ་གུར་བརྩི་བ་དེ་རེད།

སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡཱ་མ་ཚེ་རིང་གིས་བཤད་རྒྱུར། “ང་ཚོ་ཁྱིམ་ཚང་དུ་སོང་ནས་སྒྲོག་འགྲེལ་བྱེད་པ་ལས་གཞན། ད་དུང་སྡེ་བའི་ནང་དུ་མེད་པའི་སྡེ་མིར་དྲ་རྒྱ་བརྒྱུད་ནས་སྒྲོག་འགྲེལ་བྱེད་ཀྱིན་ཡོད། ང་ཚོས‘ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི’ནང་དོན་གོ་བདེ་ལ་ཤེས་སླ་བའི་བརྙན་རིས་ལས་ནས། སྡེ་བའི་ནང་བསྡད་མེད་པའི་སྡེ་མིར་བསྐུར་བཞིན་ཡོད་པ་དང་། ཁོ་ཚོར་སྡེ་བའི་ནང་བསྡད་མེད་ཀྱང་ཐོག་མའི་དུས་ཚོད་ནང་སྲིད་ཇུས་གསར་བ་ཤེས་རྟོགས་བྱེད་དུ་འཇུག་བཞིན་ཡོད”ཟེར།

རྡོ་རྗེ་ཚེ་རིང་གིས་མུ་མཐུད་དུ་བཤད་རྒྱུར། “ད་ལོ། སྡེ་བའི་ནང་ཐོག་མཐའ་བར་གསུམ་དུ་ཟབ་ཞུགས་བྱེད་པའི་འོད་ཤུགས་གློག་འདོན་ས་ཚིགས་ཀྱི་རྣམ་གྲངས་ཕུད། ང་ཚོས་ད་དུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དྲན་གསོའི་རྡོ་རིང་གསར་སྤེལ་དང་ཟུང་འབྲེལ་བྱས་ནས་ཡུལ་སྐོར་རྣམ་གྲངས་རབ་དང་རིམ་པ་གསར་སྤེལ་བྱ་རྩིས་ཡོད། སྡེ་བའི་ནང་དུ་མཛེས་ལྗོངས་འདི་འདྲ་ཡོད་པ་དང་། ཁྱད་ཆོས་མངོན་གསལ་ཡིན་པའི་གནའ་བོའི་ཆུ་འཁོར་རྩམ་འཐག་ལས་ཡོད་པས་ཡུལ་སྐོར་རྣམ་གྲངས་དེར་མདུན་ལམ་ཧ་ཅང་ཡག་པོ་ལྡན་ངེས་པའི་ཡིད་ཆེས་ཡོད། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བརྩོན་ལེན་བྱས་ནས། སྡེ་བའི་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་བུའི་ཐོག‘སྐས་རིམ་གསར་པ་ཞིག་ཏུ་སླེབས་ངེས་རེད”ཟེར།

འབྲི་ཆུ་ཀྱག་ཀྱོག་གི་ཆུ་ལམ་བརྒྱུད་ནས་རྒྱང་རིང་གི་ཕྱོགས་སུ་བཞུར། གྲོག་རོང་དུ་མིང་མི་ཤེས་པའི་བྱ་མང་པོ་ལྡིང་སྐོར་རྒྱག་བཞིན་ཡོད་པ་དང་། གྲུ་མདའ་སྡེ་བའི་སྡེ་མིས་འོས་འཚམ་གྱི་དུས་ཚོད་ལ་སྒུག་ནས་ད་ལོའི་ནས་ཀྱི་ས་བོན་བཏབ་པ་མ་ཟད། སེམས་ལ་ཡང་མཛེས་སྡུག་གི་བསམ་འདུན་བཅངས་ཡོད་པ་དང་། དེ་དག་རྩ་བ་ཚུགས་ནས་མྱུ་གུ་འབུས་ཏེ“བདེ་སྐྱིད་ལྡན་པའི་མེ་ཏོག”བཞད་པར་རེ་སྒུག་བྱས་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།