བྲག་དམར་ཡུལ་ཚོ་རུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།
2022.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

སྡེ་མིས་དར་ལམ་ལས་བཞིན་པ།

ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་ཏེ་ཁངས་འབབ་མཚམས་བཞག་ནས་ཅང་མ་འགོར་བའི་རྗེས་ཏག་ཏག་ཡིན། དུས་སྐབས་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་ས་ཁུལ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་ས་ཆར་མཚོན་ན་དཔྱིད་འདེབས་ལ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་མོད། འོན་ཀྱང་ནུབ་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་སྔར་བཞིན་གྲང་ངར་ཆེ་ལ་ཁ་བ་རྒྱུན་པར་འབབ་བཞིན་ཡོད།

ཞོགས་པའི་ཆུ་ཚོད་བརྒྱད་ཙམ་ལ་གསར་འགོད་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་ཉིས་བརྒྱ་ལྷག་གི་མཚམས་སུ་ཡོད་པའི་ཐེམ་ཆེན་རྫོང་བྲག་དམར་ཡུལ་ཚོར་བསྐྱོད་པ་ཡིན། རླངས་འཁོར་གྱི་སྒེའུ་ཁུང་ལས་གྲང་རླུང་འུར་འུར་དུ་ལྡང་ཞིང་། མཚོ་འཕང་མུས་སྟོང་གསུམ་དང་བརྒྱད་བརྒྱ་ཞེ་བདུན་ཡོད་པའི་བཀའ་འགྱུར་ཉག་ག་བརྒྱུད་རྗེས། རླངས་འཁོར་ཧྲིལ་བོ་ཁ་བས་གཡོགས་ཏེ་དཀར་བོང་བོང་དུ་གྱུར་འདུག

“མི་རིགས་མཐུན་སྒྲིལ་ལམ་སྲོལ་བཟང་པོ་ཡིས། ། ཕུ་ནུ་མིང་སྲིང་ལྟ་བུའི་བརྩེ་འདང་ཆགས། ། བློ་སེམས་གཅིག་མཐུན་ཁྱིམ་ཚང་གཅིག་ལྟར་འདྲེས། ། བདེ་སྐྱིད་འཚོ་བའི་མེ་ཏོག་གང་སར་བཞད། །”ཉིན་གུང་ཐོན་ལ་ཉེ་མོད། འོན་ཀྱང་བྲག་དམར་ཡུལ་ཚོར་ད་རུང་བར་ཐག་སྤྱི་ལེ་ཁ་ཤས་ཡོད་པ་དང་། འབྲོག་པ་བཅུ་ལྷག་ལམ་འགྲམ་དུ་བསྡད་ཡོད་ལ། ཁོ་ཚོའི་ལུས་སྟེང་དུ་ཁ་རླངས་ཐུ་ལུ་ལུ་འཐུལ་བཞིན་འདུག་པ་དང་།  ཁོ་ཚོའི་འགྲམ་དུ་ལྕགས་ཁེམ་དང་། འཇོར། ཁུག་མ་སོགས་བཞག་འདུག

གསར་འགོད་པ་རླངས་འཁོར་ལས་མར་བབས་ཏེ་རྒྱུས་ལོན་བྱས་པ་ལྟར་ན། ཁོ་ཚོ་ནི་བྲག་དམར་ཡུལ་ཚོའི་སྡེ་བ་སོ་སོའི་སྡེ་མི་ཡིན་ཞིང་། བསྟུད་མར་ཉིན་འགའི་རིང་ལ། ཁངས་ཐེངས་འགར་བབས་པ་ལས་ལམ་སྟེང་དུ་དར་མཐུག་པོ་ཆགས་ཡོད་སྟབས། མང་ཚོགས་རྣམས་ཕྱིར་བསྐྱོད་པར་བདེ་འཇགས་ཀྱི་ཉེན་ཁ་ཡོད་པར་གྱུར། ཉེན་ཁ་དེ་སེལ་ཆེད། ཡུལ་ཚོ་ཏང་ཨུའི་འགོ་ཁྲིད་འོག་སྡེ་མི་རྣམས་ཀྱིས་ལག་ཆ་བཟུང་ནས་འགྲིམ་འགྲུལ་དང་། འཕྲལ་བསྟུན་སྡེ་ཁག་སོགས་དང་མཉམ་འབྲེལ་བྱས་ནས་དར་གསིལ་གྱི་ལས་ཀ་ལས་བཞིན་ཡོད། 

“ཉིན་གཉིས་ཀྱི་སྔོན་ལ་དར་མཐུག་པོ་ཆགས་ཡོད་པ་དེ་ང་ཚོས་ཕལ་ཆེར་གསོལ་ཚར་སོང་། བློ་ཡུལ་ལས་འདས་པ་ཞིག་ལ་ཁ་སང་ཡང་ཁངས་ཆེན་ཞིག་བབས་བྱུང་བས། ཡང་བསྐྱར་དར་མཐུག་པོ་ཞིག་ཆགས་འདུག་ཅེས་བྲག་དམར་ཡུལ་ཚོའི་ཡུལ་གཙོ་གཞོན་པ་ཡིད་བཞིན་ནོར་བུས་ལག་པ་གཡུགས་ནས་བཀོད་འདོམས་བྱེད་ཞོར་དུ་དེ་ལྟར་བཤད། ཡུལ་མི་ཚོར་ངར་ཤུགས་སྩོལ་ཕྱིར། ངལ་གསོའི་དུས་ཚོད་སྐབས་སུ། ངས་ཚང་མར“ཁ་མཚར”ཀུ་རེ་བཏགས་ནས་དགོད་ཁ་བསླངས་པ་ཡིན། 

བྲག་དམར་ཡུལ་ཚོ་ནི་ཐེམ་ཆེན་རྫོང་གི་བྱང་རྒྱུད་དུ་གནས་ཤིང་། བོད་རིགས་གཙོ་བོ་ཡིན་པའི་འབྲོག་ལས་རྐྱང་རྐྱང་གཉེར་པའི་ཡུལ་ཚོ་ཞིག་ཡིན་ལ། ཡུལ་ཚོ་ཡོངས་སུ་ཁྱིམ་ཚང་བཞི་བརྒྱ་དང་ང་བདུན་ཡོད་པ་དང་མི་གྲངས་སྟོང་གཅིག་དང་ལྔ་བརྒྱ་གྱ་གསུམ་ཡོད། ཡུལ་ཚོའི་ས་ཁོངས་ཀྱི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རང་བྱུང་རྩྭ་ས་ཕུན་སུམ་ཚོགས་པོ་ཡོད་ལ། རྩྭ་སའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་བརྒྱད་དང་སྟོང་ལྔ་བདུན་བརྒྱ་ཡོད་པ་དང་། བེད་སྤྱོད་བྱས་ཆོག་པའི་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་དྲུག་དང་སྟོང་དྲུག་སུམ་བརྒྱ་ཡོད་ཅིང་། 2021ལོར་འབྲོག་པ་མི་རེར་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར་མོ་ཁྲི་གཅིག་དང་སྟོང་ལྔ་ལྷག་ཙམ་ཡོད།

དཔྱིད་གསར་དུས་ཆེན་གྱི་སྔོན་ལ། བྲག་དམར་ཡུལ་ཚོ་རྡོ་བཞི་སྡེ་བའི་བྱ་འགུལ་ཁང་དུ་དབུལ་ཐར་ཁྱིམ་ཚང་གི་མི་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ནས“འཚོ་བ་བཟང་པོ”ཞིག་བསུས་བྱུང་ལ། རྡོ་བཞི་སྡེ་བའི2021ལོའི་ཁྱིམ་ཚང་ཐོན་ལས་བགོ་བཤའ་རྒྱག་པའི་མཛད་སྒོ་མཇུག་སྒྲིལ་མ་ཐག་ཡིན་པ་རེད།

“དཔའ་ཆེན་སྐྱབས་ལ་སྒོར་སྟོང་གསུམ་དང་། རྒྱལ་བྷོ་ལ་སྒོར་སྟོང་གཉིས་དང་ཉིས་བརྒྱ་ལྔ་བཅུ”ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོ་སྤེལ་ནས་ཉིན་འགའ་ཤས་འགོར་ཡོད་མོད། འོན་ཀྱང་མཛད་སྒོ་སྤེལ་བའི་ཉིན་མོ་དེའི་དགའ་སྤྲོའི་དགོད་སྒྲ་དེ་སྡེ་མི་དཔའ་ཆེན་སྐྱབས་ཀྱི་རྣ་ལམ་དུ་ད་རུང་གྲགས་བཞིན་འདུག  “ཁྱིམ་ཐོན་ནོར་ལུག་གསོ་སྤེལ་གྱི་ལས་གཞི་ཡག་པོ་ཡིན་པས། ནོར་ལུག་གཞན་ལ་བཅོལ་ནས་གསོས་ཆོག་ལ། རང་ཉིད་ཀྱིས་དངོས་སུ་འཚོ་སྐྱོང་མ་བྱས་རུང་། ལོ་མཇུག་དུ་ད་དུང་བགོ་བཤའ་རྒྱག་རྒྱུ་ཡོད། ཏང་གི་སྲིད་ཇུས་བཟང་པོས་མང་ཚོགས་ལ་སེམས་བདེ་རུ་བཅུག་ཡོད་པ་དང་། ལོ་གསར་བའི་ནང་དུ་གསོ་སྤེལ་ལག་རྩལ་སྔར་ལས་མང་པོ་ཁོང་དུ་ཆུད་པར་བྱས་ནས་བརྩོན་པའི་ལག་ཟུང་གིས་ཡོང་སྒོ་འཕར་སྣོན་བཏང་སྟེ། ཐོབ་དཀའ་བའི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་”ཞེས་བཤད།

“ཁྱིམ་ཐོན་ཐོན་ལས་ཀྱི་བགོ་བཤའ་ནི་རྡོ་བཞི་སྡེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ཕན་འབྲས་ལྡན་པའི་སྒོ་ནས་འབྲེལ་མཐུད་ནུས་ལྡན་བྱེད་པའི་བྱེ་བྲག་གི་ལག་ལེན་ཡིན་ལ། དེ་དང་ཆབས་ཅིག བྲག་དམར་ཡུལ་ཚོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་བྱེད་སྒོ་སྤེལ་བ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་སྒོས་ཟུང་འབྲེལ་བྱེད་པའི་བསྡུས་གཟུགས་ཤིག་ཀྱང་ཡིན་པ་རེད” རྡོ་བཞི་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་ཝང་ཧའེ་ཧྲན་གྱིས་གསར་འགོད་པར་བཤད་རྒྱུར། ཏང་ཡོན་གྱི་ཆ་སྡེབས་རོགས་སྐྱོར་བྱེད་སྒོ་བརྒྱུད་དེ། ཏང་ཡོན་ལས་བྱེད་པ་ས་གནས་ཀྱི་འབྲོག་པ་མང་ཚོགས་དང་མཉམ་དུ་འདྲེས་ཏེ། མཐུན་སྒྲིལ་གླེང་བ་དང་། འཕེལ་རྒྱས་འཚོལ་བ། ཡར་ཐོན་བརྩོན་ལེན་བྱས་ཏེ། རྡོག་རྩ་གཅིག་སྒྲིལ་བྱས་ཡོད།

2021ལོའི་ཟླ4པའི་ཟླ་མགོར། བྲག་དམར་ཡུལ་ཚོ་རུ་བསྟུད་མར་ཁངས་བབས་པ་དང་། འབྲོག་པ་མང་ཚོགས་ཁ་ཤས་ཤིག་གི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས། མྱུར་དུ་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་གནོད་འགོག་ཕྱུགས་སྐྱོབ་བྱ་བར་རོགས་རམ་བྱེད་ཆེད། བྲག་དམར་ཡུལ་ཚོ་ཏང་ཨུས་མྱུར་དུ་བྱ་སྤྱོད་བསླངས་པ་དང་ཧུར་བརྩོན་གྱི་སྒོ་ནས་ཐེམ་ཆེན་རྫོང་གི་ཕྱུགས་ལས་ཅུའུ་དང་མཐུན་སྦྱོར་བྱས་ནས་གཟན་ཆས་ཏུན་ཉེར་དྲུག་བརྩོན་ལེན་བྱས་པ་དང་། ཏང་ཡོན་ལས་བྱེད་པས་རང་འགུལ་གྱི་སྒོ་ནས་སྒོར་མོ་སྟོང་ལྔ་དང་ལྔ་བརྒྱ་ལྔ་བཅུ་ཞལ་འདེབས་སུ་ཕུལ་ནས་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་ཐག་གཅོད་བྱས།

རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྐབས་སུ། བྲག་དམར་ཡུལ་ཚོའི་ཏང་ཨུ་ཡིས་མྱུར་དུ་བྱ་བ་བཀོད་སྒྲིག་བྱས་ཏེ། མང་ཚོགས་ལ་བརྩེ་སེམས་ཕུལ། ཏང་ཡོན་བརྒྱ་དང་ལྔ་བཅུ་རྩ་འཛུགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཏང་ཡོན་གདོང་ལེན་རུ་ཁག་གཅིག་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་དྲུག་བཙུགས་ཏེ། གཞི་རིམ་དུ་བསྐྱོད་དེ་གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤུགས་ཆེ་རུ་བཏང་བ་དང་། འབྲོག་པ་མང་ཚོགས་དང་རིམས་ནད་འགོག་པའི་མི་སྣ་གཉིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། གཟབ་ནན་དང་ཞིབ་ཆ་ལྡན་པའི་སྒོ་ནས་ཆ་འཕྲིན་ཕན་ཚུན་ལ་བཤད་པ་དང་། ཕྱིར་ལོག་མཁན་ལ་དོ་དམ་ཚོད་འཛིན་བྱེད་པ། སྤྱི་བའི་འདུ་གནས་སུ་དུག་སེལ་བྱེད་པ་སོགས་མཉམ་དུ་འགོག་སྲུང་དང་ཚོད་འཛིན་བྱེད་པ་དང་། ཚོགས་པ་བྱས་ནས་འགོག་སྲུང་དང་བཅོས་སྐྱོང་བྱེད་པའི་བྱེད་ཐབས་སྤྱད་དེ། ཚེ་སྲོག་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་དྲ་བ་མཉམ་དུ་བཙུགས་ཡོད།

བྲག་དམར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ལིས་ཡན་ཕིན་གྱིས་བཤད་རྒྱུར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བ་སྤེལ་བ་ནས་བཟུང་། ཡུལ་ཚོ་ཏང་ཨུ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་བྱ་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བར་གྱི་མཐུན་ཆ་བཙལ་ཏེ། “ཡུལ་ཚོའི་འགོ་ཁྲིད་ཚན་ཁག་དང་། སྡེ་སྡོད་བྱ་བའི་རུ་ཁག སྡེ་བའི་ལས་བྱེད་པ། ཏང་ཡོན་ལས་བྱེད་པ”བཅས་ཀྱིས་གྲུབ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཚན་ཆུང་བཙུགས། ཁྱིམ་ཚང་དུ་སོང་ནས་གནས་ཚུལ་ལ་རྟོག་དཔྱོད་བྱེད་པ་དང་། ཕན་ཚུན་བར་སེམས་གཏམ་བཤད་པ། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རྨང་གཞིའི་སྒྲིག་ཆས་དང་ཐོན་སྐྱེད་འཚོ་བ་སོགས་མང་ཚོགས་བྲེལ་བ་དང་། དཀའ་བ། རེ་སྒུག་བྱེད་པའི་གནད་དོན་བཅོ་ལྔ་ཞིབ་བཤེར་བྱས་པ་དང་། “ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཞེས་པའི་ལས་གཞིའི་གསལ་ཐོ་བཏོན་སྟེ། འགན་འཁྲི་ཁག་བགོས་དང་། དུས་ཚོད་ཀྱི་ཚད་བཀག་ལེགས་སྒྲིག་གསལ་བོ་བྱས་ནས་བྱ་བ་རེ་རེ་བཞིན་སྒྲུབ་ནས་འབྲོག་པ་མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བདེ་སྣང་བཅས་མཐོར་འདེགས་བཏང་ཡོད།

རྡོ་བཞི་སྡེ་བ་རུ་གསར་འགོད་པ་ཡངས་ཤིང་ཁོད་སྙོམས་པའི་སྡེ་བའི་བགྲོད་ལམ་དུ་བསྐྱོད་སྐབས། བོད་ལུགས་ཁྱད་ཆོས་ལྡན་པའི་ཁང་བ་གསར་བ་མང་པོ་གྲལ་སྟར་བསྒྲིགས་ཤིང་། སྡེ་བ་རིམ་པའི་སྤྱི་སྤྱོད་རིག་གནས་ཞབས་ཞུའི་ལྟེ་གནས་དང་། རིག་གནས་ཐང་ཆེན་སོགས་སྤྱི་སྤྱོད་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཡོད་པ་མཐོང་བྱུང་། “རྡོ་བཞི་སྡེ་བ་དེ་ལྟར་ཡིན་པ་དང་། བྲག་དམར་ཡུལ་ཚོའི་ཁོངས་སུ་གཏོགས་པའི་གྱ་གྱུ་སྡེ་བ་དང་། ཅི་གང་སྡེ་བ། རྒྱབ་ལུང་སྡེ་བ། ཆུ་ལུང་སྡེ་བ། རྟ་ན་སྡེ་བ་བཅས་འབྲོག་ལས་སྡེ་བ་ལྔ་ཡོད་པ་ཚང་མ་ཡང་དེ་ལྟར་རེད།”ལས་གྲོགས་ལིས་ཡན་ཕིན་གྱིས་བཤད་རྒྱུར། ད་ལྟ། བྲག་དམར་ཡུལ་ཚོའི་རིགས་སོ་སོའི་མང་ཚོགས་རྣམས་དགའ་སྤྲོའི་དཔལ་ལ་རོལ་བའི་རྣམ་པ་གང་སར་མཐོང་རྒྱུ་ཡོད་པ་དང་། མི་རིགས་མཐུན་སྒྲིལ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་བསམ་བློའི་འཚོལ་སྙེག་དེ་མི་རྣམས་ཀྱི་ཉིན་རྒྱུན་འཚོ་བའི་ནང་འདྲེས་ཡོད་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།