ཞིན་ཧེ་རྫོང་ཆུ་ཁོལ་ཡུལ་ཚོས་ཁོར་ཡུག་གཙང་སྤྲའི་བྱ་འགུལ་སྤེལ།
2022.04.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

སྐྱེ་ཁམས་སྲུང་སྐྱོབ་ཀྱི“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱེད་ཆེད། “ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི”ཆེད་དོན་བྱ་སྤྱོད་ནན་ཏན་གྱིས་སྤེལ་ཏེ། ཡུལ་ཚོ་ཡོངས་ཀྱི་ཁོར་ཡུག་གཙང་སྤྲའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་སྟེ། ཕྱོགས་ཡོངས་ནས་དྭངས་གཙང་མཛེས་སྡུག་དང་སྐྱེ་ཁམས་ལྗང་མདོག བདེ་ཐང་སྤྲོ་སྐྱིད་བཅས་ཀྱི་འཚོ་བའི་ཁོར་ཡུག་བཟང་བོ་ཞིག་ཆགས་སུ་འཇུག་ཆེད། ཉེ་ལམ་ཆུ་ཁོལ་ཡུལ་ཚོས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚོགས་པ་བཞི་པའི་ལྟ་བཤེར་གྱི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབས།

ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་ཚན་གཙོ་དང་པོ་དང་ཡུལ་གཙོ་ཚན་གཙོ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ནས་ཏང་སྲིད་ཀྱིས་གཙོ་ཁྲིད་དང་ཚད་མཐོའི་སྐུལ་འདེད་གཏོང་བའི་དོ་དམ་ལམ་སྲོལ་བཙུགས་ཤིང་། མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ«ཆུ་ཁོལ་ཡུལ་ཚོའི‘ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི’ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་སྒོའི་ཇུས་གཞི»བཟོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་བཀོད་སྒྲིག་གི་ཚོགས་འདུ་བསྡུས་ཏེ་བཅོས་སྒྲིག་གི་གཙོ་གནད་གཏན་ཁེལ་དང་རང་རང་གི་ས་ཁོངས་ལ་བརྟེན་ནས་མི་སྣའི་འགན་འཁྲི་དང་ལས་འགན། ཚད་གཞི་བཅས་བཀོད་སྒྲིག་གང་ལེགས་བྱས། བྱེ་བྲག་གི་བྱ་བའི་ཁྲོད་དྲ་མིག་ཅན་གྱི་དོ་དམ་ལག་བསྟར་བྱས་ནས་འགན་འཁྲི་ཞིབ་ཕྲ་དང་འགན་འཁྲི་ཕྲག་ཏུ་ལེན་པའི་ལམ་སྲོལ་བཙུགས་པ་དང་། དུས་མཚུངས་སུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་སྒྲོག་འགྲེལ་གོ་སྐབས་སུ་བཟུང་སྟེ། སྡེ་མིའི་ཚོགས་ཆེན་ཚོགས་པ་དང་དྲིལ་སྒྲོག་སྦྱར་ཡིག་བཀལ་བ། ཡ་རབས་སྤྱོད་བཟང་དང་ཤེས་དཔལ་གྱི་འདུ་ཤེས། ཤེས་དཔལ་གྱི་ཐབས་ལམ་ལ་བརྟེན་ནས་སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེར་དྲིལ་སྒྲོག་གང་ལེགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་ཁོར་ཡུག་གཙང་སྤྲའི་རང་རྟོགས་དང་བྱ་སྤྱོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་ཕྱིན། ཡུལ་ཚོ་ཡོངས་ཀྱི་གོང་འོག་བར་གསུམ་གྱི་མང་ཚོགས་ཁོར་ཡུག་གཙང་སྤྲར་རང་འགུལ་གྱིས་ཞུགས་པ་དང་།  དྭངས་གཙང་གི་ཁོར་ཡུག་བཅོས་སྐྱོབ་བྱེད་པར་མི་སུ་ཡིན་རུང་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། མིག་སྔའི་བར་བསྡོམས་པས་སྡེ་མིའི་ཚོགས་ཆེན་ཐེངས་བརྒྱད་ལ་ཚོགས་པ་དང་། དྲིལ་སྒྲོག་གི་འཕྲེད་བྱང་བཅུ་དྲུག་བཀལ་ཞིང་ཁྱིམ་ཚང་དྲུག་བརྒྱ་ལྷག་ལ་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་སྒྲོག་འགྲེལ་བྱས།

ཆུ་ཁོལ་ཡུལ་ཚོའི་སྣང་བརྙན་སྔར་ལས་ཇེ་ལེགས་དང་སྡེ་བའི་སྒྲིག་ལམ་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་ཆ་ཚང་བྱེད་པ། ཚོང་གཉེར་ཁོར་ཡུག་གཙང་མ་གཏོད་པ་བཅས་བྱ་ཆེད། ཉེ་ལམ།  ཡུལ་ཚོ་སྲིད་གཞུང་དང་སྒྲིག་ཨུས་མཁར་གྲོང་དོ་དམ་གྱི་ཁྲིམས་འཛིན་སྡེ་ཁག་གི་འབྲེལ་ཡོད་མི་སྣ་བརྒྱད་དང་མཉམ་འབྲེལ་སྒོས་སྡེ་བར་སོང་སྟེ། ཁོར་ཡུག་གཙང་སྤྲའི་བཅོས་སྒྲིག་བྱ་འགུལ་སྤེལ།   དེ་མིན་ཁྲིམས་འཛིན་མི་སྣས་ཁྲིམས་འགལ་གྱིས་ཚོང་གཉེར་བྱེད་པར་སློབ་གསོ་གཏོང་བ་དང་སློབ་སྟོན་བྱ་རྒྱུ་གཙོ་བོར་བྱེད་པ་དང་གང་བྱུང་དུ་འཛུགས་སྐྲུན་བྱས་པའི་སྒེར་གཉེར་ཁྱིམ་ཚང་ལ་གཟའ་འཁོར་གཅིག་གི་ནང་དུ་ལེགས་སྒྲིག་བྱ་དགོས་པའི་བླང་བྱ་བཏོན་པར་མ་ཟད། “ཁོར་ཡུག་གཙང་སྦྲ”འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་གང་ལེགས་བྱས། སྒེར་གཉེར་ཁྱིམ་ཚང་ལ་མཁར་གྲོང་དོ་དམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་མིའི་འཚོ་སྡོད་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ཡོད་པ་སྒྲོག་འགྲེལ་དང་། རང་རང་གི་སྒོ་མདུན་དུ“འགན་ལེན་གསུམ”གྱི་འགན་འཁྲི་དོན་འཁྱོལ་བྱ་བར་ཤུགས་སྣོན་བྱེད་དགོས་པའི་བླང་བྱ་བཏོན། ཐེངས་འདིའི་གྲལ་བཤེར་ལེགས་སྒྲིག་བྱ་བའི་ཁྲོད་བསྡོམས་པས་ཚོང་ཁང་གི་ཕྱི་རོལ་དུ་ཚོང་གཉེར་བའི་ཁྱིམ་ཚང་དྲུག་དང་གང་འདོད་དུ་གད་སྙིགས་སྤུངས་པའི་ས་གནས་བཅུ་གཉིས་གཙང་བཤེར་བྱས། གང་འདོད་དུ་འཛུགས་སྐྲུན་བྱས་པའི་ཁྱིམ་ཚང་གསུམ་ལེགས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན། བརྡ་ཁྱབ་བྱང་བུ་གསུམ་ཚད་ལྡན་དུ་བཏང་། རིམས་འགོག་བྱ་བ་ལག་བསྟར་ཚད་ལྡན་མིན་པའི་ཁྱིམ་ཚང་གཉིས་ཡོད་པ་དག་ཡུལ་དངོས་ནས་ལེགས་སྒྲིག་བྱས།

གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱི“ས་ཁོངས་ཡོངས་སུ་གད་སྙིགས་མེད་པར”བཟོ་བའི་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཏང་ཀྲི་པུའུ་དང་ཏང་ཡོན་གྱིས་སྣེ་ཁྲིད་པ། དམངས་ཡོངས་རང་རྟོགས་སྒོས་བྱ་འགུལ་དུ་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གིས་གཏོད་ནས་ཆུ་ཁོལ་ཡུལ་ཚོས་ཏང་ཡོན་དང་ནགས་སྲུང་། རྩྭ་སྲུང་། མང་ཚོགས། སྡེ་བ་སོ་སོའི་དང་བླངས་པའི་ཞབས་ཞུ་རུ་ཁག་བཅས་རྩ་འཛུགས་དང་སྐུལ་སློང་བྱས་ཏེ། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་བྱ་བར་ཞུགས་ནས་སྡེ་བའི་ནང་ཁུལ་དུ་འཚོ་བའི་བཙོག་ཆུ་དང་། འཚོ་བའི་གད་སྙིགས། འགྱིག་ཤོག་སོགས་སྙིགས་རོ་གཙང་སེལ་གྱི་བྱ་བ་བསྒྲུབས།  མིག་སྔའི་བར། བསྡོམས་པས་མི་དྲུག་བརྒྱ་ལྔ་བཅུ་ལྷག་ཁོར་ཡུག་གཙང་སྤྲའི་བྱ་འགུལ་ཐེངས་བཅུ་གཉིས་ལ་ཞུགས་ཤིང་། ལམ་འགྲམ་གྱི་གད་སྙིགས་ཏུན་གསུམ་དང་གྲངས་ཆུང་བརྒྱད་གཙང་སེལ་བྱས་པ་དང་། ཆུ་ལམ་ཉི་ཤུ་ལྷག་དང་ཆུ་ཡུར་བརྒྱད་གཙང་སེལ་བྱས། གཙོ་བོ་ཆུ་འགྲམ་གྱི་གད་སྙིགས་སོགས་གཙང་སེལ་བྱས། ཆུ་ངོས་སུ་གཡེང་བའི་གད་སྙིགས་སྤྱི་ལེ་བརྒྱད་ལྷག་གཙང་སེལ་བྱས་པ་དང་ཆབས་ཅིག་གད་སྙིགས་གསོག་ཉར་གྱི་སྣང་ཚུལ་ཐོན་རྒྱུ་གཏན་འགོག་བྱས་ནས་རོང་འབྲོག་པར་གཙང་སྦྲའི་གོམས་གཤིས་བཟང་པོ་ཆགས་རྒྱུར་རོགས་རམ་བྱས།

སྡེ་བའི་མཛེས་སྡུག་ལྡན་པའི་ཁོར་ཡུག་ནི་གཙང་སྤྲར་རག་ལས་ཡོད་ལ་མང་ཚོགས་ཀྱི་བདེ་སྐྱིད་དང་ཐད་ཀར་དུ་འབྲེལ་བ་ཡོད། རྗེས་ཕྱོགས་སུ་ཆུ་ཁོལ་ཡུལ་ཚོས“ཁོར་ཡུག་གསར་བརྗེ”དེ་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྡེ་བའི་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ནས། རྨང་གཞིའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ལམ་ལུགས་འཛུགས་སྐྲུན་བྱེད་པ། ལྟ་ཞིབ་དཔྱད་ཞིབ་བྱེད་པ་བཅས་ཀྱི་ཐད་ཤུགས་སྣོན་བྱེད་དགོས་པ་དང་ཆབས་ཅིག  བསམ་བློ་བརྟན་པོ་དང་འགན་འཁྲི་ཕྲག་ཏུ་འཁུར་བ།  དངོས་སྒྲུབ་སྤྱོད་ཚུལ་དར་སྤེལ་གཏོང་བ་བཅས་བྱས་ནས་སྡེ་བའི་རྣམ་པ་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་ཆེད་དགེ་མཚན་ལྡན་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

                                                                                རྩོམ་སྒྲིག་པ། གཡང་འབུམ་རྒྱལ།