ཞིན་ཧེ་རྫོང་གི་ས་ཁུལ་ཆེན་པོ་གསུམ་གྱི་འཕེལ་རྒྱས་ཀྱི་ལམ་བུ།
2022.03.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

ཉེ་བའི་ལོ་འགའི་རིང་། ཞིན་ཧེ་རྫོང་གིས་སྐྱེ་ཁམས་གཙོ་བོ་དང་ལྗང་མདོག་གི་འཕེལ་རྒྱས་རྒྱུན་སྐྱོང་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་སྟེ་རྫོང་ཡོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་རྐྱེན་ལ་རྐང་ཚུགས་ཏེ། ཞིང་ཕྱུགས་ལས་ཐོན་ལས་ཀྱི་ངེས་གནས་དང་ཁ་ཕྱོགས་གཏན་ཁེལ་བྱས་ཤིང་། ས་ཁོངས་ཐོན་ལས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་སྟེ“ཆེན་པོ་གསུམ”གྱིས་ཞིང་ཕྱུགས་ལས་དཔལ་འབྱོར་ས་ཁུལ་གྱི་ཕན་འབྲས་སྲ་བརྟན་དང་ཇེ་མཐོར་གཏོང་བར་ཤུགས་བསྣན་པ་དང་། ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་ཐུབ་པར་ཁག་ཐེག་བྱས།

ཞིན་ཧེ་རྫོང་གིས་འབྲི་གཡག་དང་འབྲོག་ལུག་རྒྱུད་བཟང་ར་བའི་རང་སྟེང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་ཆེད། མ་དངུལ་སྒོར་མོ་ས་ཡ་དགུ་དང་འབུམ་གཅིག་ཁྲི་དྲུག་བཏང་སྟེ་རྫོང་ཡོངས་ཀྱི་རྒྱུད་བཟང་འདེམས་གསོ་བྱེད་ཤུགས་ཇེ་ཆེར་བཏང་བ་དང་རྒྱུད་བཟང་ཁྱབ་སྤེལ་གྱི་གྲངས་འབོར་ཇེ་མང་དུ་བཏང་། དེའི་ཁྲོད་འབྲི་གཡག་གསོ་སྤེལ་མཉམ་ལས་ཁང་བཅུ་གཅིག་དང་འབྲོག་ལུག་གསོ་སྤེལ་མཉམ་ལས་ཁང་བཅོ་བརྒྱད་གཙོ་བོར་བཟུང་ཡོད། དེ་དང་ཆབས་ཅིག་འོ་མའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་ཆེད་རྩི་གོར་ཐང་གྲོང་རྡལ་སྤྱིའི་ས་ཚིགས་བྱས་ཏེ། དཔལ་ཁ་གྲོང་རྡལ་དང་འབྲོང་མཐུལ་ཡུལ་ཚོ། ལུང་བཟང་ཡུལ་ཚོ། ཆུ་ཁོལ་ཡུལ་ཚོ་བཅས་ཡུལ་ཚོ་དང་གྲོང་རྡལ་བཞི་ཡི་ཡན་ལག་ས་ཚིགས་སུ་འོ་མའི་སྐྱེལ་འདྲེན་ལྟེ་གནས་བཙུགས་ཤིང་། རྫོང་ཡོངས་ཀྱི་ཁྱིམ་ཚང་སྟོང་གཅིག་དང་བཞི་བརྒྱ་ཉེར་གཅིག་ལ་མཉམ་འབྲེལ་གན་རྒྱ་བྲིས་ཏེ“སྲིད་གཞུང་དང་། ཁེ་ལས། འབྲོག་ཁྱིམ”གྱི་འཕེལ་རྒྱས་ལམ་བུ་ཆགས་ཡོད།

ཞིན་ཧེ་རྫོང་གིས་ཚོང་རའི་གནས་ཚུལ་ལ་དམིགས་ནས་འདེབས་འཛུགས་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། ཞོག་ཁོག་གི་རྒྱ་ཁྱོན་ཚོད་འཛིན་དང་དཔྱིད་གྲོ་འོས་འཚམ་གྱིས་ཇེ་ཉུང་དུ་བཏང་སྟེ། བྱ་བའི་གཙོ་གནད་ཚན་རྩལ་ལ་བརྟེན་ནས་འདེབས་འཛུགས་རྒྱ་ཁྱོན་གྱི་ཐོན་ཚད་ཇེ་མཐོར་གཏོང་བ་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཕན་འབྲས་ཇེ་ཆེར་གཏོང་བར་དམིགས་ཏེ་འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་བརྟན་ལྷིང་དུ་བཏང་། དེ་མིན་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ལས་སྐྱེ་དངོས་སོག་མ་དང་མ་རྨོས་ལོ་ཏོག་སོགས་གཟན་རྩྭའི་ལེགས་ཆར་བརྟེན་ནས་སྐྱེ་ཁམས་ཕྱུགས་ལས་དཔལ་འབྱོར་ས་ཁུལ་དང་འབྲེལ་མཐུད་བྱས་ཏེ།“མཐོ་སྐྱེ་དམའ་གསོ་དང་ཕྱུགས་སྐྱེ་ཞིང་གསོའི”གསོ་སྤེལ་བྱེད་སྟངས་དར་སྤེལ་བཏང་སྟེ་འཁོར་རྒྱུག་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ཞིང་། རྩི་གོར་ཐང་གྲོང་རྡལ་མཚོ་འཁྱིལ་སྡེ་བའི་ས་ཁུལ་གཅིག་ཏུ་ར་བ་མང་པོ་ཡོད་པའི་ཁྱད་ལྡན་གསོ་སྤེལ་སོགས་ས་ཁུལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རྨ་ཆུའི་འགྲམ་རྒྱུད་དུ་འབྲི་གཡག་དང་། འབྲོག་ལུག བོད་ཕག ཁྱིམ་བྱ་སོགས་ཁྱད་ལྡན་གསོ་སྤེལ་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་།   དེ་མིན་ཞིན་ཧེ་རྫོང་“དྲ་སྦྲེལ”ཞིང་ཕྱུགས་ཐོན་རྫས་སྡེ་བ་ནས་གྲོང་ཁྱེར་དུ་འདྲེན་པའི་ཚོད་ལྟའི་རྫོང་འཛུགས་སྐྲུན་བྱེད་པའི་གྲལ་དུ་ཚུད་པ་ནས་བཟུང་། ཨ་ཆེན་གངས་རྒྱབ་དང་མཚོ་བོད་གྲུ་ཁའི་དྲ་སྟེང་དང་དྲ་ཕྱིའི་ཕྱིར་འཚོང་སྟེགས་བུ་དང“མངར་ལྡན་མཐོ་སྒང”གི་ཚོང་རྟགས་སོགས་སྤྱད་དེ།“ཞིན་ཧེ་རྫོང་གི་ནོར་ཤ་དང་ལུག་ཤའི”ས་གནས་ཀྱི་ཁྱད་ཆོས་དང་“ལྗང་མདོག་སྐྱེ་ཁམས”ཀྱི་ཐོན་རྫས།“ཞིན་ཧེ་སྐྱེ་ལྡན”ཐོན་ལས་བཅས་ཀྱི་འཕེལ་རྒྱས་ལ་ཤུགས་བསྣན་ནས། ཞིན་ཧེ་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྡེ་བ་ནས་གྲོང་ཁྱེར་དུ་འདྲེན་པར་རམ་འདེགས་བྱས་ཤིང་། ཞིན་ཧེ་རྫོང་གི་གནས་བབ་དངོས་དང་མཐུན་པའི་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ལམ་ལུགས་གསར་པ་ཞིག་བཏོད།

ལོག་དཀར་འདེབས་ཁྱོན་ཆེ་བ་དང་སྤུས་ཀ་བཟང་བའི་ལེགས་ཆར་བརྟེན་ནས་དཔལ་ཁ་གྲོང་རྡལ་གསེར་གཞོང་སྡེ་བའི་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་དཔལ་ཁ་གྲོང་རྡལ་བདེ་སྐྱིད་སྡེ་བའི་ཧྥོ་ཞིང་གསོ་སྤེལ་ཞིང་ལས་ཆེད་ལས་མཉམ་ལས་ཁང་། དཔལ་ཁ་གྲོང་རྡལ་ལྔ་གཅིག་སྡེ་བའི་ནོར་རྒྱན་འདེབས་འཛུགས་ཞིང་ལས་ཆེད་ལས་མཉམ་ལས་ཁང་བཅས་ཀྱིས་མ་དངུལ་བཏང་སྟེ་ལོག་དཀར་ལས་སྣོན་ཁང་གསུམ་འཛུགས་སྐྲུན་བྱས་པ་དང་། རང་ས་གནས་སུ་ལས་སྣོན་བྱས་པར་བརྟེན་མཚོ་ལྷོ་ཁུལ་གྱི་ཐོན་ལས་ཆེན་པོ་བཞིའི་མཉམ་འབྲེལ་ཕྱིར་འཚོང་སྒྲིག་གཞིའི་གྲལ་དུ་ཚུད་ཅིང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཇེ་ཆེར་བཏང་།    དེ་མིན། དཔལ་ཁ་གྲོང་རྡལ་ད་དུང་ཐོན་ལས་སྟོབས་ཆེན་གྲོང་རྡལ་དུ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་ཟུང་འབྲེལ་བྱས་ཏེ། དཔལ་ཁའི་སྐྱེ་ལྡན་གླིང་ཁུལ་དཀྱིལ་སྙིང་དུ་བཟུང་སྟེ་ནོར་ལུག་ཤའི་འཁྱག་བཟོའི་ལས་སྣོན་དང་། འཁྱག་བཟོའི་གསོག་འཇོག འཁྱག་བཟོའི་སྐྱེལ་འདྲེན་དང་སྡེབ་སྐྱེལ། ཆེད་འཚོང་ཁང་གི་འཁྱག་བཟོའི་ཕྱིར་འཚོང་བཅས་གཞི་གཅིག་ཡིན་པའི་འཁྱག་སྦྲེལ་དངོས་ཟོག་སྡེབ་སྐྱེལ་མ་ལག་ཐོག་མར་གྲུབ་པ་དང་། དེ་ལས་ནོར་ལུག་གསོ་སྤེལ་རྟེན་གཞི་དང་ཕྱུགས་རིགས་བཤའ་བ་དང་ལས་སྣོན་བྱེད་པ། ཞབས་ཞུ་འཁོར་རྒྱུག་བཅས་དང་འབྲེལ་ཡོད་ཐོན་ལས་མཐུན་སྦྱོར་དང་སྡེབ་སྒྲིག་ངང་འཕེལ་རྒྱས་སུ་གཏོང་བར་ཐོན་ལས་ཁྱུ་ཚོགས་ཀྱི་ནུས་པ་ཐོན་པར་སྣེ་ཁྲིད་བྱས།    རྒྱུས་ལོན་བྱས་པ་ལྟར་ན། ཞིན་ཧེ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད།“དཔལ་ཁ་སྐྱེ་ལྡན”དང“ཞིན་ཧེ་ནོར་ཤ་ལུག་ཤ”སོགས་ཚོང་རྟགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཐོན་ལས“ཐོན་ལས་དང་པོ”རུ་བཟུང་སྟེ་རྫོང་ཡོངས་ཀྱི་འབྲི་གཡག་དང་འབྲོག་ལུག། ནས། ལོག་དཀར། གཟན་རྩྭ་སོགས་ཁྱད་ལྡན་ཐོན་རྫས་གཞི་ཁྱོན་ཅན་གྱིས་འཕེལ་རྒྱས་སུ་འགྲོ་བ་དང་ཚད་ལྡན་ཅན་གྱིས་ཐོན་སྐྱེད་བྱེད་པ། ལེགས་བསྡུས་ཞིབ་གཉེར་ཅན་གྱིས་གཉེར་སྐྱོང་བྱེད་པར་སྐུལ་འདེད་བཏང་། གཙོ་བོར་རྫོང་ཡོངས་ཀྱི་འབྲི་གཡག་དང་འབྲོག་ལུག ནས། ལོག་དཀར། གཟན་རྩྭ་བཅས་ལྗང་མདོག་སྐྱེ་ལྡན་ཐོན་ཁུལ་ལ་ཁ་གཏད་དེ། རིམ་བཞིན་ཁྱད་ལྡན་ལེགས་ཆ་མངོན་གསལ་དོད་པོ་དང་ཐོན་ལས་ཀྱི་རྨང་གཞི་བརྟན་པ། འཕེལ་རྒྱས་ཀྱི་མདུན་ལྗོངས་ལེགས་པ། སྣེ་ཁྲིད་ཀྱི་ནུས་པ་མཐོ་བའི་རྒྱལ་ཁབ་རིམ་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།