དགུ་རོང་སྡེ་བར་བདེ་སྐྱིད་ཀྱི་ཡོ་ལང་རྒྱས།
2022.04.02 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

ཕྱོགས་བཞི་རི་ཚོགས་ཀྱིས་བསྐོར་ཞིང་བྲག་རི་གཟར་མོའི་དབུ་རྩེ་དགུང་དུ་བསྙེགས།  དཔྱིད་ཀའི་དྲོད་འཇམ་རླུང་བུས་རི་ཚོགས་ཀྱི་ཁྲོད་དུ་ཆགས་པའི་མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་ཧྲ་ལེན་པའོ་ཡུལ་ཚོའི་རི་ཀླུང་ཀུན་ལ་གསོན་ཤུགས་གསར་བ་ཞིག་བསྩལ་འདུག

ཧྭ་ལུང་རྫོང་རིག་རྩལ་སྐྱ་དམག་གིས་སྤེལ་བའི“དགུན་ཁའི་སྐྱེལ་བ་དྲུག”གི་ཞབས་ཞུ་བྱ་འགུལ་ཧྲ་ལེན་པའོ་ཡུལ་ཚོ་དགུ་རོང་སྡེ་བར་སླེབས། རིག་རྩལ་རུ་ཁག་སླེབས་པ་དང་བསྟུན་ནས། སྡེ་བའི་ཉིན་རྒྱུན་གྱི་ཞི་མཐུན་ལྷིང་འཇགས་དེ་ཡེ་ནས་དཀྲོགས་ཤིང་སྡེ་བ་ཡོངས་སུ་ཟང་ཟིང་གི་རྣམས་པས་ཁེངས་འདུག་པར་མ་ཟད། སྡེ་བའི་བྱ་འགུལ་ཐང་ཆེན་དུ་དར་ཚོན་ལྷབ་ལྷུབ་ཏུ་སྐྱོད་ཅིང་མི་ཚོགས་ཀྱིས་ཁེངས་ནས་གླུ་སྐད་གང་སར་ཁྱབ་འདུག་ལ། གཤིས་འཇམ་བབ་ཆགས་ཀྱི་མང་ཚོགས་རེ་རེའི་གདོང་ལ་འཛུམ་གྱིས་ཁེངས་པ་དང་། གར་སྟེགས་ཀྱི་དཀྱིལ་དུ་བཀལ་བའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི“ཡིག་ཆ་ཨང་དང་པོ”ཡི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་འཕྲེད་བྱང་དེ་ཧ་ཅང་མངོན་གསལ་ལྡན་ལ། རིག་རྩལ་ལེ་ཚན་དལ་བ་དལ་བུར་མགོ་བརྩམས་པ་དང་བསྟུན་ནས། དགའ་འབོད་བྱེད་པའི་སྒྲ་ནི་རྒྱུན་ཆད་མེད་པར་མཆེད་འོང་།

“ཉིན་འགའི་སྔོན་ལ་ཡུལ་ཚོ་གཞན་དུ‘དགུན་ཁའི་སྐྱེལ་བ་དྲུག’གི་རིག་རྩལ་འཁྲབ་སྟོན་བྱ་འགུལ་ལ་ལྟ་རུ་སོང་བ་ཡིན། ངོ་མ་ལྟ་རྒྱུ་ཡོད་གི། དེ་རིང་གོ་ནོ་ཡིན་ན‘དགུན་ཁའི་སྐྱེལ་བ་དྲུག’ང་ཚོ་དགུ་རོང་སྡེ་བར་ཡོང་སྟེ་འཁྲབ་སྟོན་བྱེད་རྒྱུ་རེད་ཟེར་ཀི དེ་བས་སྔ་མོ་ནས་ཐང་ཆེན་དུ་ཡོང་ནས་བསྡད་ཡོད”དགུ་རོང་སྡེ་བའི་སྡེ་མི་རྣམས་ཀྱིས་རྒན་སྐྱོར་གཞོན་ཁྲིད་དང་རང་ཉིད་ཀྱིས་རྐུབ་སྟེགས་ཁྱེར་ནས་ཐང་ཆེན་དུ་སྔ་མོ་ནས་ཙོག་པུར་བསྡད་འདུག“ཆེས་ཉན་འདོད་པ་ནི་ཏང་གི་ཞིང་ཕན་དང་ཞིང་སྟོབས། ཞིང་དར་བཅས་ཀྱི་སྲིད་ཇུས་བཟང་བོ་དེ་ཡིན”ཟེར།

“ཡིག་ཆ་ཨང་དང་པོ”སྒྲོག་འགྲེལ་བྱེད་པའི་སྟེགས་བུའི་འགྲམ་དུ་ལངས་པའི་གསོ་སྤེལ་ཁྱིམ་ཆེན་མགོན་པོ་བསོད་ནམས་ཀྱིས་བཤད་རྒྱུར།“ད་ལྟ་ཏང་གི་སྲིད་ཇུས་ངོ་མ་བཟང་གི། ན་ནིང་ངས་ཡུལ་ཚོ་སྲིད་གཞུང་དང་ཞིང་ལས་ཡིད་རྟོན་དངུལ་ཁང་གི་རོགས་རམ་འོག་སྒོར་མོ་འབུམ་ལྔ་བསྐྱིས་པ་ཡིན། དེས་ནོར་གནག་ཉིས་བརྒྱ་དང་ལུག་བརྒྱ་ལྷག་ཉོས་པས། ན་ནིང་གི་ཡོང་སྒོ་སྒོར་མོ་འབུམ་གཉིས་དང་ཁྲི་ལྔ་ལ་སླེབས། ད་ལོ་ངས་ད་དུང་མ་དངུལ་སྒོར་མོ་འབུམ་ལྔ་གྲབས་གསོག་བྱས་ཏེ་གསོ་སྤེལ་གྲུབ་ཚུལ་སྙོམས་སྒྲིག་དང་། གསོ་སྤེལ་གཞི་ཁྱོན་སྔར་བས་རྒྱ་བསྐྱེད་འདོད་ཡོད”ཟེར།

དེ་ལྟར་བཤད་ཚར་མ་ཐག ཁོའི་ཉེ་འགྲམ་དུ་ལངས་པའི་ཆུང་མས་དགའ་སྤྲོའི་ངང“དེ་རིང་གི་ལྟད་མོར་ངོ་མ་ལྟ་རྒྱུ་ཡོད་གི རིག་རྩལ་འཁྲབ་སྟོན་གྱི་རྣམ་པས་ང་ཚོར‘ཡིག་ཆ་ཨང་དང་པོ’ཡི་དགོངས་དོན་རྒྱུས་ལོན་བྱེད་དུ་བཅུག སྲིད་ཇུས་འདི་དག་ཡོད་ཚེ། རྗེས་ཕྱོགས་ཀྱི་འཚོ་བ་སྔར་བས་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བ་ཁོ་ཐག་རེད། ཏང་ལ་བཀའ་དྲིན་ཞུ་བ་དང་དྲིན་གཟོ་ཞུ”ཞེས་བཤད་བྱུང་།

རིག་རྩལ་འཁྲབ་སྟོན་གྱི་བར་གསེང་དུ། དགུ་རོང་སྡེ་བའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབང་ལྡན་སྟེགས་བུའི་སྟེང་བུད་དེ“ད་ལོ་རྒྱལ་ཁབ་ཀྱིས་བཏོན་པའི་སྲིད་ཇུས་ནི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་དེ་རེད། ང་ཚོ་སྡེ་བའི་མི་མང་པོ་ཞིག་སྒོ་ཕྱི་རུ་གླ་རྒྱག་ཏུ་སོང་བ་དང་ས་རྒོད་དུ་བསྐྱུར་བའི་ཞིང་ས་ཅུང་མང་བས། ཞིང་ཁྱིམ་རང་ཉིད་ཀྱིས་འདེབས་ཐུབ་པ་རྣམས་ཅི་ཐུབ་ཀྱིས་འདེབས་པ་དང་། འདེབས་འཛུགས་ཁྱིམ་ཆེན་དུ་རྒྱུན་འཁོར་བྱེད་ཐུབ་པ་རྣམས་ཅི་ཐུབ་ཀྱིས་རྒྱུན་འཁོར་བྱེད་པ། འདེབས་འཛུགས་བྱེད་མི་ཐུབ་པའི་ཞིང་ས་ང་ཚོ་ཏང་ཀྲི་པུའུ་ཡིས་འདེབས་འཛུགས་ཁྱིམ་ཆེན་ལ་སྐུལ་སློང་བྱས་ཏེ་འདེབས་འཛུགས་བྱེད་དུ་འཇུག་རྒྱུ་ཡིན་ལ། མདོར་ན་སྲིད་ཇུས་བཟང་བོ་རང་ནུས་ཅི་ཐུབ་ཀྱིས་བེད་སྤྱོད་བྱས་ཏེ་ས་ཞིང་ཡོད་ཚད་བཏབ་ནས། མང་ཚོགས་ལ་དེའི་ཁྲོད་དུ་ཁེ་བཟང་རེག་ཏུ་འཇུག་རྒྱུ་ཡིན”ཟེར།

སྐད་ཆ་བཤད་མ་ཚར་གོང་། སྡེ་མི་རྣམས་དགའ་སྤྲོའི་ངང་ཡར་ལངས་ཏེ་དགའ་བསུ་བྱེད་པ་དང་། སྡེ་མི་བཀྲ་ཤིས་ཀྱིས“ཏང་དང་སྲིད་གཞུང་གིས་ང་ཚོར་སྲིད་ཇུས་དང་ཞབས་ཞུ་འདི་འདྲ་བཟང་བོ་ཞིག་མཁོ་འདོན་བྱེད་པར་བཀའ་དྲིན་ཆེ་ཞུ། ང་ཚོས་ཁྱིམ་ཚང་ཕྱུག་བསྒྱུར་བྱེད་པར་སྟོབས་ཤུགས་ཀྱིས་ཁེངས་ཡོད”ཅེས་སྐད་གསང་མཐོན་པོས་བཤད།

དགུ་རོང་སྡེ་བའི་ཧྲུའུ་ཅི་དང་པོ་མཱ་ཀྲེན་ཆིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། “དེ་རིང་ནི་ཧྲ་ལེན་པའོ་ཡུལ་ཚོའི་ཕྱིར་ཕ་ཡུལ་དུ་ལོག་པའི་སློབ་ཆེན་པས་གསར་དུ་སྒྲིག་འཛུགས་བྱས་པའི་གླུ་གར་ཚོགས་པ་སྡེ་བའི་ནང་དུ་ཡོང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི‘ཡིག་ཆ་ཨང་དང་པོ’ཡི་དགོངས་དོན་དང་། དེ་མིན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ཉིན་མོ་རེད། ‘དགུན་ཁའི་སྐྱེལ་བ་དྲུག’ནི་རྫོང་ཐོག་ཏུ་སྤེལ་བའི་མི་དམངས་མང་ཚོགས་ལ་སྲིད་ཇུས་སྐྱེལ་བ་དང་དྲོད་ཁོལ་སྐྱེལ་བ། བཅའ་ཁྲིམས་སྐྱེལ་བ། ཚན་རྩལ་སྐྱེལ་བ། རིག་གནས་སྐྱེལ་བ། འཕྲོད་བསྟེན་སྐྱེལ་བ་བཅས་ནང་དོན་གཙོ་བོ་ཡིན་པའི་ཞབས་ཞུ་བྱ་འགུལ་ཆེ་གྲས་ཤིག་ཡིན་པས། སྲིད་ཇུས་ཀྱིས་དམངས་ཀྱི་སེམས་ཁྲལ་བསལ་བ་དང་ཞབས་ཞུ་ཡིས་དམངས་ཀྱི་དཀའ་ཁག་བསལ་བ། དྲོད་ཁོལ་གྱིས་དམངས་སེམས་གཅིག་ཏུ་བསྒྲིལ་བའི་ཕན་འབྲས་ལེགས་པོ་ཐོན་ཡོད།”ཟེར།

རི་བོའི་ཕུགས་སུ་ཆགས་པའི་དགུ་རོང་སྡེ་བའི་རི་ཀླུང་ཀུན་དུ་ཀྱག་ཀྱོག་ཏུ་འཐེན་པའིཨར་འདམ་གྱི་གཞུང་ལམ་ཡོད་པ་དང་། ཁྱིམ་ཚང་རེ་རེ་ཡིས་དྭངས་ཤིང་གཙང་ལ་ཞིམ་མངར་ལྡན་པའི་རང་འབབ་ཆུ་འཐུང་བཞིན་ཡོད་པར་མ་ཟད།  བྱིས་པ་ཚོས་དཔེ་ཆ་ཀློག་འདོན་བྱེད་པའི་ལྷང་ལྷང་གི་སྒྲ་དེ་ནི་མཛེས་སྡུག་གི་དཔྱིད་ཀ་འདིའི་ཆེས་སྙན་འཇེབས་ལྡན་པའི་སྒྲ་དབྱངས་སུ་གྱུར་འདུག

                                                                                  རྩོམ་སྒྲིག་པ། གཡང་འབུམ་རྒྱལ།