ཕན་ཚུན་ལག་གདང་སྦྲེལ་ནས་མཉམ་དུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་གྱི་ཁྱིམ་གཞིས་བསྐྲུན།
2022.03.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

 ང་ཚོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས།  ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་ཏང་གི་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་ལག་གདང་སྦྲེལ་ནས་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་པར་སྐུལ་མ་གཏོང་དགོས།

མཚོ་སྔོན་དུ་མི་རིགས་ཀྱི་བྱ་བ་མ་སྒྲུབ་ཚེ་ཁྱོན་ཡོངས་ལ་བསམ་བློ་གཏོང་མི་ཐུབ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐབས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ལ་ཞུགས་པ་དང་།  མཚོ་སྔོན་དུ་གཟིགས་ཞིབ་ཐེངས་གཉིས་ལ་གནང་སྐབས།  སྡོད་ཁུལ་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་གཡུལ་ས་གལ་ཆེན་ཞིག་ཏུ་བརྩིས་ནས་མི་རིགས་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་བ་དང་གཅིག་སེམས་གཅིག་འབྲེལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། མཉམ་དུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་གྱི་ཁྱིམ་གཞིས་བསྐྲུན་དགོས་ཞེས་བསྟན་པ་དང་།    ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་གནད་དུ་འཛིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ལས་དོན་དེ་ཁྱོན་ཡོངས་ཀྱི་གནས་ཚུལ་དུ་འཛིན་པ། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་པ།  བཅོས་སྒྱུར་ཟབ་སྤེལ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་སྤེལ་བྱེད་པ།  ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་གྱི་མ་དཔེ་བསྐྲུན་པ་བཅས་བྱས་པས།  རྒྱལ་ཡོངས་ནས་ཐོག་མར་གྲོང་ཁྱེར་དང་རྫོང70%རྒྱལ་ཡོངས་ཀྱི་དཔེ་སྟོན་ཁུལ་དུ་བསྐྲུན་པའི་ཞིང་ཆེན་དུ་གྱུར་བ་དང་། ལོ་གསུམ་ནང་རྨང་གཞི་འདིང་བ་དང་ལོ་བརྒྱད་ནང་སྔོན་ཐོན་བསྐྲུན་པའི་འབད་འཐབ་དམིགས་འབེན་སྔ་སྣུར་སྒོས་མངོན་འགྱུར་བྱུང་བ།    མོས་མཐུན་ལྔ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མིའི་སེམས་སུ་ཟུག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཐུན་པ་སྤུན་བཞི་ཡག་པོར་འབྲི་དགོས།

མཚོ་སྔོན་གྱི་ས་གཞི་ཆེན་པོར་བསྐྱོད་པ་ན།   མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བྱུང་ཞེས་པའི་སེམས་ཁོང་གི་སྐད་ཆ་ཐོས་ཐུབ་ལ། མི་རིགས་ཁག་གི་མཐུན་སྒྲིལ་ཡར་ཐོན་དང་དགའ་སྐྱིད་འཚོ་བའི་འཆམ་མཐུན་གྱི་རྣམ་པ་མཐོང་ཐུབ་པ།  མི་རིགས་ཁག་གི་མང་ཚོགས་ཚོས་གཅིག་སེམས་གཅིག་འབྲེལ་ངང་བརྗེ་རེས་བྱེད་པའི་དྲོ་སྐྱིད་ཚོར་ཐུབ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཁྱབ་ཁོངས་སོ་སོར་མཉམ་འདྲེས་བྱུང་ཡོད་པ་མཐོང་ཐུབ།

དཔྱིད་དུས་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཧར་སྦྱིན་སོག་རིགས་ཡུལ་ཚོར་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད།  ཞོགས་པར་སྡེ་བ་སོ་སོའི་སྡེ་དམངས་ཀྱི་ལག་འཁྱེར་ཁ་པར་ནས་སྐད་འཕྲིན་གྱི་དྲན་སྐུལ་སྒྲ་འཕྲོ་རིམ་འཕྲོར་གྲགས་པ་དེ་ནི། ཡུལ་ཚོ་སྲིད་གཞུང་གིས་སྐད་འཕྲིན་ཚོགས་པའི་ནང་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་བསྐུར་ཡོང་བ་དེ་རེད།   ཧར་སྦྱིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧའེ་ཡུན་གྱིས་བཤད་རྒྱུར།   ལོ་འདི་འགར་ང་ཚོའི་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 2021ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་འབུམ་བདུན་ལ་བསླེབས་པ་དང་།  ད་ལྟ་སྡེ་བའི་རྣམ་པ་ཇེ་ལེགས་སུ་སོང་བ་དང་སྡེ་མི་བར་གྱི་མཐུན་སྒྲིལ་ཧ་ཅང་བཟང་། ང་ཚོས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་བའི་མིག་དཔེའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། མཉམ་དུ་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིན་ཧའེ་ལམ་སློབ་ཆུང་གི་མི་རིགས་མཐུན་སྒྲིལ་སློབ་གསོའི་གླིང་དུ་བསྐྱོད་པ་ན། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མཚོན་པའི་རྡོ་བརྐོས་གྱང་དང་དགེ་སློབ་ཚོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྒྱུ་རྩལ་བརྩམས་ཆོས་སོགས་ཀྱིས་བྱིས་པ་ཚོར་དུས་དང་རྣམ་པ་ཀུན་ཏུ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་ལེན་བྱེད་དུ་བཅུག་ཡོད། སློབ་གྲྭས་བྱེད་སྟངས་སྣ་ཚོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གསོན་ཉམས་ལྡན་ལ་སྤྲོ་སྣང་ལྡན་པ་ཞིག་ཏུ་བཏང་ཡོད།   ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་སློབ་གྲྭའི་རྒྱུན་ལྡན་གྱི་སློབ་གསོ་དང་སློབ་ཁྲིད་བྱེད་སྒོའི་ནང་མཉམ་འདྲེས་བྱེད་པ་རྒྱུན་འཁྱོངས་བྱས་ནས། དགེ་སློབ་ཚོས་ཤུགས་རྐྱེན་ཟབ་མོ་ཐེབས་པའི་བྱེད་སྒོའི་ཁྲོད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཡིན་ཞེས་ཞིན་ཧའེ་ལམ་སློབ་ཆུང་གི་སློབ་གཙོ་གཞོན་པ་ཀྲང་ཐའོ་ཡིས་དེ་ལྟར་བཤད།

མཚོ་སྔོན་ནི་རྒྱལ་ཡོངས་མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱ་ཁྱོན་ཆེ་ཤོས་དང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱི་བསྡུས་ཚད་མཐོ་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོན་བྱེད་དང་ཚོད་ལྟའི་ས་ཁུལ་ཞིག་ཀྱང་ཡིན།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་པད་རྒྱལ་བཀྲ་ཤིས་ཀྱིས་བཤད་རྒྱུར། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་ལེགས་པོར་སྒྲུབ་དགོས་ན། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དམ་པོར་དམིགས་ཏེ།  ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་།  གསར་སྐྲུན་ལག་ལེན་ལ་མཐོང་ཆེན་བྱེད་པ།  དུས་རབས་ཀྱི་དོན་སྙིང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ།  རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་པ་དང་།  མི་རིགས་སོ་སོའི་བར་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག  ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བྱེད་པ།  མི་རིགས་སོ་སོའི་མང་ཚོགས་བར་གྱི་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ལ་སྔར་ལས་རང་རྟོགས་ངང་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས།  དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཟེར།

མི་རིགས་ཚང་མ་སེ་འབྲུ་རྡོག་པོ་བཞིན་དུ་དམ་པོར་སྦྲེལ་ཡོད།

མཚོ་སྔོན་གྱི་ས་གཞི་ཆེ་མོར་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་འོག ཕན་ཚུན་རོགས་རམ་དང་ཕན་ཚུན་བརྩི་འཇོག་བྱས་ཏེ།  སེ་འབྲུ་རྡོག་པོ་བཞིན་དུ་དམ་དུ་སྦྲེལ་ཡོད།  ལོ་མང་པོའི་རིང་ལ། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བས་དུས་ནམ་ཡང་གཞི་རིམ་ལ་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཞི་རིམ་དུ་བསྐྱོད་པ་བཅུའི”བྱེད་སྒོ་ཏན་ཏིག་ངང་སྤེལ་བ་དང་།  གསར་སྐྲུན་ལས་དོན་དེ་ལས་རིགས་ཁག་ལ་ཁྱབ་པར་བྱས་ནས།  དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་བཏོད་ཡོད།

“སྡོད་ཁུལ་ནི་རིགས་སོ་སོའི་སྡོད་དམངས་ཀྱི་ཐུན་མོང་གི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་པས། ང་ཚོས་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱེད་མཁན་དང་། སྐུལ་འདེད་གཏོང་མཁན། ལག་ལེན་བསྟར་མཁན་བཅས་བྱེད་པར་བརྩོན་ལེན་བྱེད་དགོས་ཞེས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཝུན་ཧུའེ་ལམ་ཁྲོམ་གཞུང་ཝུན་ཐིན་སྲང་ལམ་སྡོད་ཁུལ་གྱི་སྡོད་མི་ལིན་ཝུན་ཧའེ་ཡིས་དེ་ལྟར་བཤད།   ཁྱིམ་ཚང་ཆེན་པོ་འདིར་མི་རིགས་སོ་སོའི་སྡོད་དམངས་ཀྱིས་སེ་འབྲུ་རྡོག་པོ་བཞིན་དུ་སྤུན་ཟླའི་མཛའ་བརྩེ་དང་ཕན་ཚུན་རོགས་རེས་བྱས་ཏེ།  བརྩེ་སེམས་ཀྱི་འབྲེལ་ཟམ་བཙུགས་པ་དང་། མི་རིགས་སོ་སོའི་མི་དམངས་ཀྱིས་ལག་གདང་སྦྲེལ་བ་དང་གཅིག་སེམས་གཅིག་འབྲེལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གང་ལེགས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་གྱི་ཁྱིམ་གཞིས་མཉམ་དུ་བསྐྲུན་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མ་ཡེ་ཞང་གིས་བཤད་རྒྱུར། ནུས་ཤུགས་མཉམ་འདོན་ནི་ཆེས་རླབས་ཆེན་གྱི་སྟོབས་ཤུགས་ཞིག་ཡིན་ལ། མི་རིགས་མཐུན་སྒྲིལ་ནི་ཆེས་རྟག་བརྟན་གྱི་རྨང་རྡོ་ཡིན་པ།   མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱ་རྒྱུ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པ་རེད།   ང་ཚོ་མི་རེ་རེའི་མདུན་ལམ་དང་ལས་དབང་ཚང་མ་མེས་རྒྱལ་དང་དམ་པོར་འབྲེལ་ཡོད་པས། རྒྱལ་ཁབ་འཕེལ་རྒྱས་ཕྱིན་ཚེ་དམངས་ལ་བདེ་སྐྱིད་ལྡན་ངེས།  ང་ཚོས་ཀྲུང་དབྱང་གི་མི་རིགས་བྱ་བའི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།  རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པ་དང་།  ཆོས་དད་མང་ཚོགས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་མཚོ་སྔོན་གྱི་ལེའུ་རྩོམ་པར་བྱས་རྗེས་སྔར་ལས་ཆེ་བ་འཇོག་པར་རྩ་འཛུགས་དང་ཁྲིད་སྟོན་བྱེད་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིས་ལིས་ཅོན་གྱིས་བཤད་རྒྱུར།  ད་ལྟའི་མཚོ་སྔོན་དུ་དམངས་ཚིས་ལེགས་བཅོས་བྱེད་པར་འགན་སྲུང་ལེགས་པོ་ཡོད་པ་དང་།  སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ། མི་རིགས་མཐུན་སྒྲིལ་སྔར་ལས་དམ་ཟབ་ཡིན་པ་བཅས་ཀྱི་ཐོག་ནས།  མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་རྣམ་པ་བཟང་པོ་མངོན་ཡོད། མ་འོངས་པར་རྒྱང་ལྟ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་དང་།  མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་སྲུང་སྐྱོབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཀྱི་གནད་དོན་གལ་ཆེན་ཐད་མུ་མཐུད་དུ་བསམ་བློའི་ངོས་འཛིན་དང་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་།  མི་རིགས་ཁག་གི་མང་ཚོགས་ཀྱིས་ཡང་དག་པའི་མི་རིགས་ལྟ་བ་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཚེ།  གཞི་ནས་མི་རིགས་ཁག་གི་མཐུན་སྒྲིལ་ཇེ་དམ་དུ་འགྲོ་བ་དང་། ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱེད་པའི་སྟོབས་ཤུགས་ཇེ་ཆེར་འགྲོ་ཐུབ་ཅིང་།  མཉམ་དུ་གོང་འཕེལ་དང་མཉམ་དུ་དར་རྒྱས་ཡོང་བའི་ཆུ་ཚད་དེ་བས་ཇེ་མཐོར་འགྲོ་ཐུབ་ཟེར།

མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

འཕེལ་རྒྱས་གཏོང་རྒྱུ་ནི་མི་རིགས་བྱ་བ་ལེགས་པོར་སྒྲུབ་པའི་རྐང་འཛུགས་ས་ཡིན་ལ། མི་རིགས་ས་ཁུལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་ལྡེ་མིག་ལྟ་བུ་ཡིན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། དམངས་ཚིས་ལེགས་བཅོས། “ས་ཁུལ་བཞི”འཛུགས་སྐྲུན་སོགས་ཀྱི་འཐབ་ཇུས་གལ་ཆེན་དང་མཉམ་འདྲེས་དམ་ཟབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཉམ་འདྲེས་འཕེལ་རྒྱས་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དེ་འགག་རྩར་བརྩིས་ནས། མི་རིགས་སོ་སོས་མཉམ་སྤྱོད་བྱེད་པའི་དཔལ་འབྱོར་གྱི་ལས་རྣམ་གསར་པ་བསྐྲུན་ཡོད།

ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏུང་ཧི་ཡུལ་ཚོ་མཱ་ཅི་སྡེ་བས་ཤུགས་ཆེན་པོས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་སྟེ། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། 2021ལོར་ཡུག་ཙོས་བན་ལྗོངས་ཁུལ་གྱིས་ཡུལ་སྐོར་ཐོན་ལས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཡོང་འབབ་སྒོར་བྱེ་བ་གཅིག་ལ་སླེབས་པར་སྐུལ་ཁྲིད་བྱས་ཏེ།  སྡེ་མིར་ཁེ་སྤོགས་སྒོར་འབུམ་དགུ་བགོ་བཤའ་བརྒྱབ་པ་དང་། གྲོང་གསེབ་ཡུལ་སྐོར་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ནས།   སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ལག་བསྟར་བཟང་བོ་བྱེད་པར་སྒུལ་ཤུགས་དང་གསོན་ཤུགས་བསྣན་ཡོད།   གྲོང་གསེབ་དར་སྤེལ་གཏོང་བའི་ལམ་བུའི་སྟེང་ང་ཚོས་སྔར་ལས་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ཐོན་ལས་སྔར་ལས་དར་རྒྱས་དང་། ཁོར་ཡུག་སྔར་ལས་མཛེས་པ།  སྡེ་དམངས་སྔར་ལས་ཕྱུག་པ།  མི་རིགས་སྔར་ལས་མཉམ་འདྲེས་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན་ཞེས་མཱ་ཅི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིས་ཧྲི་ཞིན་གྱིས་དེ་ལྟར་བཤད།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཨ་ཧྲིན་ཆིན་གྱིས་བཤད་རྒྱུར།  གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཞིག་གི་ངོས་ནས་ད་ལྟའི་འཕེལ་རྒྱས་ཆེན་པོར་མྱོང་བ་ཟབ་མོ་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་མ་གཏོགས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱེད་མི་ཐུབ་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་མི་རིགས་སོ་སོ་གོང་བུར་འགྲིལ་བ་དང་འཕེལ་རྒྱས་འགྲོ་བ། དར་རྒྱས་གོང་འཕེལ་བཅས་འབྱུང་མི་ཐུབ་པར་མྱོང་ཚོར་ཟབ་མོ་ཡོད།  ང་ཚོས་འཚོལ་ཞིབ་དང་གསར་སྐྲུན་རྒྱུན་འཁྱོངས་དང་སྔོག་འདོན་དང་ཞུན་བརྡར་བྱས་ཏེ།  རང་སྡེ་ཁག་དང་ཁྱབ་ཁོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་གྱི་བཀྲག་མདངས་འཚེར་བའི་སྤུས་རྟགས་བསྐྲུན་པར་ཤུགས་སྣོན་བྱས་ནས། དུས་སྐབས་གསར་པའི་འོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་གྱི་དྲང་བཞག་གསར་སྐྲུན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅིན་ཧྭ་ཡིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ནི་ཕན་ཚུན་སྐུལ་འདེད་བྱེད་པའི་འབྲེལ་བ་ཡིན།   ད་ལོར་ངས་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་ཁུལ་ཁྱོན་ཡོངས་ནས་བསྐྲུན་པའི་སྐོར་གྱི་གྲོས་གཞི་བཏོན་ཡོད།  མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་སྤྱི་འདོམས་བྱེད་རྒྱུ་ནི་རྒྱང་རིང་གི་འཐབ་ཇུས་ཞིག་ཡིན་པས།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས།  ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་ཁུལ་བསྐྲུན་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་འཚོལ་ཞིབ་ཉམས་མྱོང་དང་། མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་དང་། འཆམ་མཐུན། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་དཔྱད་གཞིར་འཛིན་ཆོག་པའི་དཔེ་མཚོན་བསྐྲུན་དགོས་ཞེས་དེ་ལྟར་བཤད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།