རྒད་པོ་རྡོ་རྗེ་དང་ཁོའི་གསེར་ཐང་བྱ་གླིང་།
2022.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཆུའི་འགྲམ་རྒྱུད་དུ། རྒད་པོ་ཞིག་དང་འདམ་རའི་བར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཞིག་གང་སར་ཁྱབ་ཡོད་དེ། ལོ་ངོ་ཉེར་གཉིས་ཀྱི་སྔོན་དུ་རྒད་པོ་རྡོ་རྗེ་བཟའ་མི་གང་བོ་གནས་འདིར་སྤོས་ནས་མགོན་ཤུལ་འདམ་རར་སྲུང་སྐྱོབ་བྱས་པ་དང་། རྒད་པོ་རྡོ་རྗེས་ཉིན་རེར་བཞིན“གསེར་ཐང་བྱ་གླིང”ཞེས་འབོད་པའི་འདམ་རར་སྐོར་གཡེང་ལྟ་ཞིབ་བྱེད་བཞིན་ཡོད། ཁོས་ད་དུང་རང་ཉིད་འགྲོ་མི་ཐུབ་པའི་བར་དུ། འདི་ལྟར་མུ་མཐུད་དུ་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ཡིན་ཟེར།

“ཁྱིམ་གཞིས་ཀྱང་མཛེས་སྡུག་ལྡན་པར་མ་གྱུར་ན་འཚོ་བ་ཇི་ལྟར་སྐྱིད་དམ།”

རྒད་པོ་རྡོ་རྗེ་མཐོང་སྐབས་ཁོས་ཁོག་སྟོད་ལ་མཐིང་ནག་གི་རྒྱ་ལྭ་རྙིང་པ་ཞིག་དང་སྐེ་ལ་རྒྱང་ཤེལ་ཞིག་འཁུར་ཡོད་ལ།  སྔ་དྲོའི་སྐོར་སྲུང་བྱས་ཏེ་རང་ཉིད་ཀྱི“སོ་ལྟའི་ས་ཚིགས”སུ་ལོག་ཅིང་། མི་ཆ་མེད་ཅིག་ཡོང་བ་མཐོང་སྐབས་རྒད་པོ་རྡོ་རྗེའི་གདོང་ལ་འཛུམ་མདངས་ཤིག་ངོམ་བཞིན་སེར་གས་ཁེངས་པའི་ལག་པ་བསྲིངས་ནས་གསར་འགོད་པར་འཚམ་འདྲི་བྱས།

རྒད་པོ་རྡོ་རྗེ་ད་ལོ་ལོ་ན་དོན་གཅིག་ལ་སོན་པ་དང་རྒྱུན་དུ་ཕྱི་རོལ་དུ་སྐོར་སྲུང་བྱེད་པར་བསྐྱོད་ཀྱིན་ཡོད་པས་ཁོང་གི་གདོང་པགས་ཚིག་ཅིང་གཉེར་མ་ཆགས་ཡོད་པ་དང་། ས་ནག་བཞིན་གདོང་མདོག་ཤིན་ཏུ་ནག་པོ་ཞིག་རེད། ལོ་ན་མཐོ་ཡང་ཁོ་རང་ལམ་དུ་འགྲོ་དུས་གཟུགས་པོ་དྲང་ཞིང་སྟོབས་ཤུགས་ཀྱིས་ཁེངས་ཡོད་པས་སྔོན་ཆད་ཁོ་རང་དམངས་དམག་གི་བརྒྱ་དཔོན་ཡིན་དུས་ཀྱི་ཉམས་འགྱུར་དེ་ད་ལྟ་ཡང་ད་དུང་ཁོའི་ལུས་སྟེང་དུ་ག་ལེར་མངོན་ཡོང་།

རྒད་པོ་རྡོ་རྗེ་ཚང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོ་ཕྱུག་སྐྱ་སྡེ་བར་ཡོད་པ་དང་། རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་སྟེ་རྩེ་ཆུ་ནི་སྡེ་འདབས་སུ་རྒྱང་རིང་དུ་འཐེན་ཡོད།

རྩེ་ཆུའི་འགྲམ་རྒྱུད་ཀྱི་འདམ་ར་མང་པོ་ནི་སྐར་ཚོགས་བཀྲ་བ་ལྟར་གང་སར་ཁྱབ་ཡོད། 2020ལོའི་ཟླ12པའི་ཚེས25ཉིན་མཚོ་སྔོན་རྩེ་ཁོག་རྩེ་ཆུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་ཞིབ་བཤེར་རྩིས་ལེན་ཐོབ་ནས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་མིང་ཐོའི་ནང་དངོས་སུ་བཅུག་པ་རེད།

རྩེ་ཆུ་ནི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་འདམ་རའི་གྲས་ཤིག་ཡིན་པ་དང་།  རྡོ་རྗེ་ཚང་གི་རྩྭ་རའི་ནང་གི་མགོན་ཤུལ་འདམ་ར་ནི་སྔོན་ཆད་དེ་འདྲའི་རྩྭ་ཆུ་འཛོམས་ས་ཞིག་མིན།

1999ལོར་སྡེ་བའི་རྩྭ་ས་བགོས་ནས་རྩྭ་སའི་བདག་དབང་སླར་ཡང་གཏན་འཁེལ་བྱེད་སྐབས་སུ་རྩྭ་ས་དེའི་མང་ཆེ་བ་ནི་འདམ་ར་ཡིན་པས་རྩྭ་ཉུང་ལ་ས་ཡང་ཆུང་བས་ནོར་ལུག་མང་པོ་འཚོ་མི་ཐུབ་པར་བརྟེན་འགན་གཙང་ལེན་བྱེད་འདོད་མཁན་གཅིག་ཀྱང་མེད། སྡེ་བའི་ཏང་ཡོན་རྒན་གྲས་ཤིག་ཡིན་པའི་རྡོ་རྗེས་རང་འགུལ་ངང་རྩྭ་ར་དེ་རང་ཉིད་ལ་བགོ་བའི་རེ་བ་བཏོན་པས་རྗེས་ཕྱོགས་སུ་ཁོ་རང་རིམ་བཞིན་འདམ་ར་དེའི་བདག་པོར་གྱུར།

རྩྭ་ས་དེ་བགོས་ནས་ཡུན་རིང་མ་འགོར་བར་རྒད་པོ་རྡོ་རྗེ་ཡིས་ཁོའི་མི་ཚེ་གང་པོར་བརྗེད་པར་དཀའ་བ་ཞིག་ནི་ཁྲིམས་འགལ་ངང་རྔོན་རྒྱག་མཁན་གྱིས་འདམ་རའི་འགྲམ་དུ་རང་དགར་ཉ་འཛིན་པ་དང་བྱ་རིགས་རྔོན་པའི་རྣམ་པ་དེ་མཐོང་སྐབས། རྡོ་རྗེས“བྱ་རིགས་སྐྱེ་འཕེལ་བྱ་ཡུལ་ནི་རྩྭ་ཐང་གི་གཡང་ས་ཡིན་པས། དེ་དག་མེད་པར་གྱུར་ན། རྩྭ་ཐང་ལ་བླ་སྲོག་མེད”ཅེས་པའི་ཨ་ཕའི་སྐད་ཆ་དེ་དྲན་བྱུང་།

དུས་དེ་ནས་བཟུང་། རྡོ་རྗེ་ནི་ཕྱུགས་འཚོ་མཚམས་བཞག་ནས་འདམ་རར་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་གྱུར། རི་ལ་སྐོར་སྲུང་དང་གད་སྙིགས་འཐུ་བ། ཁྲིམས་འགལ་ངང་རྔོན་རྒྱག་པར་སྔོན་འགོག་བཅས་བྱས་ཏེ། རྡོ་རྗེས་འདམ་ར་དེར་སྲུང་སྐྱོབ་བྱེད་ཆེད། ཧ་ལམ་ཉིན་རེར་སྐོར་སྲུང་ཐེངས་རེ་བྱེད་ཀྱིན་ཡོད། ཁོས་རྒྱུན་དུ“ཁྱིམ་གཞིས་ཀྱང་མཛེས་སྡུག་ལྡན་པར་མ་གྱུར་ན། འཚོ་བ་ཇི་ལྟར་སྐྱིད་དམ”ཞེས་བཤད་བཞིན་ཡོད།

ནམ་ལངས་མ་ཐག་རྒད་པོ་རྡོ་རྗེས་ཆུ་དམ་འཁྱེར་ནས་འདམ་རར་བསྐོར་ཞིབ་བྱེད་པར་འགྲོ་བཞིན་ཡོད།  དགུན་ཁར་ཁོས་གྲང་ངར་ལ་མ་འཛེམ་པར་འདམ་རར་བསྐོར་ཞིབ་བྱས་ཏེ་ཁོའི་སྣ་ཡང་འཁྱགས་ཕྱིད་ཐེབས་མྱོང་།  དབྱར་ཁར་ཆར་ཆུ་མང་བས་འདམ་ར་ནི་མཐའ་བསྐོར་ལ་སྤྱི་ལེ་ལྔ་ལྷག་ཡོད་པའི་མཚེའུ་ཞིག་ཏུ་གྱུར་ཡོད་ནའང་ཁོས་ཉིན་རེར་མཚེའུ་དེར་སྐོར་བ་གསུམ་རེ་རྒྱག་གིན་ཡོད།

ནམ་རྒྱུན་དུ་རྒད་པོ་རྡོ་རྗེ་ནམ་ལངས་མ་ཐག་སྒོར་བུད་དེ་ས་རུབ་རྗེས་སུ་ད་གཟོད་རང་ཁྱིམ་དུ་ལོག་བཞིན་ཡོད་ཅིང་། ཁྱིམ་གྱི་ལས་ཀར་ཁོས་གཏན་ནས་ཁ་ཡ་མི་བྱེད། རྩྭ་ས་དེར་ཕྱུགས་ཟོག་ཀྱང་བཀག་ནས་འགྲོ་རུ་མི་འཇུག་པས། རྒད་པོ་རྡོ་རྗེ་ཚང་གི་ཕྱུགས་ཟོག་རྣམས་ཀྱང་གཞན་ནས་གླས་པའི་རྩྭ་སར་འཚོ་བཞིན་ཡོད་ཅེས་རྒད་པོ་རྡོ་རྗེའི་བུ་ཆེ་བ་བཀྲ་ཤིས་རབ་བརྟན་གྱིས་དེ་ལྟར་བཤད།

བསྐོར་ཞིབ་ནི་ལྟ་ཞིབ་བྱེད་པ་ཁོ་ན་ཙམ་མ་ཡིན་པར། ཁྲིམས་འགལ་ལྐོག་རྔོན་ལ་ཐུག་ཚེ། རྒད་པོ་རྡོ་རྗེས་ཁ་ཏ་སློབ་གསོ་གཏོང་བཞིན་ཡོད་པ་དང་།  ཉ་འཛིན་པ་མཐོང་ཚེ་དེ་དག་དང་རྩོད་གླེང་བྱེད་བཞིན་ཡོད་པས་མཚམས་རེར་ཁོ་ལ་རྨས་སྐྱོན་ཡང་ཐེབས་མྱོང་། དེ་བས་མངག་གཏོང་ཁང་གི་ཉེན་རྟོག་པས་རྒད་པོ་རྡོ་རྗེ་ཡི་བདེ་འཇགས་ལ་སེམས་ཁྲལ་བྱས་ནས། མྱུར་ཏུ་ཉེན་བརྡ་གཏོང་བ་ལས་རང་ཉིད་ཀྱིས་ཁ་ཡ་མ་བྱེད་ཅེས་བཤད་ཀྱང་། ཁོས“སྐར་མ་གཅིག་ལ་དལ་འགོར་བྱས་ཚེ་ཚེ་སྲོག་འགའ་མེད་བརླག་ཏུ་བུད་འགྲོ”ཟེར། དེའི་རྗེས་རྨ་ལྷོ་ཁུལ་ནགས་ལས་སྡེ་ཁག་གིས་འདམ་རའི་ཉེ་འགྲམ་གྱི་རི་སྟེང་དུ་ལྟ་ཞིབ་པར་ལེན་བརྙན་མིག་བཙུགས་པས། ལྐོག་རྔོན་བྱེད་པ་མཐོང་ཚེ་ཉེན་རྟོག་པས་ཀྱང་འཕྲལ་དུ་མཐོང་ཐུབ་པས་རྒད་པོ་རྡོ་རྗེའི་སེམས་ཁྲལ་ཡང་ཅུང་ཙམ་སེལ་ཐུབ་པར་གྱུར།

ལོ་ངོ་ཉེར་གཉིས་རིང་ལ་ལྷག་བསམ་རྣམ་དག་གིས་སྲུང་སྐྱོབ་བྱས་པ་བརྒྱུད། མགོན་ཤུལ་འདམ་རའི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གྱུར་བ་དང་།  བྱ་རིགས་ཀྱང་སྔོན་ཆད་ཀྱི་བརྒྱ་ལྷག་ནས་ད་ལྟ་ཆེས་མང་དུས་སྟོང་གཉིས་ལྷག་ཏུ་འཕེལ་ཡོད། རྩྭ་ཆུ་བཟང་བས་བྱ་ཡང་ཇེ་མང་དུ་སོང་ཞིང་། དབྱར་ཁར་སླེབས་དུས་སྲོག་ཆགས་སྣ་ཚོགས་ཤིག་ཀྱང་མཐོང་ཐུབ་ཅེས་རྒད་པོ་རྡོ་རྗེས་བཤད།

ངའི་གྲོགས་པོ་སྟེ་བྱ་རིགས་དེ་དག་འཕུར་ཡོང་སྐབས་ངའི་སེམས་པར་ཡང་དགའ་སྣང་གིས་ཁྱབ་བྱུང་།

ལོ་ཉེར་གཉིས་རིང་ལ་ལྟ་སྲུང་གང་ལེགས་བྱས་པ་བརྒྱུད།  རྒད་པོ་རྡོ་རྗེ་ཡིས་འདམ་ར་དེའི་ནང་གི་སེམས་ཅན་དེ་དག་ལ་བརྩེ་སེམས་རྣལ་མ་ཞིག་བཅངས་ཡོད།  “སེམས་ཅན་དེ་དག་ནི་ངའི་གྲོགས་པོ་བཟང་པོ་ཞིག་དང་འདྲ་བར། ཁོ་ཚོ་མཐོང་ཐེངས་རེར་ང་རང་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཡོང”ཞེས་རྒད་པོ་རྡོ་རྗེ་ཡིས་བཤད།

འདམ་རར་ལྟ་ཞིབ་དང་སྲུང་སྐྱོབ་སྔར་ལས་ཡག་པོ་བྱེད་ཆེད། རྒད་པོ་རྡོ་རྗེ་ཡིས་རང་གི་སྒོར་མོ་འབུམ་གཉིས་ལྷག་བཏང་ནས་འདམ་རའི་ཉེ་འགྲམ་གྱི་རི་སྟེང་དུ“སོ་ལྟའི་ས་ཚིགས”གསུམ་བསྐྲུན་པ་དང་། ཁང་བའི་ཕྱོགས་བཞིར་ཤེལ་སྒོ་བཞག་པ་དེས་འདམ་རའི་རྣམ་པ་ཡོངས་མིག་གིས་མཐོང་ཐུབ། རྡོ་རྗེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཁང་པ་གསུམ་པོ་དེ་ལོ་རེའི་དབྱར་ཁར་ཕྱིར་གླ་བཞིན་ཡོད་པས་ཡུལ་སྐོར་བ་དང་པར་ལེན་པ་ཚོས་འདམ་རའི་ནང་གི་འདབ་ཆགས་རིགས་ལ་ལྟ་ཞིབ་བྱེད་ཐུབ་པ་མ་ཟད། འདབ་ཆགས་ཀྱི་རྒྱུན་གཏན་འཚོ་བར་ཡང་ཤུགས་རྐྱེན་གཏོང་མི་སྲིད། “འདི་ཡང་ངའི་ལས་རེས་ཁང་ཡིན། ཉིན་རེར་འདི་གར་ཡོང་ནས་ངའི་གྲོགས་པོ་རྒན་པ་ཚོར་ལྟ་ཞིབ་བྱེད་བཞིན་ཡོད”ཅེས་རྒད་པོ་རྡོ་རྗེས་གསར་འགོད་པར་དེ་ལྟར་བཤད།

“དེ་ནི་སྐེ་ཁྲ་ཡིན་ལ། རྒྱང་རིང་གི་དེ་ནི་མཆུ་དམར་རེད། མཚེའུ་འགྲམ་གྱི་དེ་བྱ་མགོ་ནག་རེད།”ཞེས་ཡུན་རིང་ལ་བྱ་རིགས་དང་འགྲོགས་པས་ཡི་གེ་མང་པོ་མི་ཤེས་པའི་རྒད་པོ་རྡོ་རྗེས་བྱ་རིགས་དེ་དག་ལ་རང་ཉིད་ཀྱི་མིང་འདོགས་སྟངས་ཤིག་རྙེད་ཡོད། ཁོ་རང་ཉིད་ཀྱིས་བཤད་པ་ལྟར་མིང་འདོགས་ཐུབ་པའི་བྱ་རིགས་བརྒྱད་ཅུ་ལྷག་ཡོད། “ཆེད་མཁས་པ་ཡོང་ནས་ངའི་གསེར་ཐང་བྱ་གླིང་དུ་བྱ་རིགས་བརྒྱ་དང་བརྒྱད་ཅུ་ལྷག་ཡོད”ཟེར།    དེ་ལྟར་ཁོའི་གྲོགས་པོ་རྙིང་པ་དེ་དག་གླེང་ཐེངས་རེར་རྒད་པོ་རྡོ་རྗེའི་མིག་ནང་དུ་འོད་སྣང་འཕྲོ་བར་བྱེད།

རྒད་པོ་རྡོ་རྗེས་ཧ་ལམ་ལོ་རེར་རྨས་སྐྱོན་ཕོག་པའི་བྱ་རིགས་ཁ་ཤས་ལ་རོགས་སྐྱོབ་བྱེད་བཞིན་ཡོད་པ་དང་། ན་ནིང་འཇོལ་མོ་ཞིག་བསྐྱབས་པ་དང་། གཞེས་ནིང་ལོར་ཁྲུང་ཁྲུང་སྐེ་ནག་ཤིག་བསྐྱབས་མྱོང་། སྐབས་དེར་ཁྲུང་ཁྲུང་སྐེ་ནག་དེ་ཆུ་ངོགས་སུ་ལྷུང་འདུག་པས་རྒད་པོ་རྡོ་རྗེ་མགྱོགས་མྱུར་ངང་དེར་སོང་ནས་ཁྲུང་ཁྲུང་སྐེ་ནག་དེའི་རྐང་བའི་རྨ་ཁ་དཀྲིས་རྗེས་འཕུར་དུ་བཅུག   རོགས་སྐྱོབ་བྱས་མྱོང་བའི་བྱ་རིགས་སྐོར་གླེང་སྐབས། རྒད་པོ་རྡོ་རྗེས“བྱ་དེ་དག་སླར་ཡང་གནས་འདིར་འཕུར་ཡོང་ཐེངས་རེར་གསུང་སྐད་སྣ་ཚོགས་སྒྲོག་ནས་ང་ལ་འཚམས་འདྲི་བྱེད་ཀྱིན་འདུག་ཟེར།

རྒད་པོ་རྡོ་རྗེས་བཤད་རྒྱུར། ལོ་རེའི་དབྱར་ཁ་སླེབས་ནས་རྩྭ་ཐང་སྔོ་ལྗང་དུ་འགྱུར་བཞིན་པའི་སྐབས་སུ་བྱ་ཁྱུ་མང་པོ་འདམ་ར་འདིར་འཕུར་ཡོང་གིན་ཡོད་ཟེར། སྔོ་ལྗང་གི་རྩྭ་ཐང་དང་དྭངས་གཙང་གི་མཚེའུ། འཕུར་ལྡིང་དང་ཡང་ན་རྩེད་འཇོར་རོལ་བའི་འདབ་ཆགས་ཀྱི་ཁྱུ་ཚོགས་བཅས་མཐོང་ཐེངས་རེར་སེམས་ལ་དགའ་སྐྱིད་ཀྱིས་ཁེངས་ཡོང་།

དགུན་ཁར་བྱ་ཉུང་བས་ངའི་འདམ་རའི་གྲོགས་པོ་དག་ཀྱང་གཞན་དུ་འཕུར་འགྲོ། བྱ་རིགས་དེ་དག་གི་སྐད་སྙན་ཐོས་མ་ཐུབ་ན་སེམས་པའང་ཧ་ཅང་སྐྱོ་བས་ཁེངས་འགྲོ། རྒད་པོ་རྡོ་རྗེ་ཡིས་དེ་ལྟར་གསར་འགོད་པར་བཤད་བཞིན་རྒྱང་ཤེལ་ལ་བརྟེན་ནས་མཚེའུ་ངོས་སུ་ལྟ་བཞིན། ད་ནི་དཔྱིད་ཀ་སླེབས་པས་མཚོ་ངོས་ཀྱི་དར་ཁ་ཡང་ལྷུང་གྲབས་འདུག་ཟེར།

ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཚེ་འཚོ་བ་ཡང་ཇེ་ལེགས་སུ་འགྲོ་ངེས་རེད།

ལོ་ངོ་ཉེར་གཉིས་ཀྱི་རིང་དུ་འདམ་ར་དེ་སྔར་ལས་མཛེས་སྡུག་ལྡན་པར་གྱུར་པ་དང་བསྟུན་ནས། རྒད་པོ་རྡོ་རྗེའི་གདོང་གི་གཉེར་མའང་སྔར་ལས་ཇེ་ཟབ་ཏུ་སོང་ཡོད་མོད།  ཡིན་ནའང་ཁོའི་སེམས་ཤུགས་སྔར་བཞིན་ཆེ་རུ་ཕྱིན་ཡོད་དེ། ད་ལྟ་ནས་བཟུང་ལག་ཁྱེར་ཁ་པར་ལ་བརྟེན་ནས་ལོ་རེར་འདམ་རའི་འགྱུར་ལྡོག་པར་ལེན་རྒྱུ་མ་ཟད། ད་དུང་འདབ་ཆགས་རིགས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པ་དང་། བྱ་རིགས་མི་འདྲ་བའི་འཚོ་བའི་གོམས་གཤིས་ཁོང་དུ་ཆུད་པར་བྱས་ཚེ་གཞི་ནས་བྱ་རིགས་དེ་དག་ལ་སྲུང་སྐྱོབ་སྔར་ལས་ཡག་པོ་བྱེད་ཐུབ་པའི་འཆར་གཞི་བཟོས་འདུག

རྒད་པོ་རྡོ་རྗེ་ཡིས་རང་དཔེ་གཞན་སྟོན་ངང་སྐོར་སྲུང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་མ་ཟད། ད་དུང་སྡེ་མི་ཚོར་ཁོར་ཡུག་སྲུང་སྐྱོབ་ཀྱི་བསམ་བློ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་། ཡུལ་སྐོར་བ་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏམ་རྒྱུད་བཤད་ནས་མི་སྔར་ལས་མང་པོ་ཞིག་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་གཏིང་ཟབ་ཏུ་བཏང་།

ད་ལྟ་གནས་དེའི་མི་མང་པོ་ཞིག་ལ་རྒད་པོ་རྡོ་རྗེའི་ཤུགས་རྐྱེན་ཐེབས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་ཁག་ནང་ཞུགས་ཤིང་། ཁོ་ཚོ་ཚང་མས་བྱམས་བརྩེའི་ངང་རྒད་པོ་རྡོ་རྗེ་ལ“ཨ་ཕ་རྡོ་རྗེ”ཞེས་འབོད་ཀྱིན་ཡོད།

མིག་སྔའི་དཀའ་ཁག་སོགས་ཀྱི་སྐོར་འདྲི་སྐབས། རྒད་པོ་རྡོ་རྗེ་ཡིས་རང་ཉིད་ཀྱི་བྲང་ཁའི་ཏང་རྟགས་སྟོན་བཞིན“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས། ད་དུང་འགྲོ་ཐུབ་ཚེ་ངས་འདམ་རར་སྲུང་སྐྱོབ་ཡག་པོ་བྱེད་དགོས།”ཟེར།

“སྔོན་ཆད་ཨ་ཕས་འདི་ལྟར་བསྒྲུབས་པར་གོ་བ་ལེན་མ་ཐུབ་མོད། ད་ལྟ་བསམས་ཚེ་ཨ་ཕ་ལགས་ཀྱིས་དངོས་འབྲེལ་དོན་སྙིང་ལྡན་པའི་བྱ་བ་ཞིག་བསྒྲུབས་ཡོད”། ཨ་ཕའི་ཤུགས་རྐྱེན་ཐེབས་པའི་དབང་གིས་བཀྲ་ཤིས་རབ་བརྟན་ཡང་འདམ་རའི་སྐོར་སྲུང་བྱ་བའི་ནང་ཞུགས་ནས་གད་སྙིགས་འཐུ་པ་དང་འདམ་རར་སྐོར་སྲུང་བྱེད་པ། བྱ་རིགས་སྐྱོབ་པ་བཅས་ཀྱི་བྱ་བ་གཉེར་བཞིན་ཡོད་ལ། བཀྲ་ཤིས་རབ་བརྟན་གྱིས་མུ་མཐུད་དུ་ཁོའི་ཨ་ཕའི་བྱ་བའི་མཇུག་བསྐྱངས་ནས་ད་ལྟ་འདམ་རའི་སྲུང་སྐྱོང་མཁན་གསར་པ་ཞིག་ཏུ་གྱུར་ཡོད།

རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན་ནས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཀྱང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས། སྔར་ལས་མང་པའི་འབྲོག་པ་རྣམས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཔུང་ཁག་ནང་ཞུགས་ཡོད། “མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས”ཞེས་པ་ནང་བཞིན།  ཐུན་མོང་གི་འབད་བརྩོན་འོག་ཀྲུང་ཧྭའི་ཆུ་མཛོད་ནི་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་བཞིན་ཡོད།

“ཁོར་ཡུག་ཇེ་ལེགས་སུ་སོང་ཚེ་འཚོ་བ་ཡང་ཇེ་ལེགས་སུ་འགྲོ་ངེས་རེད”། སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས་རྩེ་ཆུའི་འགྲམ་རྒྱུད་ཀྱི་འབྲོག་པ་ཚོས་ཀྱང་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་བསྐྲུན་པ་དང་། མཉམ་ལས་ཁང་གཉེར་སྐྱོང་ཡག་པོ་ཐུབ་ནས་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་སོགས་ཀྱང་མང་པོ་གཉེར་ཡོད་པས། “ཁྱིམ་ཚང་གི་ཡོང་འབབ་དེ་སྔོན་ལས་ལྡབ་ཁ་ཤས་ཀྱིས་ཇེ་མང་དུ་ཕྱིན”ཞེས་སྡེ་མི་དཔལ་ལྡན་གྱིས་གསར་འགོད་པར་བཤད།

དཔྱིད་ཀྱི་དཔལ་མོ་དལ་གྱིས་སླེབས་པ་དང་བསྟུན་ནས། མགོན་ཤུལ་འདམ་རའི་དར་ཁའང་རིམ་གྱིས་ཕྱེས་ཤིང་། རྒད་པོ་རྡོ་རྗེ་ཡིས་སྲིང་བལ་གྱི་སྟོད་གོས་མཐུག་པོ་དེ་ཕུད་ནས། རྒྱང་ཤེལ་འཁུར་ཏེ་སོ་ལྟའི་ས་ཚིགས་སུ་རྒྱང་ལྟ་བྱེད་བཞིན་འདུག “གནམ་གཤིས་ཇེ་དྲོར་སོང་བས། ངའི་གྲོགས་པོ་ཚོ་ཡང་གནས་འདིར་བསླེབ་ལ་ཉེ”ཟེར།

                                                                ཡིག་སྒྱུར་བ། གཡང་འབུམ་རྒྱལ།