མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།
2022.03.14 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 24

                                                              ཞི་ཅིན་ཕིང་།

བཅོས་སྒྱུར་སྒོ་འབྱེད་བྱས་རྗེས། ང་ཚོའི་ཏང་གིས་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་ཟབ་མོ་བྱས་པ་དང་། དབུལ་ཕོངས་ནི་སྤྱི་ཚོགས་རིང་ལུགས་མིན་པའི་ངོས་འཛིན་གསལ་པོ་བྱུང་ནས། སྲོལ་རྒྱུན་སྒྲིག་སྲོལ་གྱི་འཆིང་རྒྱ་ལས་སྒྲོལ་ཏེ། མི་ཁག་ཅིག་དང་ས་ཁུལ་ཁག་ཅིག་སྔོན་ལ་ཕྱུག་པོར་འགྱུར་ཆོག་པ་བྱས་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་དུས་མཚམས་ཀྱི་འགྱུར་ལྡོག་གསར་པར་སྟངས་འཛིན་བྱས་ཏེ།  དམངས་ཡོངས་ མཉམ་དུ་ཕྱུག་པོར་འགྱུར་རྒྱུ་དེ་གནས་བབ་གལ་ཆེན་ཞིག་ཏུ་བརྩིས་ནས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་དམངས་ཚིས་འགན་ལེན་དང་ལེགས་བཅོས་བྱེད་པ། དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པ།   ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་བཅས་བྱས་ཏེ། མཉམ་དུ་ཕྱུག་པོ་འགྱུར་བར་སྐུལ་འདེད་གཏོང་བར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། ད་ལྟ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ལོ་རྒྱུས་ཀྱི་དུས་རིམ་དུ་སླེབས་ཡོད།

ད་ལྟ་ང་ཚོ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་འཚམ་ཞིང་། མི་དམངས་ཀྱི་ཉིན་ བཞིན་འཕེལ་རྒྱས་འགྲོ་བའི་དགའ་སྐྱིད་འཚོ་བའི་དགོས་མཁོ་སྔར་བས་སྐོང་དགོས་ན། ངེས་པར་དུ་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཤུགས་འདོན་སར་བྱས་ནས། ཏང་གི་ཡུན་རིང་སྲིད་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་བྱང་ཚད་མཐོ་བའི་ངལ་རྩོལ་པ་དགོས་ཤིང་། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་སྤེལ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་། མི་ཤུགས་ཀྱི་མ་རྩ་ཇེ་མང་དུ་གཏོང་བ་བཅས་བྱས་ན། ད་གཟོད་གཙོ་རྒྱུ་ཀུན་འདུས་ཀྱི་ཐོན་སྐྱེད་ལས་ཆོད་མཐོ་རུ་གཏོང་ཐུབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་ཐུབ། མིག་སྔར། གོ་ལ་ཧྲིལ་པོའི་ཡོང་འབབ་འདྲ་མཉམ་མིན་པའི་གནད་དོན་འབུར་དུ་ཐོན་ཡོད་པ་དང་། རྒྱལ་ཁབ་ཁ་ཤས་ཀྱི་དབུལ་ཕྱུག་གཉིས་སུ་གྱེས་པ་དང་འབྱོར་འབྲིང་གྲལ་རིམ་ཐོར་ཞིག་ཏུ་སོང་བས། སྤྱི་ཚོགས་ཐར་ཐོར་དུ་ཕྱིན་པ་དང་། ཆབ་སྲིད་མཐའ་གཉིས་སུ་གྱེས་པ་སོགས་ཀྱི་བསླབ་བྱ་ཧ་ཅང་གཏིང་ཟབ་མོ་རེད། རང་རྒྱལ་གྱིས་ངེས་པར་དུ་ཕྱོགས་གཉིས་སུ་གྱེས་པར་མཐའ་གཅིག་ཏུ་སྔོན་འགོག་བྱེད་པ་དང་། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་བྱེད་དགོས།

དུས་མཚུངས་སུ། ང་ཚོས་ངེས་པར་དུ་གསལ་པོ་མཐོང་དགོས་པ་ཞིག་ནི།  རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁོངས་དང་ས་ཁོངས་བར་གྱི་འཕེལ་རྒྱས་དང་ཡོང་འབབ་ཀྱི་བར་ཁྱད་ཅུང་ཆེ་བ་རེད།   རབས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བར་མ་ཟད། ལས་ཞུགས་དང་ཡོང་འབབ་བགོ་བཤའ་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། དེའི་ནང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་འགའ་ཤས་ཚུད་ཡོད་པས་ཁ་གཏད་ནུས་ལྡན་འཇལ་བ་དང་ཐག་གཅོད་ནུས་ལྡན་བྱེད་དགོས།

མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་རེད། ང་ཚོས་བརྗོད་པའི་ མཉམ་དུ་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་ནི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཀ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན་པ་ལས། མི་ཉུང་ཤས་ཤིག་ཕྱུག་པོར་འགྱུར་བ་ཞིག་མིན་ལ། གོམ་སྟབས་གཅིག་གྱུར་གྱི་ཆ་སྙོམས་རིང་ལུགས་ཤིག་ཀྱང་མ་ཡིན།

དུས་རིམ་མི་འདྲ་བའི་དམིགས་འབེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་དུས་རིམ་དབྱེ་ནས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་ཡོང་བར་གོམ་སྟབས་བརྟན་པོ་ཞིག་སྤོས་ནས་སྡོད་དམངས་ཀྱི་ཡོང་འབབ་དང་དོན་དངོས་ཀྱི་འཛད་སྤྱོད་ཆུ་ཚད་བར་གྱི་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་གཏོང་དགོས། 2035ལོར་སླེབས་སྐབས།  དམངས་ཡོངས་མཉམ་དུ་ཕྱུག་འགྱུར་ཡོང་བར་ངོ་བོའི་རང་བཞིན་ལྡན་པའི་གྲུབ་འབྲས་སྔར་ལས་མངོན་གསལ་ཐོབ་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་བྱེད་དགོས། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་དམངས་ཡོངས་ མཉམ་དུ་ཕྱུག་པོར་འགྱུར་བ་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་རྒྱུ་དང་།  སྡོད་དམངས་ཀྱི་ཡོང་འབབ་དང་འཛད་སྤྱོད་ཆུ་ཚད་ཀྱི་བར་ཁྱད་དེ་ལུགས་མཐུན་གྱི་བར་མཚམས་སུ་ཇེ་ཆུང་དུ་གཏོང་དགོས།  མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་རྩ་གནད་གཏན་འབེབས་བྱ་རྒྱུ་དམ་འཛིན་བྱས་ནས། ཚན་རིག་དང་མཐུན་ཞིང་ལག་བསྟར་བྱེད་ཐུབ་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་དམིགས་ཚད་མ་ལག་དང་དཔྱད་ཞིབ་བྱེད་ཐབས་འདོན་དགོས།

མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་སྤེལ་གཏོང་བར་གཤམ་གསལ་གྱི་རྩ་དོན་དམ་འཛིན་ཡག་པོ་བྱེད་དགོས།

ལས་བརྩོན་གསར་བསྐྲུན་བྱས་ནས་ཕྱུག་པོར་འགྱུར་བར་སྐུལ་མ་གཏོང་དགོས། བདེ་སྐྱིད་ཀྱི་འཚོ་བ་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཡིན་པས། མཉམ་དུ་ཕྱུག་པོར་འགྱུར་དགོས་ན་བློ་རིག་ལྡན་ཞིང་ལས་ལ་བརྩོན་པར་བརྟེན་ནས་གསར་སྐྲུན་བྱེད་དགོས། འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་དམངས་ཚིས་འགན་ལེན་དང་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཨང་དང་པོར་བཞག་ནས། མི་དམངས་ལ་སློབ་གསོ་ཐོབ་ཚད་ཇེ་མཐོར་གཏོང་བ་དང་། འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་ཆེད་སྔར་ལས་ཀུན་ཕན་དང་དྲང་གཞག་གི་ཆ་རྐྱེན་བསྐྲུན་ནས། སྤྱི་ཚོགས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་ཆེད་ལས་ རྩལ་ནུས་ཇེ་ལེགས་སུ་གཏོང་བ་དང་། ལས་ཞུགས་ལས་བསྐྲུན་གྱི་ནུས་པ་ཆེ་རུ་གཏོང་བ། ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས།   སྤྱི་ཚོགས་ཀྱི་གྲལ་རིམ་སྲ་འགྱུར་མི་ཡོང་བ་དང་། མདུན་དུ་སྐྱོད་པའི་འགྲོ་ལམ་ཤར་བགྲོད་ཡོང་བ།   མི་སྔར་ལས་མང་བར་ཕྱུག་འགྱུར་གྱི་གོ་སྐབས་བསྐྲུན་པ།   མི་ཚང་མ་ཞུགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཆགས་པ་བཅས་བྱེད་དགོས།

གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ལ་གཞི་བཙུགས་ཏེ།  “གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས་”རྒྱུན་འཁྱོངས་བྱེད་དགོས། སྤྱི་ལ་དབང་བའི་ལམ་ལུགས་གཙོར་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ནས། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་སྤེལ་གཏོང་བའི་ཁྲོད་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ནུས་པ་གལ་ཆེན་ཤུགས་ཆེན་པོས་འདོན་སྤེལ་བྱེད་པ་དང་ཆབས་ཅིག  སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་གྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱེད་དགོས།  མི་ཁག་གཅིག་སྔོན་ལ་ཕྱུག་པོར་འགྱུར་བར་བྱེད་པ་དང་ཆབས་ཅིག  སྔོན་ལ་ཕྱུག་པོར་འགྱུར་མཁན་གྱིས་རྗེས་སུ་ཕྱུག་པོར་འགྱུར་མཁན་ལ་ཁྲིད་སྟོན་བྱེད་པ།  དཀའ་སྤྱད་འབད་འཐབ་དང་། ཁྲིམས་མཐུན་གཉེར་སྐྱོང་། བྱ་གཞག་གསར་བསྐྲུན་བྱེད་ཕོད་པ་བཅས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་རྣམས་ལ་སྐུལ་མ་བྱེད་དགོས། མགོ་གཡོག་མགོ་བསྐོར་གྱིས་ཕྱུག་པོར་འགྱུར་བ་དར་སྤེལ་གཏོང་མི་རུང་ལ། ཁྲིམས་འགལ་སྒྲིག་འགལ་གྱི་རིགས་རྣམས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།

གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་དགོས། ཚན་རིག་དང་མཐུན་པའི་སྤྱི་པའི་སྲིད་ཇུས་མ་ལག་བཙུགས་ཏེ།  བག་ལེབ་ཡག་པོར་བགོས་ནས་མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ལུགས་མཐུན་གྱི་བགོ་བཤའ་རྒྱག་སྟངས་ཤིག་ཆགས་པར་བྱེད་དགོས། སྟོབས་ཤུགས་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ནན་མོ་སྤྱད་དེ་མི་དམངས་མང་ཚོགས་ལ་ཐོབ་སྣང་སྔར་ལས་མང་བ་ཡོང་བར་བྱེད་དགོས། དུས་མཚུངས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཆུ་ཚད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ན་ད་དུང་བར་ཁྱད་ཧ་ཅང་ཆེན་པོ་ཡོད་པའང་མཐོང་ཐུབ་པར་བྱེད་དགོས། དགོས་མཁོ་དང་སྒྲུབ་ཐུབ་ཚད་གཅིག་གྱུར་འཆར་འགོད་བྱས་ཏེ་དམངས་ཚིས་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དེ། དཔལ་འབྱོར་འཕེལ་རྒྱས་དང་ནོར་ཤུགས་རྒྱུན་མཐུད་ཐུབ་པའི་རྨང་གཞིའི་ཐོག་འཇོག་དགོས་པ་ལས་ཆེ་འདོད་མཐོ་འདོད་དང་། དམིགས་ཡུལ་ཆེན་པོ་བཅངས་ནས་འགྲུབ་མི་ཐུབ་པར་དམ་བཅས་མི་རུང་།    སྲིད་གཞུང་གིས་ཚང་མ་འགན་ལེན་བྱེད་མི་རུང་བར་གཙོ་བོ་ནི་རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་ཚིས་འགན་ལེན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད། སླད་ཕྱིན་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་མཐོ་བ་དང་ནོར་ཤུགས་སྔར་ལས་ཆེ་བར་གྱུར་ནའང་དམིགས་ཚད་མཐོ་དྲགས་པ་དང་།  འགན་སྲུང་ཆེ་ཚད་དྲགས་པ།  “ཕན་བདེ་རིང་ལུགས་”ཀྱི་ལེ་ལོ་གཡོ་སྒྱུ་ཅན་གསོ་བའི་གནས་སུ་ལྷུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།

གོམ་པ་རིམ་བགྲོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  མཉམ་དུ་ཕྱུག་པོར་འགྱུར་བ་ནི་ཡུན་རིང་གི་དམིགས་འབེན་ཞིག་ཡིན་པས། བརྒྱུད་རིམ་ཞིག་དགོས་པ་ལས་བྱེད་ཐེངས་གཅིག་ལ་འགྲུབ་ཐུབ་པའི་ངེས་པ་མེད། དེའི་ཡུན་རིང་གི་རང་བཞིན་དང་། དཀའ་ཚེགས་ཆེ་བའི་རང་བཞིན། རྙོག་འཛིང་ཆེ་བའི་རང་བཞིན་བཅས་ལ་ཚོད་དཔག་གང་ལེགས་བྱེད་དགོས་པ་དང་། ལས་ཀ་འདི་ལེགས་པོ་སྒྲུབ་པར་སྒུག་མི་རུང་ལ་བྲེལ་བ་ཡང་བྱེད་མི་རུང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཁ་ཤས་ཀྱིས་བཟོ་ལས་ཅན་དུ་བསྒྱུར་ནས་ལོ་ངོ་བརྒྱ་ཕྲག་ཁ་ཤས་འགོར་ཡོད་མོད། འོན་ཀྱང་སྤྱི་ཚོགས་ཀྱི་ལམ་ལུགས་ཀྱི་དབང་གིས་ད་ལྟ་མཉམ་དུ་ཕྱུག་པོར་འགྱུར་བའི་གནད་དོན་ད་དུང་ཐག་གཅོད་བྱེད་མ་ཐུབ་པར།  དབུལ་ཕྱུག་གི་བར་ཁྱད་ཆེ་རུ་འགྲོ་བའི་གནད་དོན་སྔར་ལས་ཚབས་ཆེར་འགྲོ་བཞིན་ཡོད། ང་ཚོར་ངང་རྒྱུད་རིང་པོ་དགོས་པ་དང་། བདེན་པ་བདེན་ཐུབ་ཀྱིས་ལས་དོན་རེ་རེ་བཞིན་ཡག་པོར་བསྒྲུབས་ནས་ཕན་འབྲས་དངོས་སུ་ཐོན་པར་བྱེད་དགོས། ཀྲེ་ཅང་གི་མཉམ་དུ་ཕྱུག་འགྱུར་དཔེ་སྟོན་ཁུལ་འཛུགས་སྐྲུན་དམ་འཛིན་ལེགས་པོ་བྱས་ཏེ། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ཏེ་ནུས་ལྡན་ཐབས་ལམ་འཚོལ་ཞིབ་དང་། ཉམས་མྱོང་ཕྱོགས་བསྡོམས། རིམ་བཞིན་ཁྱབ་སྤེལ་བཅས་བྱེད་པར་སྐུལ་མ་གཏོང་དགོས།

སྤྱིའི་བསམ་ཕྱོགས་ནི། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ། ལས་ཆོད་དང་དྲང་གཞག་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཐོག་མའི་བགོ་བཤའ་དང་ཡང་བསྐྱར་བགོ་བཤའ། བགོ་བཤའ་ཐེངས་གསུམ་བཅས་མཐུན་སྦྱོར་ཆ་ཚང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་བྱེད་པ། ཁྲལ་བསྡུ་དང་སྤྱི་ཚོགས་འགན་བཅོལ། གཏོང་སྤྲོད་སྤོ་སྒྱུར་སོགས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག གནད་འཁེལ་རང་བཞིན་ཆེ་རུ་གཏོང་བ་དང་ཡོང་འབབ་འབྲིང་བའི་མི་ཚོགས་ཀྱི་བསྡུར་ཚད་ཆེ་རུ་གཏོང་བ།  ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ། ཡོང་འབབ་མཐོ་གྲས་སྙོམས་སྒྲིག་ལུགས་མཐུན་བྱེད་པ། ཁྲིམས་འགལ་གྱི་ཡོང་འབབ་མེད་པར་བཟོ་བ།  སྤྱི་ཚོགས་དྲང་བཞག་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཅས་བྱས་ཏེ།   དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དམིགས་འབེན་གྱི་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་ཐུབ་པར་བྱེད་དགོས།

དང་པོ། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་། མཐུན་འགྲིག་རང་བཞིན། ཁོང་ཡངས་རང་བཞིན་བཅས་ཇེ་མཐོར་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང་། འཕེལ་རྒྱས་སྔར་ལས་དོ་མཉམ་དང་། སྔར་ལས་མཐུན་སྦྱོར། སྔར་ལས་ཁོང་ཡངས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ས་ཁོངས་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་ཆེ་རུ་གཏོང་བ་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། སྤོ་སྒྱུར་གཏོང་སྤྲོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ས་ཁོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་གཏོང་སྒོའི་ཁྱད་པར་ཇེ་ཆུང་དུ་གཏོང་བ་བཅས་བྱས་ནས། དར་རྒྱས་མིན་པའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་རིགས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་བྱེད་པ་དང་། སྒེར་སྡེམ་ལས་རིགས་བཅོས་སྒྱུར་བྱེད་པ་ཇེ་མགྱོགས་སུ་བཏང་ནས། དངུལ་རྩ་དང་ས་ཁང་བདག་ཁོངས་དེ་དངོས་གཞིའི་དཔལ་འབྱོར་དང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས། ཁེ་ལས་ཆེ་འབྲིང་ཆུང་གསུམ་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་སྐུལ་འདེད་གཏོང་བའི་ཁེ་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་དགོས།

གཉིས་པ། ཡོང་འབབ་འབྲིང་གྲས་ཚོགས་པའི་གཞི་ཁྱོན་རྒྱ་སྐྱེད་གཏོང་བར་ཤུགས་སྣོན་བྱེད་དགོས། གཙོ་གནད་དམ་འཛིན་དང་གནད་འཕིགས་ཇུས་འདོན་བྱས་ཏེ། ཡོང་འབབ་དམའ་བའི་མི་ཚོགས་སྔར་ལས་མང་བ་ཡོང་འབབ་འབྲིང་གྲས་ཀྱི་གྲས་སུ་སླེབས་པར་སྐུལ་འདེད་གཏོང་དགོས། མཐོ་རིམ་སློབ་གྲྭའི་མཐའ་ཕྱིན་སློབ་མ་ནི་ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་ནང་ཞུགས་ཐུབ་པར་རེ་བ་ཡོད་པའི་ཕྱོགས་གལ་ཆེན་ཞིག་ཡིན་པས། མཐོ་རིམ་སློབ་གསོའི་སྤུས་ཚད་ཇེ་མཐོར་བཏང་སྟེ།  དམིགས་བསལ་གྱི་ཡོན་ཏན་ལྡན་པ་དང་སྦྱངས་པ་གོ་ཆོད་པར་བྱས་ནས་ཁོ་ཚོ་མགྱོགས་མྱུར་ངང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་རོགས་རམ་བྱེད་དགོས། ལག་རྩལ་བཟོ་པ་ཡང་ཡོང་འབབ་འབྲིང་གྲས་ཚོགས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས།  རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་བཟོ་པའི་གླ་ཕོགས་དང་ཐོབ་ཐང་ཇེ་མཐོར་བཏང་སྟེ། བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་སྔར་ལས་མང་བ་ལག་རྩལ་བཟོ་པའི་དཔུང་ཁག་ཏུ་ཞུགས་པར་འགུག་ཐབས་བྱེད་དགོས། ཁེ་ལས་འབྲིང་ཆུང་གི་བདག་པོ་དང་ཁེར་གཉེར་བཟོ་ཚོང་ཁྱིམ་ཚང་ནི་ལས་སྐྲུན་ཕྱུག་འགྱུར་གྱི་མི་ཚོགས་གལ་ཆེན་ཞིག་ཡིན་པས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཁྲལ་གྲོན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། ཚོང་ར་ཅན་གྱི་དངུལ་རྩའི་ཞབས་ཞུ་སྔར་ལས་མང་བ་མཁོ་འདོན་བཅས་བྱས་ནས། ཁོ་ཚོར་གཉེར་སྐྱོང་བརྟན་པོ་དང་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུར་རོགས་རམ་བྱེད་དགོས། གྲོང་ཁྱེར་དུ་ཡོང་བའི་ཞིང་པ་ལས་མི་ནི་ཡོང་འབབ་འབྲིང་གྲས་མི་ཚོགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པས། ཁྱིམ་ཐོའི་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱས་ནས་ཞིང་ལས་སྤོ་སྒྱུར་མི་གྲངས་དང་དེའི་བྱིས་པའི་སློབ་གསོ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། ཁོ་ཚོ་བློ་བདེ་མོའི་ངང་གྲོང་ཁྱེར་དུ་ཡོང་ནས་ལས་ཞུགས་བརྟན་པོ་ཡོང་བར་བྱེད་དགོས། གཞུང་ཞབས་པ་དང་ལྷག་པར་དུ་གཞི་རིམ་གྱི་ལས་གནས་དང་པོའི་གཞུང་ཞབས་པ་དང་། དེ་བཞིན་རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་ལས་དོན་སྡེ་ཚན་གྱི་གཞི་རིམ་ལས་བཟོ་པའི་གླ་ཕོགས་དང་ཐོབ་ཐང་འོས་འཚམ་སྒོས་ཇེ་མཐོར་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ སྡོད་དམངས་ཀྱི་སྡོད་ཁང་དང་།   ཞིང་སྡེའི་ས་ཞིང་། དངུལ་རྩའི་རྒྱུ་ནོར་སོགས་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་སྣ་ཚོགས་འཕར་སྣོན་གཏོང་དགོས།

གསུམ་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཡོང་འབབ་དམའ་བའི་མི་ཚོགས་ནི་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་གཙོ་གནད་རོགས་སྐྱོར་དང་འགན་སྲུང་བྱེད་མཁན་གྱི་མི་ཚོགས་ཡིན།  ཀུན་ཕན་རང་བཞིན་གྱི་མི་ཤུགས་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་གསོའི་ཁུར་པོ་ཇེ་ཡང་དུ་གཏོང་བ། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་བྱིས་པར་སློབ་གསོ་ཐོབ་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། རྒན་གསོ་དང་སྨན་བཅོས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལས་བཟོ་པ་དང་གྲོང་མིའི་བར། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་མ་དངུལ་གྲབས་གསོག་དང་འགན་སྲུང་ཐོབ་ཐང་གི་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་མ་དངུལ་གྱི་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་དགོས། མཐའ་སྐྱོང་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རོགས་སྐྱོབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚད་གཞིའི་བར་ཁྱད་མགྱོགས་མྱུར་ངང་ཇེ་ཆུང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་བ་བཅས་བྱས་ནས།  གཞི་རྩའི་འཚོ་བའི་མཐའ་ཚད་སྲུང་ཐུབ་པར་བྱེད་དགོས། སྡོད་ཁང་མཁོ་འདོན་དང་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་སོ་སོར་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་།  ཡུན་རིང་གླ་གཏོང་གི་ཁང་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། འགན་སྲུང་རང་བཞིན་གྱི་གླ་གཏོང་སྡོད་ཁང་མཁོ་སྤྲོད་བྱེད་རྒྱུ་ཇེ་མང་དུ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས། གྲོང་མི་གསར་པའི་སྡོད་ཁང་གི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་ཡག་པོ་བྱེད་དགོས།

བཞི་པ། ཡོང་འབབ་མཐོ་བ་ཚད་ལྡན་དུ་གཏོང་བ་དང་ལེགས་སྒྲིག་བྱེད་པར་ཤུགས་སྣོན་བྱེད་དགོས།  ཁྲིམས་ལྟར་ཁྲིམས་མཐུན་གྱི་ཡོང་འབབ་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག མཐའ་གཉིས་སུ་གྱེས་པར་སྔོན་འགོག་དང་བགོ་བཤའ་འདྲ་མཉམ་མིན་པ་མེད་པར་བཟོ་དགོས། ཡོང་འབབ་མཐོ་དྲགས་པ་སྙོམས་སྒྲིག་ལུགས་མཐུན་དང་། སྒེར་གྱི་ཐོབ་ཁྲལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། མ་རྩའི་རང་བཞིན་གྱི་ཐོབ་ཆ་དོ་དམ་བྱེད་སྟངས་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། ས་ཁང་བདག་ཁོངས་ཀྱི་ཁྲལ་བསྡུའི་ཁྲིམས་འཛུགས་དང་ བཅོས་སྒྱུར་བརྟན་པོའི་ངང་སྤེལ་ནས་ཚོད་ལྟའི་ལས་དོན་ཡག་པོར་སྒྲུབ་དགོས། འཛད་སྤྱོད་བྱེད་སྐབས་ཀྱི་ཁྲལ་བསྡུ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བར་ཞིབ་འཇུག་བྱེད་དགོས། སྤྱི་ཕན་དགེ་སྒྲུབ་ལས་དོན་ཚད་ལྡན་ཅན་དུ་དོ་དམ་བྱེད་པར་ཤུགས་སྣོན་བྱེད་པ་དང་། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཡོང་འབབ་མཐོ་བའི་མི་ཚོགས་དང་ཁེ་ལས་ཀྱིས་སྤྱི་ཚོགས་ལ་དྲིན་ལན་སྔར་ལས་མང་བ་འཇལ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས།  ལུགས་དང་མི་མཐུན་པའི་ཡོང་འབབ་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་དང་། སྒེར་སྡེམ་ལས་རིགས་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཡོང་འབབ་བགོ་བཤའི་དོ་དམ་ལ་ཤུགས་སྣོན་བྱེད་པ། ཡོང་འབབ་བགོ་བཤའི་སྒྲིག་ལམ་ལེགས་སྒྲིག་བྱེད་པ།  བཅོས་སྒྱུར་གྱི་མིང་ཐོག་ནས་རྣམ་པ་བསྒྱུར་ནས་མཐོ་རིམ་དོ་དམ་པའི་ཡོང་འབབ་ཇེ་མང་དུ་གཏོང་བ་སོགས་ཀྱི་བགོ་བཤའི་ཟང་ཟིང་གི་སྣང་ཚུལ་གཙང་བཤེར་བཅས་བྱེད་དགོས། ཁྲིམས་འགལ་གྱི་ཡོང་འབབ་བཀག་སྡོམ་མཐའ་གཅིག་ཏུ་བྱེད་པ་དང་། དབང་དངུལ་བརྗེ་འཚོང་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། ནང་ཁོངས་ཉོ་ཚོང་དང་། རྐང་དངུལ་འཛིན་ལོར་གྱི་ཉོ་ཚོང་ཚོང་རར་ཚོད་འཛིན། ནོར་དོན་རྫུན་བཟོ། ཁྲལ་སྐུང་ཁྲལ་ཆད་སོགས་ཁྲིམས་འགལ་གྱི་ཡོང་འབབ་ལེན་པའི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།

ལོ་མང་པོའི་རིང་འཚོལ་ཞིབ་བྱས་པ་བརྒྱུད་ང་ཚོས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་བྱེད་ཐབས་ཆ་ཚང་ཡོད་མོད། འོན་ཀྱང་ཇི་ལྟར་བྱས་ཏེ་ཕྱུག་འགྱུར་གྱི་གནད་དོན་ཐད་ད་དུང་ཉམས་མྱོང་འཚོལ་ཞིབ་བྱེད་དགོས། བདག་དབང་དང་ཤེས་བྱའི་ཐོན་དངོས་བདག་དབང་ལ་སྲུང་སྐྱོབ་བྱས་ནས་ཁྲིམས་མཐུན་ཕྱུག་འགྱུར་ལ་སྲུང་སྐྱོབ་བྱེད་དགོས། མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཚོར་སྐྱེན་ཁྱབ་ཁོངས་ནང་འཛུལ་ཆོག་པའི་ལྡོག་ཕྱོགས་ཀྱི་ཞིབ་ཐོ་བཀོད་དེ་སྒེར་སྡེམ་ལ་རྒོལ་བའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་དགོས། དུས་མཚུངས་སུ། ཁེ་ལས་པའི་བརྩོན་སེམས་སྐུལ་སློང་བྱས་ཏེ། མ་རྩ་སྣ་ཚོགས་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

ལྔ་པ། མི་དམངས་ཀྱི་བསམ་པའི་འཚོ་བ་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་དགོས།  མཉམ་དུ་ཕྱུག་པོར་འགྱུར་བ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་གཉིས་ཚད་མཐོན་པོས་གཅིག་གྱུར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོར་ཤུགས་སྣོན་བྱེད་པ། སྤྱི་པའི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་། རིམ་པ་མང་བ། ཕྱོགས་མང་བ་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།  མཉམ་དུ་ཕྱུག་པོར་འགྱུར་བའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་པ་དང་།  ངོས་འཛིན་རབ་རིབ་རྣམས་གསལ་པོར་བཟོ་བ།   དཀའ་ངལ་ལ་སྐྲག་པའི་བསམ་ཚུལ་སྔོན་འགོག་བཅས་བྱས་ཏེ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་འདོན་སྤྲོད་བྱེད་དགོས།

དྲུག་པ། ཞིང་པ་དང་གྲོང་གསེབ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ལས་འགན་དཀའ་ཚེགས་ཆེ་ཤོས་ནི་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད། གྲོང་གསེབ་ཀྱི་མཉམ་དུ་ཕྱུག་འགྱུར་ཡོང་བའི་ལས་དོན་ལ་དམ་འཛིན་བྱེད་དགོས་མོད། འོན་ཀྱང་དབུལ་ཐར་མཁྲེགས་གཏོར་དང་འདྲ་བར་གཅིག་གྱུར་གྱི་ཚད་འབེབས་དམིགས་ཚད་འདོན་མི་རུང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས་པ་དང་། དབུལ་པོར་འགྱུར་སླ་བའི་མི་གྲངས་ལ་ལྟ་ཞིབ་ཚད་ལེན་དང་། སྔ་མོ་ནས་ཐེ་གཏོགས་བྱེད་པ། དབུལ་ཐར་རྫོང་ལ་རོགས་སྐྱོར་བྱེད་པ། གཞི་ཁྱོན་ལྡན་པའི་དབུལ་པོར་བསྐྱར་ལོག་དང་གསར་དུ་དབུལ་པོར་མི་འགྱུར་བར་ཁག་ཐེག་བཅས་བྱེད་དགོས། གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་ལས་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་རྒྱུ་ནོར་སླར་གསོ་བྱས་ནས་འཁོར་རྒྱུགས་བྱེད་པ། ཞིང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཇེ་མང་དུ་གཏོང་བ་བཅས་བྱས་ནས།  གྲོང་གསེབ་སྡོད་དམངས་སྔར་ལས་མང་བ་ལས་བརྩོན་ཕྱུག་འགྱུར་ཡོང་བར་བྱེད་དགོས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།

ངས་སྤྱིའི་ཆ་ནས་བལྟས་ན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་འདྲ་བར།  དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་སྤྱི་ཁོག་གི་དོན་སྤྱི་ཞིག་ཡིན་པ་དང་། སྤྱི་ཚོགས་ཡོངས་ལ་མཚོན་ནས་བཤད་ན། གྲོང་ཁྱེར་དང་གྲོང་གསེབ། ཡང་ན་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་དུ་ཁག་བགོས་བྱེད་རྒྱུ་མེད་པར། སོ་སོས་དམིགས་ཚད་སྣ་ཚོགས་བཏོན་ཏེ་ཕྱོགས་ཡོངས་ཀྱི་ཐད་ལ་བལྟ་དགོས། ང་ཚོས་མི་གྲངས་དུང་ཕྱུར14ལྷག་མཉམ་དུ་ཕྱུག་པོར་འགྱུར་དགོས་ན། ངེས་པར་དུ་ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་པ་ལས། མི་ཚང་མ་དུས་གཅིག་ཏུ་ཕྱུག་པོར་འགྱུར་བ་ཞིག་མིན་ལ། ས་ཁུལ་ཡོད་ཚད་དུས་གཅིག་ཏུ་ཕྱུག་པོར་འགྱུར་བའི་ཆུ་ཚད་ཅིག་ཏུ་སླེབས་པ་ཡང་མིན། མི་ཚོགས་མི་འདྲ་བ་ཕྱུག་པོར་འགྱུར་བའི་ཆུ་ཚད་ལ་མཐོ་དམའ་ཡོད་པར་མ་ཟད། དུས་ཡུན་ཐད་ལའང་སྔ་ཕྱི་ཡོད། ས་ཁུལ་མི་འདྲ་བའི་བར་ཕྱུག་པོར་འགྱུར་ཚད་ལ་བར་ཁྱད་ངེས་ཅན་ཞིག་ཡོད་སྲིད་པས་དཔུང་གཤིབ་མཉམ་སྐྱོད་བྱེད་མི་ཐུབ། འདི་ནི་འགུལ་རྣམ་ཁྲོད་མདུན་དུ་སྐྱོད་པའི་བརྒྱུད་རིམ་ཞིག་ཡིན་པས། རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།