ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ།
2022.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

 ཉེ་ལམ།  ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་ཆབས་ཅིག་བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་གཞི་ཚུགས་པ་དང་། ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་དམིགས་ནས་བཏོན་པའི་འཐབ་ཇུས་ཀྱི་བཀོད་ཇུས་གལ་ཆེན་ཞིག་རེད། ཐེངས་འདིའི་སློབ་སྦྱོང་སློབ་གསོའི་ཐད་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་ཡིད་ཆེས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་པས། ཆབ་སྲིད་ཀྱི་གྲུབ་འབྲས་དང་། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་གལ་ཆེན་ཐོབ་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཁྱོན་ཡོངས་དང་གཏིང་ཟབ་པའི་ཆབ་སྲིད་ཀྱི་སློབ་གསོ་དང་། བསམ་བློའི་ཞུན་བརྡར། སྙིང་སྟོབས་ཀྱི་ཞུན་བརྡར་བཅས་ཐེངས་ཤིག་ཐོབ་པར་བརྟེན་ཏང་ཡོངས་ཀྱི་ལོ་རྒྱུས་ཀྱི་རང་རྟོགས་དང་ལོ་རྒྱུས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་པ་དང་། ཏང་གི་གསར་སྐྲུན་ནུས་པ་དང་། གོང་བུར་འགྲིལ་ཤུགས།  འཐབ་འཛིང་གི་ནུས་པ་བཅས་ཆེས་ཆེར་ཆེ་རུ་ཕྱིན་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་དོན་གསལ་རྟོགས། དོན་དངོས་སྒྲུབ་པ། རྣམ་པ་གསར་པ་བསྐྲུན་པ་བཅས་ཀྱི་དམིགས་ཡུལ་འགྲུབ་ཡོད། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སྔར་ལས་སྐུལ་འདེད་གཏོང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ། ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ་དང་། མཐུན་སྒྲིལ་ཇེ་དམ་དུ་གཏོང་བ། ཡིད་ཆེས་ཆེ་རུ་གཏོང་བ། འབད་འཐབ་སེམས་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས།    སྔར་ལས་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། རྒྱུགས་སྤྲོད་ལམ་བུ་གསར་པར་གྲུབ་འབྲས་བཟང་པོ་ཐོབ་པ་བཅས་བྱ་ཆེད། ད་ལྟ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་བར་གཤམ་གསལ་གྱི་བསམ་འཆར་འདོན་རྒྱུ་ཡིན།

གཅིག ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་རྒྱུར་དམིགས་ནས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་ལོ་རྒྱུས་དེ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དང་རྒྱུན་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩི་དགོས། ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། དེའི་ཁྲོད་ནས་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་རིན་ཐང་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་རྩ་བའི་དམིགས་ཡུལ། གཞི་རྩའི་བླང་བྱ། ཚན་རིག་དང་མཐུན་པའི་སྤྱོད་ཚུལ་བཅས་ལ་གོ་བ་ཟབ་མོ་བླངས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་ལོ་རྒྱུས་སྤྱོད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་ལས་ཆེ་རུ་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཏང་གི་ལོ་རྒྱུས་ཕྱོགས་སྡོམ་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ། གོམ་གང་མདུན་སྤོས་སྒོས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་ཡིད་ཆེས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་དགོས།  ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱས་ཏེ།  ཏང་གིས་ལོ་ངོ་བརྒྱའི་རིང་འབད་འཐབ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པའི་འབད་འཐབ་ལྷོད་མེད་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ། ཏང་གིས་ལོ་ངོ་བརྒྱའི་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་ཉམས་མྱོང་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་གསར་གཏོད་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་གོ་བ་ཟབ་མོ་ལེན་པ། དུས་རབས་གསར་པའི་ཐོག་མའི་གསར་བསྐྲུན་རང་བཞིན་གྱི་བསམ་བློ་དང་། འཕོ་འགྱུར་རང་བཞིན་གྱི་ལག་ལེན། ཐོད་བརྒལ་རང་བཞིན་གྱི་འཕེལ་རིམ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བཅས་ལ་གོ་བ་ཟབ་མོ་བླངས་ཏེ། རྒྱུན་ཆད་མེད་པར་ལོ་རྒྱུས་འཕེལ་རིམ་ལ་ངོས་འཛིན་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། ལོ་རྒྱུས་ཀྱི་བློ་གྲོས་བེད་སྤྱོད་བཅས་བྱེད་པ་གཏིང་ཟབ་ཏུ་གཏོང་དགོས།  ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དེ་གནས་བབ་ལ་བརྡར་ཤ་ཡང་དག་གཅོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མ་འོངས་སྔོན་མཐོང་བྱེད་པ། ལོ་རྒྱུས་རང་འགུལ་ཁོང་དུ་ཆུད་པ་བཅས་ཀྱི་བསམ་བློའི་མཚོན་ཆ་གལ་ཆེན་དུ་བརྩི་བ་དང་།  གནད་དོན་ལ་བསམ་བློ་གཏོང་བ་དང་། ཇུས་ཐག་གཅོད་པ། བྱ་བ་སྒྲུབ་པ་བཅས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་བ།  ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་བ། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བྱེད་པའི་ཁྲིད་སྟོན་གལ་ཆེན་དུ་བརྩི་བ་བཅས་རྒྱུན་འཁྱོངས་བྱེད་དགོས།  ལོ་རྒྱུས་ཀྱི་ངོས་འཛིན་ཆེ་རུ་བཏང་སྟེ།  ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་སྔར་ལས་གཏིང་ཟབ་སྒོས་འཛུགས་པར་སྐུལ་འདེད་གཏོང་བ་དང་།  ལོ་རྒྱུས་ངོ་མ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་ཟིན་དུ་འགྱུར་བར་བྱེད་དགོས།  རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ།  དམངས་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་ན་གཞོན་བཅས་ལ་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཁྲོད་ནས་སྔོན་ཆད་ང་ཚོས་རྒྱལ་ཁ་ལེན་ཐུབ་དོན་དང་མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་གཞི་ནས་མུ་མཐུད་དུ་གྲུབ་འབྲས་ཐོབ་ཐུབ་པ་གསལ་བོར་རྟོགས་པར་བྱས་ཏེ།  ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་དང་གཙོ་རྒྱུན་གྱི་ངོ་བོ་སྔར་ལས་སྟངས་འཛིན་ཡག་པོ་བྱེད་པ་དང་།  ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་དྲན་ཤེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཡིད་ཆེས་ཆེན་པོས་མདུན་སྐྱོད་བྱེད་པར་སློབ་གསོ་གཏོང་དགོས།   ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དེ་རྒྱུན་རྣམ་ཅན་གྱི་ནང་དོན་དུ་བརྩིས་ནས།  དུས་རྒྱུན་དུ་ཆེད་དོན་སློབ་སྦྱོང་དང་ཆེད་དོན་ཞིབ་འཇུག་གྲོས་བསྡུར་བྱས་ནས་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པའི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱེད་པ་དང་།  ལྷག་པར་དུ་ན་གཞོན་ལས་བྱེད་པ་འཚར་ལོངས་བྱུང་བའི་བརྒྱུད་རིམ་དང་བསམ་བློའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ལོ་རྒྱུས་སྐོར་གྱི་སློབ་གསོ་གཏོང་བའི་སློབ་ཚན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཏང་གི་ལོ་རྒྱུས་སྐོར་གྱི་སློབ་གསོ་གཏོང་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཏང་གི་ལོ་རྒྱུས་སྐོར་གྱི་སློབ་གསོ་གཏོང་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།  སློབ་གྲྭའི་བསམ་བློའི་ཆབ་སྲིད་སློབ་ཚན་གྱི་ཐབས་ལམ་འདི་བེད་སྤྱོད་ཡག་པོ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་དེབ་ཏུ་འགོད་པ་དང་། སློབ་ཚན་དུ་ཁྲིད་པ། བསམ་བློར་ཟུག་པ་བཅས་བྱས་ནས་ཏང་གི་ལོ་རྒྱུས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་ལེགས་པོ་བྱེད་དགོས།   ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་བའི་ལོ་རྒྱུས།  བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་མུ་མཐུད་དུ་དམ་འཛིན་བྱས་ཏེ། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་དང་བསམ་པའི་དཔལ་ཡོན་གསར་འཛུགས་ཁྲོད་འདྲེས་པར་བྱེད་པ་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་རྫོང་རིམ་པའི་སྨྱན་བྱད་ལྟེ་གནས་སོགས་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ཏེ། གཞི་རིམ་གྱི་དོན་དངོས་དང་མཐུན་པའི་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་བ་དང་།  སྤྱི་ཚོགས་ཡོངས་ཀྱིས་སྔར་ལས་ལེགས་པའི་སྒོ་ནས་ལོ་རྒྱུས་རྟོགས་ཤིང་ཏང་ལ་དགའ་ཞེན་དང་ལོ་རྒྱུས་རྟོགས་ཤིང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པར་ཁྲིད་སྟོན་བྱེད་དགོས།   ཏང་གི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་དང་། ཏང་གི་ལོ་རྒྱུས་རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན།  ཆེད་ལས་ཞིབ་འཇུག་སྒྲིག་གཞི་དང་ཞིབ་འཇུག་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ། རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་བསྐྲུན་པ་བཅས་བྱས་ནས།    ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་རིགས་གཞུང་གི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།

གཉིས། རིགས་གཞུང་གི་རང་རྟོགས་ཇེ་ཟབ་ཏུ་གཏོང་བར་དམིགས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དགོངས་པ་གསལ་རྟོགས་ཀྱི་གཞི་རྩའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ།   མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནས་བསམ་བློའི་སྟོབས་ཤུགས་རླབས་པོ་ཆེར་མྱོང་ཚོར་ཟབ་མོ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་དོན་མཐར་གཏུགས་ནས་བརྗོད་ན་མར་ཁེ་སི་རིང་ལུགས་ཡང་དག་ཡིན་པར་ཐུག་ཡོད། མར་ཁེ་སི་རིང་ལུགས་ཡང་དག་ཡིན་དོན་ནི་ཏང་གིས་རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ལག་ལེན་ལ་མཛུབ་སྟོན་བྱས་པར་ཡང་ཐུག་པར་ངོས་འཛིན་གང་ལེགས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དགོངས་པ་གལ་ཆེན་འདིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་གཞི་རྩའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཡོད། དེ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས། དེ་བཞིན་ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་པས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་མཆོང་སྐྱོད་གསར་པ་བྱུང་བར་ངོས་འཛིན་ཟབ་མོ་བྱེད་པ་དང་། དགོངས་པ་གལ་ཆེན་འདིས་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ཚན་རིག་དང་མཐུན་པའི་ལན་བཏབ་པར་ངོས་འཛིན་གཏིང་ཟབ་བྱེད་པ། དགོངས་པ་གལ་ཆེན་འདིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་གཅིག་འདོམས་ཀྱི་ནུས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ལམ་བུར་ཡག་པོ་སྐྱོད་པའི་སྣེ་ཁྲིད་ཀྱི་ནུས་པ། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྲུན་བྱེད་པའི་ཁྲིད་སྟོན་གྱི་ནུས་པ་བཅས་ལྡན་པར་མྱོང་ཚོར་ཟབ་མོ་ཡོང་བར་ཁྲིད་སྟོན་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་དང་། རྒྱ་ཆེའི་ཏང་ཡོན་གྱིས་རྗེས་སྙེག་སློབ་སྦྱོང་། སྤྱི་ཚོགས་ཡོངས་ཀྱིས་ཡོངས་ཁྱབ་ཏུ་སློབ་སྦྱོང་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་གོང་བུར་འགྲིལ་བར་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ལས་འགན་སྣ་ཚོགས་དོན་འཁྱོལ་བཟང་བོ་བྱེད་དགོས།

གསུམ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བར་དམིགས་ནས་རྒྱུན་སྲིང་ལྷོད་མེད་ངང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ལེན་པ་དང“སྲུང་སྐྱོབ་གཉིས”བཟང་བོར་སྒྲུབ་པའི་ཚད་མཐོའི་རང་རྟོགས་ཆེ་རུ་གཏོང་དགོས།  རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་བརྩིས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་མཐོང་ཆེན་བྱ་རྒྱུ་ནི། རང་རེའི་ཏང་འདི་ཉིད་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་རྩ་བའི་བླང་བྱ་ཡིན་པ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་ལེན་བྱ་རྒྱུ་ནི་ཏང་གི་སྲོག་རྩ་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པར་ཁྲིད་སྟོན་དང་།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་དོན་གཙོ་བོ་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལས་བྱུང་བར་ངོས་འཛིན་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱེད་དགོས།

རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ནང་གི་ཆབ་སྲིད་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་སྐུལ་འདེད་བཏང་སྟེ།  དམངས་གཙོའི་འཚོ་བའི་ཚོགས་འདུ་དང་། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ།  ཏང་ནང་དུ་ཞུགས་པའི་དམ་ཚིག་བསྐྱར་དྲན་བྱེད་པ་སོགས་བརྒྱུད་ནས།   རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་འདུ་ཤེས་དང་ཏང་ཡོན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་།  ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ང་ཚོའི་རྩ་བའི་ཆབ་སྲིད་ཀྱི་དགེ་མཚན་ཞིག་ཡིན་པར་ངོས་འཛིན་གང་ལེགས་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་ལས་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་སྟེ།    ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཇེ་མཐོར་གཏོང་དགོས།

བཞི། དམིགས་ཡུལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་དམིགས་ཏེ། རྒྱུན་སྲིང་ལྷོད་མེད་ངང་མང་ཚོགས་ལ་དོན་དངོས་དང་དོན་བཟང་སྒྲུབ་དགོས།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བྱས་ནས།  “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བཟང་བོ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ནས། མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གནད་དོན་དེ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་དགོས། དམངས་ཚིས་རྣམ་གྲངས་ཀྱི་གསལ་ཐོ་དོན་འཁྱོལ་བྱེད་པ་དང་སྲིད་ཇུས་དང་བྱེད་ཐབས་དངོས་སུ་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་། བྱ་བའི་བརྒྱུད་རིམ་ཚད་ལྡན་ཅན་དང་། གསར་སྐྲུན་བྱེད་སྟངས་ལམ་ལུགས་ཅན།  ཉམས་མྱོང་ལེགས་པོ་རྐྱེན་སྲོལ་ཅན་བཅས་ལ་སྐུལ་འདེད་བཏང་སྟེ། དམངས་ཚིས་གནད་དོན་ཐག་གཅོད་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།  ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་གིས་དོན་དངོས་གཞིར་བཟུང་སྟེ།   དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་བྱེད་པ། མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱེད་པ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་བཅས་ལ་དམིགས་ནས།   ལོ་འཁོར་གྱི་དམངས་ཚིས་དོན་དངོས་ཀྱི་འཆར་གཞི་བཟོ་བ་དང་ཆབས་ཅིག་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས།  རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་གཞི་རིམ་དང་འབྲེལ་གཏུག་བྱ་ཡུལ་བཙུགས་ནས་དུས་བཅད་ལྟར་གཞི་རིམ་དུ་བསྐྱོད་དེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་སེམས་འདུན་ཤེས་རྟོགས་དང་དཀའ་ཁག་དངོས་ཐག་གཅོད་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཧུར་ཐག་གིས་དང་བླངས་ཞབས་ཞུ་རྩ་འཛུགས་བྱས་ནས། ཏང་ཡོན་དང་ལས་བྱེད་པ་ཡུལ་དངོས་སུ་སོང་ནས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་དགོས།

ལྔ། དཔའ་ངར་ཆེར་སྐྱེད་དང་རྒྱུན་སྲིང་ལྷོད་མེད་ངང་ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་བྱེད་དགོས།  ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་བྱེད་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་སྐྱེད་སྲིང་བྱེད་པའི་ནང་དོན་གལ་ཆེན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་བཅས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་སློབ་གསོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་འདྲེས་པར་བྱེད་པ་དང་། ལས་སྒྲུབ་ལས་སྐྲུན་གྱི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མཚོན་པར་བྱེད་དགོས།  གསར་བརྗེའི་སྲོལ་རྒྱུན་སློབ་གསོར་ཤུགས་སྣོན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་ཞེས་པའི་བསམ་པའི་རྟེན་གཞི་འདི་བེད་སྤྱོད་ཡག་པོ་བྱས་ཏེ།    གསར་བརྗེའི་རྗེས་ཤུལ་དང་། དྲན་གསོ་ཁང་།  དངོས་མང་བཤམས་སྟོན་ཁང་སོགས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་དུས་རབས་ཀྱི་དཔེ་བཟང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། དུས་ཆེན་གལ་ཆེན་དང་དྲན་གསོའི་ཉིན་མོ་བཅས་གོ་སྐབས་སུ་བྱས་ནས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་གདུང་རབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། གསར་བརྗེའི་ཁྲག་རྒྱུན་རྗེས་མཐུད་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས།

དྲུག ཐོག་མའི་བསམ་འདུན་དང་འགན་འཁྲི་ནམ་ཡང་མི་ཉམས་པར་དམིགས་ཏེ་རྒྱུན་སྲིང་ལྷོད་མེད་ངང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲིར་རྒྱུན་ཆད་མེད་པར་སྐུལ་མ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དང་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་ཞིག་ལ་བརྩིས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་འདི་ཉིད་སྲིད་ཏང་གཞན་དག་ལས་ཁྱད་དུ་འཕགས་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་དུས་འཁོར་ལས་ཇི་ལྟར་སྒྲོལ་བར་བྱེད་པའི་དུས་རབས་ཀྱི་དྲིས་ལན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་། བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན།  སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ལམ་ལུགས་འཛུགས་སྐྲུན་དེའི་ནང་ཁྱབ་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྦྱོང་ཅན་གྱི་སྲིད་ཏང་འཛུགས་སྐྲུན་བྱེད་པའི་ཡུན་རིང་གི་ལས་འགན་གལ་ཆེན་ཞིག་རེད། རིམ་པ་སོ་སོའི་ཏང་ཨུས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་། བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་མིག་དཔེ་སྟོན་དགོས་པ་དང་། ཏང་ལ་བཅངས་པའི་བརྩེ་བ་ཟབ་མོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བྱ་གཞག་གི་འགན་འཁྲི་འཁུར་སེམས་ཆེན་པོས་ཏང་གི་ལོ་རྒྱུས་སྤྱད་དེ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དང་ཏང་ཡོངས་ཀྱིས་མཉམ་དུ་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། ལས་རིགས་མི་འདྲ་བ་དང་། ཁྱབ་ཁོངས་མི་འདྲ་བ། ཚོགས་སྤྱི་མི་འདྲ་བས་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱེད་པའི་བྱ་ཐབས་དང་ཐབས་ལམ་འོས་འཚམ་ཞིག་འཚོལ་ཞིབ་ལེགས་པོ་བྱས་ཏེ།  གནད་སྨིན་ནུས་ལྡན་གྱིས་ཡོངས་ལ་ཁྱབ་པ་དང་།  གསོན་ཉམས་དོད་པོས་སྤེལ་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་ལོ་རྒྱུས་ཤེས་རྟོགས། ཏང་གི་ལོ་རྒྱུས་བེད་སྤྱོད་བཅས་བྱ་རྒྱུ་སྤྱི་ཚོགས་ཡོངས་ཀྱི་སྲོལ་བཟང་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་དོན་གཙོ་བོ་ལེགས་པོར་སྒྲུབ་པ་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་དེ་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་དང་། བྱེད་ཐབས། ཕན་འབྲས་བཅས་སུ་སྒྱུར་བར་བྱས་ཏེ།  ཡིད་ཆེས་བརྟན་པོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།