དགའ་བདེ་རྫོང་གིས་རིག་གནས་དང་ལོ་རྒྱུས་ཀྱི་ཡིག་རིགས་བྱ་བ་བརྩོན་པས་བསྒྲུབ་རྒྱུ་རེད།
2022.03.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

ཉེ་བའི་ལོ་འགའི་རིང་ལ། དགའ་བདེ་རྫོང་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་རིག་གནས་དང་ལོ་རྒྱུས་ཀྱི་ཡིག་རིགས་བྱ་བ་དེ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས། རྩ་འཛུགས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། འཚོལ་སྡུད་མ་ལག་བཅས་ཆགས་སུ་བཅུག་སྟེ། ཟུར་མི་འདྲ་བ་ནས་རིག་གནས་དང་ལོ་རྒྱུས་ཡིག་རིགས་སྔོག་འདོན་དང་སྡུད་སྒྲིག་བྱས་པས། རིག་གནས་དང་ལོ་རྒྱུས་ཡིག་རིགས་བྱ་བ་གསར་གཏོད་བྱེད་པ་དང་འཕེལ་རྒྱས་ཡོང་བར་ཕན་ནུས་ལྡན་པའི་སྒོ་ནས་སྐུལ་འདེད་དང་། སྲིད་གྲོས་ཀྱི་རིག་གནས་དང་ལོ་རྒྱུས་ཡིག་རིགས་བྱ་བའི"ལོ་རྒྱུས་ཉར་ཚགས་དང་སྲིད་དོན་ལ་རོགས་སྐྱོར། མཐུན་སྒྲིལ། མི་སྣ་གསོ་སྐྱོང་"བཅས་ཀྱི་ཐོག་ནས་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས།

ནང་རྐྱེན་འཛུགས་སྐྲུན་ལ་ཤུགས་བསྣན་ནས་རིག་གནས་དང་ལོ་རྒྱུས་ཀྱི་བྱ་བ་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གྲོས་གཞི་དང་སློབ་རིག་ཚན་འཕྲོད་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཙུགས་ནས།《དགའ་བདེ་རྫོང་སྲིད་གྲོས་ཀྱི་རིག་གནས་དང་ལོ་རྒྱུས་ཡིག་རིགས་བྱ་བའི་འཆར་འགོད》དང་།《རིག་གནས་དང་ལོ་རྒྱུས་བྱ་བའི་ལམ་ལུགས》སོགས་ཀྱི་ལམ་ལུགས་དང་ཇུས་གཞི་སྒྲིག་བཟོ་གཏན་འབེབས་བྱེད་པ་དང་། ཆེད་སྤྱོད་གྲོན་དངུལ་དངོས་འབེབས་བྱེད་པ། དགའ་བདེ་རྫོང་གི་རིག་གནས་དང་ལོ་རྒྱུས་ཡིག་རིགས་ཁང་འཛུགས་སྐྲུན་བྱས་ཏེ། རིག་གནས་དང་ལོ་རྒྱུས་བྱ་བ་ཚད་ལྡན་ཅན་དུ་འཕེལ་རྒྱས་གཏོང་བར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

འཇོན་མིའི་རྨང་གཞི་ཇེ་བརྟན་དུ་བཏང་ནས་རིག་གནས་དང་ལོ་རྒྱུས་བྱ་བ་ཆེད་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྲིད་གྲོས་ཀྱི་རིག་མཛོད་དང་སྲིད་ཞུགས་སྲིད་གླེང་གི་འཇོན་མིའི་མཛོད་བཙུགས་ཏེ། ཆེད་མཁས་པ་བཅུ་གདན་འདྲེན་བྱས་ནས་རིག་མཛོད་དང་སྲིད་ཞུགས་སྲིད་གླེང་གི་འཇོན་མིའི་མཛོད་ཀྱི་དམིགས་བསལ་གདན་ཞུས་ཆེད་མཁས་པའི་འགན་འཁུར་དུ་འཇུག་པ་དང་། ཆེད་ལས་ཀྱི་ཡོན་ཚད་མཐོ་ཞིང་མཐུན་སྦྱོར་གྱི་ནུས་པ་ཆེ་བའི་མི་སྣ་གཅིག་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་འདེམས་པ། བོད་རྒྱ་སྐད་ཡིག་གཉིས་ཀྱི་ལམ་ནས་རྩོམ་འབྲིའི་རྨང་གཞི་ལྡན་པའི་མི་སྣ་མི་མང་པོ་བསྐོ་འཐེན་བྱས་ནས་རིག་གནས་དང་ལོ་རྒྱུས་ཀྱི་རྩོམ་སྒྲིག་གི་བྱ་བ་བསྒྲུབ་ཏུ་འཇུག་པ། གསོ་སྐྱོང་དང་ནང་འདྲེན། གསོག་འཇོག་གསུམ་བརྒྱུད་དེ་རྫོང་སྲིད་གྲོས་ཀྱི་རིག་གནས་དང་ལོ་རྒྱུས་བྱ་བའི་འཇོན་མིའི་དཔུང་སྡེ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་བསྐྱེད་བཏང་སྟེ། རིག་གནས་དང་ལོ་རྒྱུས་བྱ་བ་ཆེད་ལས་ཅན་དུ་འགྱུར་བར་བློ་གྲོས་ཆེན་པོས་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

འཚོལ་སྡུད་ཀྱི་ཐབས་ལམ་རྒྱ་བསྐྱེད་ནས་རིག་གནས་དང་ལོ་རྒྱུས་སྡུད་སྒྲིག་སྣ་མང་ཅན་ལ་སྐུལ་འདེད་གཏོང་དགོས། རིག་གནས་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱི་བྱ་བ་དེ་གཞི་རིམ་སྲིད་གྲོས་ཀྱི་འབྲེལ་གཏུག་ཚན་ཆུང་གི་ལས་ཀའི་འགན་འཁྲི་སྒྲུབ་པའི་དམིགས་ཚད་དུ་བརྩིས་ཏེ། གཞི་རིམ་གྱི་ཨུ་ཡོན་དང་ཡུལ་ཚོ་དང་གྲོང་རྡལ་གྱི་ཆ་འཕྲིན་པས་རིག་གནས་དང་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་རིགས་རང་འགུལ་ངང་སྡུད་སྒྲུག་བྱེད་པར་སྐུལ་མ་གཏོང་རྒྱུ་རེད། རྫོང་སྲིད་གྲོས་ཀྱི་སྡེ་བར་སྡོད་པའི་ཨུ་ཡོན་གྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ནས"དངོས་སུ་མྱོང་བ་དང་། དངོས་སུ་མཐོང་བ། དངོས་སུ་ཐོས་པ"བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱེད་པ། གཞི་རིམ་གྱི་ཨུ་ཡོན་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཆེར་འཚོལ་སྡུད་བྱེད་པ་དར་དུ་བཅུག་སྟེ། རིན་ཐང་ལྡན་པའི་སྤྱི་ཚོགས་འཕེལ་རྒྱས་དང་། དཔལ་འབྱོར་འཕེལ་རྒྱས། མི་ཆོས་རིག་གནས་ཀྱི་ལོ་རྒྱུས། ས་གནས་ཀྱི་ལོ་རྒྱུས། དགོན་སྡེ་ལོ་རྒྱུས། གེ་སར་སྒྲུང་བཅས་སླར་གསོ་བྱེད་རྒྱུ་ཡིན་པ་མ་ཟད། དེ་མིན་སྡེ་བར་སྡོད་པའི་ཨུ་ཡོན་གྱིས་རྫོང་སྲིད་གྲོས་ཀྱི2022ལོའི་གཙོ་གནད་ལས་འགན་གྱི་ཞིབ་རྩིས་ལ་དངོས་འབེབས་ལྟ་ཞིབ་དུས་བཅད་ཀྱི་རྩོམ་ཡིག་ཞེ་ལྔ་ཡོངས་འགྲུབ་བྱེད་དགོས། དེ་དང་ཆབས་ཅིག དྲ་རྒྱའི་སྨྱན་བྱད་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཏེ། དྲ་ཚིགས་འཚོལ་སྡུད་དང་སྐད་འཕྲིན་འཚོལ་སྡུད་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་ནས་རིག་གནས་དང་ལོ་རྒྱུས་ཀྱི་ཐོན་ཁུངས་མྱུར་སྐྱོབ་སྔོག་འདོན་བྱེད་པ་དང་། རྩ་ཆེའི་ལོ་རྒྱུས་ཀྱི་དྲན་ཤེས་གསོག་ཉར་བྱས་ཏེ་ལོ་རྒྱུས་རིག་གནས་ཀྱི་དཔྱད་གཞིའི་ཡིག་རིགས་རྒྱ་ཆེར་འཚོལ་སྡུད་བྱེད་རྒྱུ་རེད།

བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱས་ནས་རིག་གནས་དང་ལོ་རྒྱུས་བྱ་བ་སྤྱི་ཚོགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། མཐའ་སྐོར་གྱི་ས་གནས་མང་པོའི་སྲིད་གྲོས་དང་འབྲེལ་གཏུག་བརྗེ་རེས་བྱས་ཏེ། ཕན་ཚུན་ལ་དཔེ་དེབ་སྟེར་བ་དང་། ཕན་ཚུན་གྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། རིག་གནས་དང་ལོ་རྒྱུས་ཀྱི་བྱ་བའི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་བྱས་ནས་རིག་གནས་དང་ལོ་རྒྱུས་ཀྱི་བྱ་བའི་ནང་དུ་ཞུགས་སུ་འཇུག་པ་དང་། ཕྱོགས་སོ་སོའི་རིག་གནས་དང་ལོ་རྒྱུས་ཡིག་རིགས་ཀྱི་བྱ་བའི་ཐོན་ཁུངས་ལེགས་སྒྲིག་བྱེད་པ། གདན་ཞུ་དང་གདན་བསྐོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྤྱི་ཚོགས་ལས་རིགས་ཁག་གི་རིག་གནས་དང་ལོ་རྒྱུས་ཀྱི་བྱ་བར་སེམས་ཁུར་བྱེད་པའི་མི་རྣམས་སྲིད་གྲོས་ཀྱི་རིག་གནས་དང་ལོ་རྒྱུས་ཡིག་རིགས་ཀྱི་བློ་འདོན་པ་དང་། ཞིབ་འཇུག་པ། རྩོམ་ཡིག་འབྲི་མཁན་བཅས་སུ་བརྩིས་ཏེ་རང་ཡུལ་གྱི་ཕྱི་ནང་དང་། སྲིད་གྲོས་ནང་ཁུལ་གྱི་གོང་འོག་བར་གསུམ། སྲིད་གྲོས་དང་སྡེ་ཁག་གཞན་དག་བར་ཕྱོགས་མང་པོ་དང་རིམ་པ་མང་པོ་ནས་མཉམ་ལས་བྱས་ཏེ་ཆ་འཕྲིན་བརྗེ་རེས་དང་ལེགས་ཆ་གསབ་རེས། ཐོན་ཁུངས་མཉམ་སྤྱོད་བཅས་ཧུར་བརྩོན་གྱིས་མངོན་འགྱུར་བྱས་ནས། རིག་གནས་དང་ལོ་རྒྱུས་ཀྱི་ཡིག་རིགས་བྱ་བའི་བསྒྲིལ་ཤུགས་སུ་འགྱུར་དུ་འཇུག་རྒྱུ་རེད། མིག་སྔར། དགའ་བདེ་རྫོང་སྲིད་གྲོས་ཀྱི་རིག་གནས་དང་ལོ་རྒྱུས་ཡིག་རིགས་ཁང་དུ་བོད་ཡིག་གི་རིག་གནས་དང་ལོ་རྒྱུས་ཡིག་རིགས་དེབ་ཁྲི་གཉིས་དང་སྟོང་ལྔ་བརྒྱད་བརྒྱ་ལྷག་ཉར་ཚགས་བྱས་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།