ཟླ2པའི་ཚེས13ཉིན་ཏེ། གཟའ་ཉི་མའི་ཉིན་དེར་རང་ལོ་གྱ་གཅིག་ལ་སོན་པའི་རྒད་པོ་རྣམ་ཐར་རྒྱལ་ལ་མཚོན་ན་ཉིན་མོ་གལ་ཆེན་ཞིག་ཡིན་པ་དང་། ལུས་ཕུང་བདེ་ཐང་གི་དབང་གིས་ཐེངས་འདིར་ཕྱིར་བསྐྱོད་བྱེད་པར་རྒད་པོས་ཟླ་ཕྱེད་ཙམ་གྱི་རིང་ལ་གྲ་སྒྲིག་བྱས།
ཉིན་དེར་རྒད་པོ་རྣམ་ཐར་རྒྱལ་གྱིས་གོན་པ་གསར་བ་ཆ་ཚང་དེ་གྱོན་རྗེས“ཏང་ནང་དུ་ཞུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་གཟི་བརྗིད”ཀྱི་རྗེས་དྲན་རྟགས་མ་དེ་ལག་ཏུ་བཟུང་སྟེ། མིག་ཤེལ་སྟེང་གི་མི་གཙང་བ་ཡོད་ཚད་ཞིབ་མོར་ཕྱིས་རྗེས་ཚ་བོ་ཀེ་ཐོ་ཡི་རླངས་འཁོར་ཆུང་ཆུང་ལ་བསྡད་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མགར་རྩེ་སྡེ་བའི་གཅིག་བསྡུས་བཀོད་སྒྲིག་གནས་ཁུལ་གྱི་སྡེ་བའི་ཏང་ཀྲི་པུའུ་བྱ་འགུལ་ལྟེ་གནས་སུ་བསྐྱོད།
ལམ་མི་བཟང་པའི་རྐྱེན་གྱིས་སྔོན་ཆད་ཀྱི་སྡེ་བ་ནས་གཅིག་བསྡུས་བཀོད་སྒྲིག་གནས་ཁུལ་དུ་འགྲོ་དགོས་ཚེ་མ་མཐར་ཡང་དུས་ཚོད་གཅིག་ཙམ་གྱི་ལམ་ཐག་བརྒྱུད་དགོས་མོད།འོན་ཀྱང་ད་སྐབས་སྡེ་བའི་རྨང་གཞིའི་སྒྲིག་ཆས་བཟང་པོའི་རྐྱེན་གྱིས་དུས་ཚོད་ཕྱེད་ཀའི་ནང་ཐོན་ཐུབ། སྡེ་བའི་ནང་དུ་ཐོན་པ་ན་གྲལ་ལྟར་བསྒྲིགས་པའི་གསར་སྐྲུན་ཁང་པ་དང་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བྱ་འགུལ་ཐང་ཆེན།རྩེ་མོ་དགུང་ལ་ཟུག་འདྲའི་ལམ་སྒྲོན་གློག་སྡོང་།ཤར་མར་འཐེན་པའི་སྡེ་དཀྱིལ་སྣུམ་ལམ།གྲལ་དག་པའི་སྲང་ལམ་གསར་བ། འདོད་རྒུ་འཛོམས་པའི་ཚོང་ཁང་གསར་བ།དབྱངས་གསལ་བློ་རུ་སྐྱོར་བའི་སློབ་གྲྭ་གསར་བ།བཞིན་ལ་ འཛུམ་མདངས་རྒྱས་པའི་སྡེ་མི་རེ་རེ་བཅས་ལ་ངོ་མཚར་བའི་གཏམ་རྒྱུད་རེ་རེ་ཡོད་ལ།དེ་དག་གིས་རྩྭ་ཐང་གི་སྡེ་གསར་དེའི་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་བ་དང་སྒུལ་ཤུགས་གསར་བ་བརྒྱུད་སྒྲོག་བྱེད་བཞིན་ཡོད།
སྔོན་ཆད་དགུན་ཁར་རླུང་གིས་གཙེས་ཤིང་དབྱར་ཁར་ཆར་ཆུ་ཟགས་པའི“ས་ཁང་རྙིང་བའི”གཟུགས་བརྙན་ཙམ་ཡང་ད་ལྟ་མཐོང་རྒྱུ་མེད་ཅིང་།དབྱར་རྩྭ་དགུན་འབུ་བརྐོ་བ་ནི་འཚོ་བ་རོལ་སྤྱད་ཀྱི་ཡོང་སྒོ་ཉག་གཅིག་ཡིན་པའི་རྣམ་པར་རིམ་བཞིན་ལེགས་བཅོས་ཐོབ་ལ། “རྒྱུད་མི་ལེགས་པའི”ནོར་གནག་ཉེ་བའི་ལོ་ཁ་ཤས་ཙམ་ལ་རྒྱུད་སྤེལ་ལེགས་པོ་བྱས་པ་དང་། ཕྱིར་འཚོང་བྱས་པའི་རིན་གོང་ཡང་ཧ་ཅང་བཟང་།
ངོ་མཚར་དང་སྤྲོ་སེམས་ཀྱིས་སེམས་པ་སྐད་ཅིག་ཙམ་ལ་ཟིང་ཟིང་དུ་འགྱུར་བར་བྱས། རྒད་པོ་རྣམ་ཐར་རྒྱལ་ཡུད་ཙམ་ལ་བསམ་གཞིགས་ཀྱི་ཀློང་དུ་ཚུད། སྔོན་ཆད་མཐོ་སྒང་གི་དགུན་ཁར་གྲང་ངར་ཤིན་ཏུ་ཆེ་བ་དང་། ཁངས་ཆུང་ཆུང་འབབ་ལ། རྩྭ་ཐང་དུ་གྲང་རླུང་གཡུགས་པ་ན་མིས་ངོ་གདོང་ལ་ཚ་བའི་སྣང་བ་ཞིག་དབང་མེད་དུ་སྐྱེས་བར་བྱེད། ཡིན་ཡང་། རྒད་པོ་རྣམ་ཐར་རྒྱལ་ཡིས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་མཐོང་བས། སེམས་ལ་དྲོད་སྐྱིད་ཅིག་ངང་གིས་རྒྱས་སོང་།
རྒད་པོ་རྣམ་ཐར་རྒྱལ་ལས་འཁྱུར་ངལ་གསོ་བྱས་ནས་ལོ་མང་པོ་འགོར་བ་དང་། དེ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་མྱོང་། རང་བྱུང་ཁོར་ཡུག་གདུག་རྩུབ་ཆེ་བ་དང་། རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་པ། ཐོན་ཁུངས་དཀོན་པ། ཐོན་ལས་སྣ་གཅིག་རྐྱང་ཡིན་པ་མ་ཟད་ཐོན་སྐྱེད་རྣམ་པ་རགས་ལས་ཡིན་པ་བཅས་ཀྱིས་ཉིས་སྟོང་བཅུ་གཉིས་ལོའི་སྐབས་སུ་ཐུན་ཏེ་རྫོང་སྔར་བཞིན་དབུལ་ཕོངས་ཀྱི་གྲས་སུ་ཡོད་པའི་ཁར་རྫོང་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དལ་བ་དང་།རོང་འབྲོག་པའི་ཐོན་སྐྱེད་འཚོ་བ་དཀའ་ངལ་ཆེ་ལ། རྫོང་ཡོངས་ཀྱི་མི་གྲངས་ཁྲི་དྲུག་ལྷག་གི་ཁྲོད། མི་ཁྲི་གསུམ་དང་སྟོང་དྲུག་དགུ་བརྒྱ་ད་དུང་དབུལ་ཕོངས་ཀྱི་ཚད་ཐིག་དང་ལྟོས་བཅས་དབུལ་ཕོངས་ཚད་ཐིག་མན་དུ་ཡོད་པ་རེད།
དགའ་འོས་པ་ཞིག་ནི་ལོ་ཟླའི་འགྱུར་ལྡོག་གི་ཀློང་ནས་ཐུན་ཏེ་མི་དམངས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེན་གྱི་འཕེལ་རིམ་ཁྲོད། ལས་དབང་གི་དཀྱོག་མཚམས་ཆེན་མོའི་གནད་འགག་གི་དུས་མཚམས་ཤིག་བསུས་ཡོང་བ་སྟེ། ---2012ལོའི་ཟླ11པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《ཐུན་ཏེ་རྫོང་གི་དམིགས་བསལ་རིགས་ཀྱི་ལོ་གསུམ་དབུལ་སྐྱོར་མཁྲེགས་གཏོར་གྱི་འཆར་འགོད》དངོས་སུ་མགོ་བརྩམས་པ་དང་། ལོ་གསུམ་གྱི་དུས་ཚོད་ནང་རྨང་གཞིའི་སྒྲིག་ཆས་དང་། ཐོན་ལས་འཕེལ་རྒྱས། དམངས་ཚིས་ལེགས་བཅོས། སྤྱི་པའི་ཞབས་ཞུ། ནུས་ཤུགས་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ་བཅས་ལས་གཞི་ཆེན་པོ་དྲུག་ལག་བསྟར་བྱེད་རྒྱུ་ཐག་གཅོད་བྱས་ཏེ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཐུན་ཏེ་ཡི་དམིགས་བསལ་རིགས་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱས།
མཚོ་སྔོན་གྱི་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་དམིགས་བསལ་རིགས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གྱིས་དུས་ཡུན་རིང་བོར“ཞིང་ཆེན་ཡོངས་ཀྱི་ཆེས་དབུལ་ཕོངས་རྫོང་”གི་ཞྭ་མོ་ཕུད་པར་མ་ཟད། ད་དུང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། སྤྱི་པའི་ཞབས་ཞུ་སོགས་ཕྱོགས་སུ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། “ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་དྲུག”མངོན་འགྱུར་བྱུང་།
ཡིན་ཡང་རྒད་པོ་རྣམ་ཐར་རྒྱལ་ཡོད་སའི་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མགར་རྩེ་སྡེ་བ“མཁྲེགས་གཏོར་སྡེ་བའི” གཅིག་བསྡུས་དབུལ་སྐྱོར་དམག་འཐབ་ཀྱི་འཐབ་ར་གཙོ་བོ་ཡིན་པའི་ཆ་ནས་སྡོད་ཁང་དཀའ་བ་དང་། ཆུ་འཐུང་དཀའ་བ། གློག་བཀོལ་དཀའ་བ། བརྡ་འཕྲིན་སྐྱེལ་དཀའ་བ། སློབ་གྲྭར་འགྲོ་དཀའ་བ། སྨན་པར་སྟོན་དཀའ་བ། ལས་ཞུགས་དཀའ་བ། ཡོང་སྒོ་འཕར་དཀའ་བ་སོགས“དཀའ་བ་བཅུའི”གནད་དོན་ཐག་གཅོད་བྱས་ཏེ། ཐུན་ཏེ་ལ་འགྱུར་ལྡོག་ཆེན་པོ་བྱུང་།
ཉེ་བའི་ལོ་འགའ་ཤས་ཙམ་གྱི་རིང་ལ་རྒད་པོ་རྣམ་ཐར་རྒྱལ་གྱི་ལུས་ཕུང་ཅུང་མི་བདེ་བས། སྒོ་ཕྱི་ལ་མང་པོར་འགྲོ་བཞིན་མེད་པ་དང་།ལོ་འགའི་སྔོན་ནས་བཟུང་རྒད་པོ་རྣམ་ཐར་རྒྱལ་གྱིས་ཕྱི་རོལ་གྱི་དོན་དག་ལ་མཐོང་ཆེན་མི་བྱེད་པར་མཚམས་རེར་ཟི་ལིང་གི་བུ་བུ་མོའི་ཁྱིམ་དུ་སོང་ནས་ལོ་ཕྱེད་ཙམ་ལ་འདུག་པ་རེད།ཡིན་ནའང་། བུ་ཆེ་བ་སྒྲོལ་མ་རྒྱལ་གྱིས་དུས་རྒྱུན་ད་ལྟའི་འགྱུར་ལྡོག་གླེང་བ་དང་། ལྷག་པར་དུ་འགྲིམ་འགྲུལ་སྟབས་བདེ་བར་དམིགས་ནས་གཞུང་ལམ་འགྲམ་དུ་ཚོང་བཤམས་པ་དང་། རང་ཉིད་ཀྱིས་བསྙལ་བའི་ཞོ་དང་། མར་ཕྱིར་འཚོང་བྱས་པས། ཡོང་སྒོ་ཇེ་མང་དུ་སོང་ཞིང་། ཚ་བོ་ཀེ་ཐོ་ཡང་བྱ་བར་ཞུགས་ཏེ།བྱེ་བགྲོད་རླངས་འཁོར་གསར་བ་ཞིག་ཉོས་ཡོད་ལ།ཐེངས་འདིར་སྒོ་ཕྱིར་འགྲོ་བར་རྒད་པོ་རྣམ་ཐར་རྒྱལ་གྱིས་འཆར་འགོད་ཡུན་རིང་བྱས།
ད་ལྟ། དབུལ་ཐར་མཁྲེགས་གཏོར་གྱི་བཟོ་སྐྲུན་ཡོངས་འགྲུབ་བྱས་པ་དང་བསྟུན་ནས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བྱས་པ་དང་། རྒད་པོ་རྣམ་ཐར་རྒྱལ་གྱིས་སྡེ་བའི་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་སྟེང་གི་སྤྱི་དམངས་ཀྱི་སྤྱི་ཆིངས་དང་། ངལ་རྩོལ་ནུས་པ་ཡོད་པའི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་གནས་སྤོ་ཁྱིམ་ཚང་གི་ལས་ཞུགས་གསལ་བསྒྲགས་ལ་ལྟ་བཞིན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་འབྲོག་ལུག་གི་ཚོང་རར་ཁ་གཏད་དེ་ད་ལྟ་འབྲོག་ལུག་བརྒྱད་བརྒྱ་ལྷག་ལ་གོང་འཕེལ་དུ་བཏང་བ་དང་། ཚོང་རའི་རིན་གོང་ལྟར་ན་ལུག་རེར་སྒོར་མོ་སྟོང་གཉིས་ཡིན་པ་དང་། འབྲོག་ལུག་བརྒྱ་ཆའི་བདུན་ཅུའི་གསོ་ཁ་ནས་བུད་ཅིང་།ལོ་རེར་ཡོང་སྒོ་སྒོར་མོ་འབུམ་གཅིག་དང་ཁྲི་བཞི་ཡོད་པ་དང་། ད་དུང་སྡེ་བའི་ནང་དུ་སྐྱེ་ལྡན་ལུད་རྫས་ལས་སྣོན་བྱེད་ས་ཞིག་ཀྱང་ཡོད་པས། ལོ་རེར་སྒོར་མོ་འབུམ་གཅིག་དང་ཁྲི་གཉིས་སྟོང་ལྔའི་ཡོང་སྒོ་ཡང་ཡོད་པར་གྱུར། དེའི་སྟེང་ལོ་རེར་རྩལ་ནུས་གསོ་སྦྱོང་བྱེད་བཞིན་ཡོད་པས། སྡེ་བ་ཡོངས་སུ་ཁོམ་ཡོད་པའི་མི་གཅིག་ཀྱང་མེད་ལ། ཁྱིམ་ཚང་ཚང་མས་བྱིས་པ་སློབ་གྲྭར་སྐྱེལ་ནས་སྦྱངས་འབྲས་ཕུལ་བྱུང་ཅན་ལ་ལོ་རེར་སྒོར་མོ་ལྔ་བརྒྱའི་བྱ་དགའ་སྟེར་བཞིན་ཡོད་པ་སོགས་ཀྱི་གཏམ་བཟང་ལ་ཉན་བཞིན་ཡོད།
ཐང་ཆེན་གྱི་རྐུབ་སྟེགས་སྟེང་བསྡད་དེ་མགོ་བོ་བཀྱགས་ནས་ནམ་མཁར་ལྟ་བ་དང་། མགོ་བོ་སྒུར་ནས་ལམ་འགྲམ་གྱི་སྡེ་མིས་ཇི་ལྟར་ཡུལ་སྐོར་བ་མང་པའི་དུས་ཚིགས་བསུ་བའི་གྲོས་སྡུར་ལ་ཉན་ཚེ། འབྲོག་པའི་སྤྲོ་ཁྱིམ་ཁང་གཉེར་བའི་བྱ་བའི་ཐད་ལ་རྒད་པོ་རྣམ་ཐར་རྒྱལ་གྱིས་ཅི་ཡང་སྒྲུབ་མི་དགོས་ཤིང་། ཅི་ཡང་བསམ་མི་དགོས་པར་སྐྱིད་པའི་ཉིན་གཅིག་གི་དུས་འདའ་བར་བྱས་ཆོག
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།