“བྲག་དཀར”དང་བླངས་ཉེན་རྟོག་རུ་ཁག་གིས་དམངས་ལ་ཞབས་ཞུ་བསྒྲུབས།
2022.03.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་གྱི་མཚན་མོ་ནི་ལྷིང་ཞིང་འཇགས་ལ་མི་རྣམས་ཀྱིས་གནས་སྐབས་སུ་ཉིན་གཅིག་གི་བྲེལ་ཟིང་གི་འཚོ་བའི་ཁུར་བོ་རྒྱབ་ཏུ་བསྐྱུར་ཏེ་བློ་བདེ་བག་ཕེབས་ཀྱིས་ངལ་གསོའི་དཔལ་ལ་རོལ་བཞིན་ཡོད། ཡིན་ནའང་གནས་དེ་རུ་འཁོར་སྐྱོད་ཀྱི་ལས་ལ་བྲེལ་གྱིན་པའི“ཉེན་རྟོག་པའི”དཔུང་ཁག་ཅིག་གིས་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། དེ་ཚོ་ནི་རང་མོས་ལྟར་ཉེན་རྟོག་པའི་རུ་ཁག་ཏུ་ཞུགས་པ་དང་མ་སྐུལ་དང་བླངས་ཀྱིས་ཉེན་རྟོག་པའི་བྱ་བར་རྒྱབ་སྐྱོར་བྱེད་བཞིན་པའི་དཔུང་སྡེ་ཞིག་རེད། ཁོ་ཚོ་ནམ་རྒྱུན་སྲང་ལམ་རེ་རེ་དང་ཁང་ཁྱིམ་རེ་རེར་སོང་སྟེ་ཞིབ་བཤེར་ལྟ་སྲུང་བྱས་ནས་མང་ཚོགས་ལ་བདེ་འཇགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པ་དང་། བདེ་འཇགས་ཀྱི་ཞིན་ཧེ་རྫོང་འཛུགས་སྐྲུན་བྱེད་པར་ཤེས་མེད་ཚོར་མེད་ངང་བྱས་རྗེས་བཞག་དང་འཇོག་བཞིན་ཡོད། གསར་འགོད་པ་རྩི་གོར་ཐང་མངགས་གཏོང་ཁང་གི“བྲག་དཀར”དང་བླངས་ཉེན་རྟོག་རུ་ཁག་ཏུ་བསྐྱོད་དེ་ཁོ་ཚོའི་གནས་ཚུལ་ལ་རྒྱུས་ལོན་ཕྲན་ཙམ་བྱས།

“ཧྥིན་ཆོ་སྤྱི་བདེའི་མངགས་གཏོང་ཁང”བཙུགས་པ་ནས་བཟུང་རྩི་གོར་ཐང་མངགས་གཏོང་ཁང་གིས་བདེ་འཇགས་ཀྱི་སྡེ་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བཟུང་སྟེ། ཉེན་རྟོག་པའི་སྟོབས་ཤུགས་ལ་ཚད་ཡོད་པ་དང་མང་ཚོགས་ཀྱི་སྟོབས་ཤུགས་ལ་ཚད་མེད་པའི་བྱ་བའི་བསམ་ཕྱོགས་རྒྱུན་འཁྱོངས་དང་། ཁོངས་གཏོགས་ས་ཁུལ་གྱི་ཏང་ཡོན་རྒན་པ་དང་མང་ཚོགས་ལྷག་བསམ་ཅན། སློབ་མའི་ཁྱིམ་བདག གཞིས་ཁུལ་གྱི་དོ་དམ་པ། ཟས་སྐྱེལ་པ་སོགས་ཀྱིས་གྲུབ་པའི་དང་བླངས་པའི་དཔུང་ཁག་བཙུགས་ཏེ“ལྟ་བ་རྒྱང་མཐོང་དང་ཉན་པ་རྣ་རིང་གི”ནུས་པ་འདོན་སྤེལ་བྱས་ཤིང་། ཁོངས་གཏོགས་ས་ཁུལ་ཡོངས་སུ་དྲ་མིག་ཅན་དང་ཞིབ་ཚགས་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་བཙུགས་སྟེ་གྱོད་གཞི་ཉུང་བ་དང་སྒྲིག་ལམ་ལྡན་པ། མང་ཚོགས་ཀྱི་བློ་ཡིད་ཚིམས་པའི་དམིགས་འབེན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།

“ཉིན་རེའི་མཚན་མོར་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དང་བླངས་ཉེན་རྟོག་རུ་ཁག་ཁྲིད་དེ་ཁོངས་གཏོགས་ས་ཁུལ་དུ་སྐོར་ཞིབ་བྱེད་པ་མཐོང་སྐབས། མང་ཚོགས་ཀྱིས་ཀྱང་བློ་བདེ་བག་ཕེབས་ཀྱིས་ངལ་གསོས་ཆོག་པ་དང་། ཕྱི་རུ་འགྲོ་དགོས་ཚེའང་ཉེན་ཁ་དང་བར་ཆད་ཅི་ཞིག་བྱུང་བར་སྐྲག་མི་དགོས”ཞེས་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ཀྱིས་དང་བླངས་ཉེན་རྟོག་པ་རྣམས་ལ་བསྟོད་པའི་མཐེ་བོང་བསྒྲེངས། ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོ་ནུབ་ཚ་འཐུང་ཚར་རྗེས། ཚེ་ཆེ་གེ་མོའི་བྱིས་པ་མཐོང་རྒྱུ་མེད་པས་མྱུར་དུ་ཁྱིམ་མི་དང་མཉམ་དུ་ཉེ་འགྲམ་དུ་འཚོལ་བར་སོང་། ལམ་བར་དུ་སྐོར་ཞིབ་བྱེད་བཞིན་པའི་དང་བླངས་ཉེན་རྟོག་རུ་ཁག་དང་འཕྲད་པས་ཚེ་ཆེ་གེ་མོས་ཁོ་ཚོར་གནས་ཚུལ་གསལ་བོར་བཤད། དང་བླངས་ཉེན་རྟོག་པས་གནས་ཚུལ་དེ་མངགས་གཏོང་ཁང་གི་ཕྱོགས་བསྡུས་བཀོད་འདོམས་ཁང་ལ་སྙན་སེང་ཞུས་པ་དང་། ཕྱོགས་བསྡུས་བཀོད་འདོམས་ཁང་གི་མི་དམངས་ཉེན་རྟོག་པས་ཁྱིམ་མིས་མཁོ་སྤྲོད་བྱས་པའི་ཆ་འཕྲིན་ལྟར་མྱུར་དུ་འཚོལ་ཞིབ་བྱས་པས། དུས་ཚོད་གཅིག་ལས་མ་འགོར་བར་གཞིས་ཁུལ་གྱི་ཉེ་འགྲམ་ནས་བོར་སོང་བའི་བྱིས་པ་ཕྱིར་རྙེད་པ་དང་། དེའི་རྗེས་ཚེ་ཆེ་གེ་མོས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་དང་བླངས་ཉེན་རྟོག་པའི་ལྷག་བསམ་ཟོལ་མེད་ཀྱི་རོགས་རམ་ལ་བཀའ་དྲིན་ཞུས།

མང་ཚོགས་ལ་མཚོན་ན་རང་ཁྱིམ་གྱི་ཉེ་འགྲམ་དུ་སྤྱི་བདེའི་སྐོར་ཞིབ་རུ་ཁག་གིས་ཁོ་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་པ་མཐོང་ཚེ་སེམས་སུ་བདེ་སྐྱིད་དང་བདེ་འཇགས་ཀྱི་ཚོར་སྣང་སྐྱེ་ངེས། མིག་སྔར“བྲག་དཀར”དང་བླངས་ཉེན་རྟོག་རུ་ཁག་གིས་དགོང་མོ་རེ་རེར་དང་བླངས་ཉེན་རྟོག་པ་ལྔ་རེ་བཀོད་སྒྲིག་བྱས་ཏེ། སྡོད་ཁུལ་གྱི་མི་དམངས་ཉེན་རྟོག་པར་གཞོགས་འདེགས་བྱས་ནས་མཚན་མོར་སྐོར་ཞིབ་བྱེད་བཞིན་ཡོད་ལ། ཁྲིམས་འགལ་ཉེས་གསོག་བྱེད་མཁན་ལ་ཟིལ་གནོན་ཆེན་པོ་ཐེབས་པ་དང་ཉེས་གསོག་གི་གྲངས་ཀ་ཇེ་ཉུང་དུ་བཏང་སྟེ་ཁོངས་གཏོགས་ས་ཁུལ་ལ་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན།  “བྲག་དཀར”དང་བླངས་ཉེན་རྟོག་རུ་ཁག་བཙུགས་རྗེས་ཉེན་བརྡ་དང་ལེན་བྱས་ཚད་བརྒྱ་ཆའི་དགུ་དང་རྐུ་འཕྲོག་རིགས་ཀྱི་གྱོད་གཞིའི་གྲངས་ཀ་བརྒྱ་ཆའི་བཅོ་ལྔ། སྲིད་འཛིན་གྱོད་གཞི་བདག་སྤྲོད་བྱེད་ཚད་བརྒྱ་ཆའི་སོ་གསུམ་ཇེ་ཉུང་དུ་སོང་བས། བདེ་སྲུང་གི་གནས་ཚུལ་ཇེ་ལེགས་དང་མི་དམངས་ཀྱི་འཚོ་བ་སྔར་ལས་སྐྱིད་པ་དང་། བདེ་སྐྱིད་དང་བདེ་འཇགས་ཀྱི་སེམས་ཚོར་ཇེ་དྲག་ཏུ་སོང་།

“བྲག་དཀར”དང་བླངས་ཉེན་རྟོག་རུ་ཁག་གིས་རྒྱུན་ལྡན་གྱི་སྐོར་ཞིབ་བྱ་བ་དང་ཆབས་ཅིག“ས་རྒྱ་ཆེ་བ་དང་མི་རྩ་མང་བ། མང་ཚོགས་ཀྱི་ཁྲོད་ནས་ཡོང་བའི”ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱས་ནས་མི་དམངས་ཉེན་རྟོག་པར་དཀའ་ངལ་སེལ་རོགས་བྱེད་པ་དང་། ཁོངས་གཏོགས་ས་ཁུལ་གྱི་འགལ་བ་དང་རྩོད་གཞི་གོང་རིམ་ལ་མི་སྤྲོད་པ་དང་ཡུལ་དངོས་སུ་ཐག་གཅོད་ཐུབ་པར་བྱས།

ཉེ་ལམ། སྡོད་ཁུལ་གྱི་ཉེན་རྟོག་པས་དང་བླངས་ཉེན་རྟོག་པ་ཁྲིད་དེ་སྐོར་ཞིབ་བྱེད་སྐབས་ཁོངས་ས་གཏོགས་ཁུལ་དུ་བཟའ་ཟླ་གཉིས་གྱི་བར་ལ་འགལ་བ་བྱུང་སྟེ་འཁོན་འཛིང་བྱེད་བཞིན་པ་མཐོང་བས། འགལ་བ་མུ་མཐུད་དུ་ཛ་དྲག་ཏུ་མི་འགྲོ་བའི་ཆེད་དུ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས“ཡུལ་དངོས་སུ་འདུམ་སྒྲིག”བྱ་རྒྱུའི་ཐག་བཅད་དེ། འགལ་བ་དང་རྩོད་གཞིའི་རྒྱུ་རྐྱེན་དང་ཕྱོགས་གཉིས་ཀྱི་བསམ་ཚུལ་དང་རེ་ཞུ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། གནས་ཚུལ་གསལ་བོར་ཤེས་རྗེས་མི་དམངས་ཉེན་རྟོག་པས་ཕྱོགས་གཉིས་ལ་སེམས་གསོ་བྱས་པ་དང་། ཕྱོགས་གཉིས་ཀྱི་མི་སྣར་བཅའ་ཁྲིམས་དང་གནས་ལུགས། བརྩེ་བ་བཅས་ཀྱི་སྐོར་ནས་ཁ་བརྡ་བྱས་ཤིང་། འབད་པ་ལྷོད་མེད་ཀྱིས་བཟའ་ཟླ་གཉིས་ཀྱི་འགལ་བ་སེལ་ཅི་ཐུབ་བྱས་ནས་ཕན་ཚུན་ལ་དགོངས་དག་ཞུས་ཏེ་དོན་དག་ལེགས་པོར་ཐག་བཅད།

2021ལོའི་ཟླ་གསུམ་པའི་ཚེས་གསུམ་ཉིན་ཞིན་ཧེ་རྫོང་རྩི་གོར་ཐང་མངགས་གཏོང་ཁང་གིས་བྲོས་བྱོལ་བྱས་ནས་ལོ་ཉེར་ལྔ་འགོར་བའི་ཉེས་ཅན་ཞིག་བཟུང་བ་དང་། ཤེས་རྟོགས་བྱུང་བ་ནས་འཛིན་བཟུང་བྱས་པའི་བར་ལ་སྔ་རྗེས་སུ་སྐར་མ་ཉི་ཤུ་ལས་མ་འགོར། དེ་ལྟར་མགྱོགས་མྱུར་གྱིས་འཛིན་བཟུང་ཐུབ་པ་དེ་གཙོ་བོ“བྲག་དཀར”དང་བླངས་ཉེན་རྟོག་རུ་ཁག་ཡོད་པས་ཡིན་ཏེ། ཚེས་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་ཡས་མས་སུ་རྩི་གོར་ཐང་མངགས་གཏོང་ཁང་གི“བྲག་དཀར”དང་བླངས་ཉེན་རྟོག་རུ་ཁག་གིས་མཚན་མོའི་སྐོར་ཞིབ་བྱེད་སྐབས་ཁོངས་གཏོགས་ས་ཁུལ་དུ་དོགས་ཡོད་མི་སྣ་ཞིག་ཡོད་པ་ཤེས་རྟོགས་བྱུང་ཞིང་། ལས་རེས་མི་དམངས་ཉེན་རྟོག་པས་དང་བླངས་ཉེན་རྟོག་རུ་ཁག་གིས་མཁོ་སྤྲོད་བྱས་པའི་རླངས་འཁོར་གྱི་ཨང་རྟགས་ལ་བརྟེན་ནས་ལྟ་རྟོག་དང་སྐོར་ཞིབ་བྱས་རྗེས་སེང་ལྡིང་ལམ་གྱི་ཉེ་འགྲམ་ནས་ཉེས་ཅན་རྙེད་པ་དང་། མྱུར་དུ་ཁྲིད་དེ་མངགས་གཏོང་ཁང་དུ་ཡོང་ནས་ཞིབ་བཤེར་བྱས་པས་མི་དེ་ནི་བྲོས་བྱོལ་མི་སྣ་ཞིག་ཡིན་པ་གསལ་བོར་རྟོགས་བྱུང་།

ཉིན་འདི་དག་གི་རིང་། ཞིན་ཧེ་རྫོང་གི་ག་ས་གང་དུ་རླུང་ཆེན་གཡུག་བཞིན་ཡོད་ལ་ས་རྡུལ་དང་བྱེ་མ་མང་དྲག་པས་ལམ་འགྲོ་བའི་མིག་ཀྱང་ཕྱེ་ཐུབ་ཀྱིན་མེད། དེ་ལྟ་བུའི་གནམ་གཤིས་ངན་པའི་ཁྲོད་དུ“བྲག་དཀར”དང་བླངས་ཉེན་རྟོག་རུ་ཁག་གིས་ཁྱིམ་ཚང་རེ་རེ་བཞིན་རྒྱུ་ནོར་གྱི་གྱོང་གུད་དང་མི་སྣ་ཤི་རྨས་ཡོད་མེད་གྲལ་བཤེར་བྱས། “ཨ་ཁུ། ནང་དུ་ཡོང་ནས་ཇ་ཕོར་བ་གང་འཐུང་རྗེས་སོང་། ཕྱི་རོལ་དུ་རླུང་འདི་འདྲ་ཆེ་བས་ངལ་ཞིག་གསོ་རོགས།” “གནམ་གཤིས་འདི་འདྲ་གྲང་མོ་ཞིག་ལ་ད་དུང་ང་ཚོར་དྲིལ་བསྒྲགས་བྱེད་དགོས་སམ། ཁྱེད་ཚོས་དངོས་གནས་དཀའ་ལས་མྱངས་སོང”ཞེས་ཁོངས་གཏོགས་ས་ཁུལ་གྱི་སྡོད་དམངས་ཀྱིས་ཁྱིམ་ཚང་དུ་སྐྱོད་མཁན་མི་དམངས་ཉེན་རྟོག་པ་དང་དང་བླངས་ཉེན་རྟོག་པར་ངལ་ཅུང་ཙམ་གསོ་རུ་འཇུག་ཅི་ཐུབ་བྱས་ཏེ། “ཁྱེད་ཚོའི་དཀའ་ལས་མྱངས་སོང”ཞེས་ཡང་དང་བསྐྱར་དུ་བཤད་པ་དེས་གནམ་གཤིས་ཀྱི་གྲང་ངར་མཐར་སྐྲོད་བཏང་བ་དང་ཕན་ཚུན་གྱི་བར་ཐག་ཇེ་ཉེར་བཏང་ཞིང་། ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ཚོས་ཉེན་རྟོག་པའི་བྱ་བར་ཁས་ལེན་དང་བློ་ཡིད་ཚིམས་ཡོད་པ་ཡང་གསལ་བོར་མཚོན་ཐུབ།

“བྲག་དཀར”དང་བླངས་ཉེན་རྟོག་རུ་ཁག་ཁྱིམ་ཚང་དུ་སྐྱོད་སྐབས་མང་ཚོགས་ཀྱིས་སྤྱི་བདེ་ལས་ཁུངས་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་རང་རྟོགས་ངང་བསྡུ་རུབ་བྱས་ཏེ་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ལ་དམིགས་པ་དང་། མང་ཚོགས་ཀྱི་དོགས་ཟོན་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུའི་ཐད་ཤུགས་བསྣན་ཏེ། མང་ཚོགས་ཀྱི་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་བྱས་པ་དང་བདེ་འཇགས་སྲུང་སྐྱོབ་ཀྱི་ཐབས་ལམ་གསར་པ་བཏོད། དང་བླངས་ཉེན་རྟོག་རུ་ཁག་ཁྱིམ་ཚང་དུ་བསྐྱོད་དེ་ཆ་འཕྲིན་འཚོལ་བསྡུ་བྱས་པ་དང་ཆབས་ཅིག མང་ཚོགས་ལ་ཉེ་ཆར་བྱུང་མང་བ་དང་རྒྱུན་མཐོང་གི་གློག་འཕྲིན་དྲ་རྒྱའི་མགོ་གཡོག་མགོ་སྐོར་གྱི་རིགས་ལ་འགྲེལ་བཤད་བརྒྱབ་ཅིང་། མང་ཚོགས་ལ་རྣམ་རིག་གསལ་བར་བྱས་ཏེ་གཡོ་འོག་ཏུ་མི་ཚུད་པ་དང་། རང་འདོད་དུ་གཞན་ལ་སྒོར་མོ་མི་བསྐུར་པ་བཅས་བྱ་དགོས་པའི་བླང་བྱ་ནན་མོ་བཏོན།

“‘བྲག་དཀར’དང་བླངས་ཉེན་རྟོག་རུ་ཁག་ནང་ཞུགས་པ་ནས་བཟུང་། རང་ཉིད་ཀྱི་ཕྲག་ཏུ་འགན་འཁྲི་ཞིག་བབས་པ་དང་། གཞན་ལ་རོགས་རམ་བྱེད་པ་དང་ཆབས་ཅིག་རང་ཉིད་ཀྱི་མི་ཚེར་སྔར་ལས་དོན་སྙིང་ལྡན་པ་ཞིག་ཏུ་གྱུར་ཡོད་པར་སྙམ”ཞེས་དང་བླངས་ཉེན་རྟོག་པ་ཆོས་དཔལ་ཚེ་རིང་གིས་ང་རྒྱལ་དང་བཅས་དེ་ལྟར་བཤད། དང་བླངས་ཉེན་རྟོག་རུ་ཁག་ཏུ་ཆོས་དཔལ་ཚེ་རིང་ལྟ་བུའི་སྐད་ཆ་དེ་འདྲའི་བཤད་མི་མཁས་ཀྱང་བྱ་བ་བསྒྲུབ་སྐབས་བརྩོན་སེམས་ཀྱིས་ཁེངས་པའི་མི་མང་པོ་ཡོད་པ་དང་། ཁོ་ཚོས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཆབས་ཅིག་རང་གི་མི་ཚེའི་དོན་སྙིང་ཡང་རྙེད་བཞིན་ཡོད། དུག་རྫས་གཏན་འགོག་དང་མེ་འགོག་དྲིལ་སྒྲོག རྐུན་འགོག་དྲིལ་སྒྲོག གཡོ་འགོག་དྲིལ་སྒྲོག བདེ་འཇགས་སྐོར་ཞིབ། རྩོད་གཞི་ཐག་གཅོད་དང་ཁྱིམ་ཚང་དུ་སོང་སྟེ་ཆ་འཕྲིན་འཚོལ་བསྡུ་བྱེད་པ་སོགས་ཐམས་ཅད“བྲག་དཀར”དང་བླངས་ཉེན་རྟོག་པའི་བྱ་བའི་འོས་འགན་གྱི་ཁྲོད་དུ་འདུས་ཡོད། ད་ལྟའི་བར་དུ་“བྲག་དཀར”དང་བླངས་ཉེན་རྟོག་པས་བསྡོམས་པས་བདེ་འཇགས་སྐོར་ཞིབ་ཐེངས་བཅུ་གཉིས་དང་། རྩོད་གཞི་ཉི་ཤུ་རྩད་ཞིབ་བྱས་ལ། རྨང་གཞིའི་ཆ་འཕྲིན་ཉིས་བརྒྱ་སུམ་ཅུ་འཚོལ་བསྡུ་བྱས་པ་དང་། ཁྲིམས་འགལ་ཉེས་བསགས་ཀྱི་དོགས་གནད་ཆེ་བའི་མི་གཅིག་འཛིན་བཟུང་བྱས་ཤིང་། “སློབ་སྲུང་ལས་གནས”ཐེངས་བཅུ་དྲུག་ལ་སྤེལ།

“བྲག་དཀར”དང་བླངས་ཉེན་རྟོག་རུ་ཁག་ནི་རྩི་གོར་ཐང་གྲོང་རྡལ་གྱི་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་སྟོབས་ཤུགས་ཤིག་ཡིན་པར་མ་ཟད། ཉེན་རྟོག་པ་དང་མང་ཚོགས་བར་གྱི་འབྲེལ་གཏུག་གི་སྦྲེལ་ཐག་ལྟ་བུ་ཞིག་ཀྱང་ཡིན། རྩི་གོར་ཐང་མངགས་གཏོང་ཁང་གིས་མང་ཚོགས་ལ་སྐུལ་སློང་གང་ལེགས་དང་མང་ཚོགས་ལ་བརྟེན་ནས“མི་དམངས་ཉེན་རྟོག་པ་དང་། ལག་རོགས་ཉེན་རྟོག་པ། དང་བླངས་ཉེན་རྟོག་པ”བཅས་ཉེན་རྟོག་པའི་སྡེ་ཁག་གསུམ་མཉམ་འབྲེལ་བྱས་པའི་དཔུག་སྡེ་བཙུགས་ཏེ། ཉིན་གང་བོར་ཁོངས་གཏོགས་ས་ཁུལ་དུ་སྐོར་ཞིབ་བྱེད་པ་དང་། སྲང་ལམ་དུ་ཉེན་རྟོག་པ་མཐོང་ཚད་ཇེ་མཐོར་བཏང་སྟེ་ཉེན་རྟོག་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་འཆམ་མཐུན་དང་སྤྱི་ཚོགས་ཀྱི་བདེ་འཇགས་སྔར་ལས་བརྟན་བརླིང་། མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སྔར་ལས་ཟབ་མོ། སྤྱི་ཚོགས་ཁྱོན་ཡོངས་ནས་སྔར་ལས་འཆམ་མཐུན་ཡོང་བར་ཁག་ཐེག་གང་ལེགས་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།