མཚོ་སྔོན་ནི་ཡུལ་སྐོར་གནས་མཆོག་ཅིག་ཡིན།
2022.04.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

བསྐོར་ལམ་གཅིག་གིས་སྣེ་འདྲེན་བྱས་པའི་འོག་འཛམ་གླིང་གི“སྣེ་གསུམ་པར”སྐྱེ་སྟོབས་ཀྱི་དཔལ་འབར་བ།

མཚོ་སྔོན་གྱི་རང་བྱུང་ལྗོངས་ཁུལ་ལ་འཁྱགས་རི་དང་གངས་རི། རི་ཁུལ། ནགས་ཚལ་བཅས་དང་། གཞན་ད་རུང་མྱ་ངམ་ཐང་དང་རྩྭ་ཐང་། བརླན་ས་སོགས་ཡོད་ལ། རྩྭ་ཐང་གི་ཡུལ་སྲོལ་དང་དམངས་སྲོལ་རིག་གནས། རྗེས་ཤུལ་གནའ་ཤུལ། སྐྱེ་དངོས་རྩ་ཆེན་སོགས་ཀྱི་ཐོན་ཁུངས་ལ་རང་རང་གི་ཁྱད་ཆོས་རེ་ལྡན།

དཔྱིད་ཀར། མཚོ་སྔོན་པོའི་མཚོ་དར་ཕྱེ་བ་དང་བསྟུན་ནས་དུས་ཚིགས་གཅིག་ལ་གཉིད་དུ་ཡུར་བའི་མཐོ་སྒང་གཉིད་ལས་བསླངས་བ་དང་། དབྱར་ཁར། ཚྭ་ཁ་ནས་མེ་འཁོར་ཆུང་བར་བསྡད་དེ་མཚོ་སྙིང་དུ་བསྐྱོད་ན། ལྷ་སྒྲུང་གི་ཞིང་ཁམས་སུ་ཐོན་པ་དང་ཀུན་ནས་མཚུངས། སྟོན་ཁར། བཙུན་མོ་སྒང་དུ་འགོས་ན་གནམ་སྔོན་པོ་དང་སྤྲིན་དཀར་པོ་འོག་གི་གངས་རི་དང་རྩྭ་ཐང་། ནགས་ཚལ། གྲོག་རོང་བཅས་གཞི་གཅིག་ཏུ་འདྲེས་ཏེ་ཡུལ་སྐོར་པ་སྣུམ་ཚོན་རི་མོ་ཞིག་གི་ནང་དུ་བསྐྱོད་པ་ལྟ་བུའི་སྣང་བ་སྦྱིན། དགུན་དུས། འཁྱགས་ཀློང་གངས་རི་ལས་མཐོ་སྒང་གི་ལྷིང་འཇགས་དང་བརྟན་བརླིང་ངོམ་སྟེ་མཚོ་སྔོན་དུ་ཐོན་པའི་མི་རེ་རེར་མིག་ལ་མཐོང་བ་ཚང་མ་མཛེས་ལྗོངས་ཡིན་པའི་སྣང་བ་སྟེར།

མཐོ་སྒང་དུ་ཆགས་ཡོད་པའི་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་ཁྲོད་དུ། “བསྐོར་ལམ་གཅིག་གིས་སྣེ་འདྲེན་བྱེད་པ་དང་། ས་ཁུལ་དྲུག་གིས་དཔེ་སྟོན་བྱེད་པ། ཁྱམས་རིང་གཉིས་ཀྱིས་མཉམ་སྒུལ་བྱེད་པ། གནས་མང་པོས་སྣེ་ཁྲིད་བྱེད་པ”བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒྲོམ་གཞི་རྒྱུན་འཁྱོངས་བྱས་ཏེ། སའི་གོ་ལའི“སྣེ་གསུམ་པ”སྔར་བས་མཛེས་སྡུག་ལྡན་ཞིང་སྔར་བས་སྒོ་འབྱེད་གུ་ཡངས་ཡིན་པའི་ངང་ཚུལ་གསར་པ་ཞིག་ཏུ་འགྱུར་དུ་བཅུག་ཅིང་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག་ཡོད།

རང་ཞིང་གིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་འཐབ་ཇུས་དང་སྦྲེལ་ཞིང་། རི་ཁུལ་དང་ནགས་ཚལ། བརླན་ས། མཚེའུ། རྩྭ་ཐང་། གངས་འཁྱགས། ཡུལ་ཁོངས་རིག་གནས་སོགས་ལ་བརྟེན་ནས། མཚོ་སྔོན་པོ་དང་སྐུ་འབུམ་དགོན་པ། ཚྭ་ཁ། གསེར་དངུལ་ཐང་། མདོ་ལ་རིང་མོ། ཁུ་ནུ་རི་བོ་སོགས་ཀྱི་རང་བྱུང་མི་ཆོས་རིག་གནས་ཀྱི་ལྗོངས་ཁུལ་གཅིག་ཏུ་སྦྲེལ་བ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་དང་ལྗང་མདོག་འཕེལ་རྒྱས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན། མི་དང་རང་བྱུང་གི་ཚེ་སྲོག་གཅིག་མཐུན་ཚོགས་པ། སྐྱེ་ཁམས་སྣ་མང་ཅན་གྱི་སྲུང་སྐྱོབ། མི་རིགས་ཕུལ་བྱུང་རིག་གནས་བཅས་ཀྱི་ནང་དོན་གཙོ་བོར་མངོན་ཞིང་། ཐར་ཐོར་ཆེན་མོ་དང་གཅིག་འཛོམས་ཆུང་བར་གྲུབ་པ་དང་། གནས་ཐིག་ངོས་གསུམ་སྐྱེ་ལྡན་གྱིས་བསྒྲིགས་པའི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་བསྐོར་ལམ་ཆེན་མོ་ཧུར་བརྩོན་གྱིས་བསྐྲུན།

ས་ཁུལ་དྲུག་གིས་དཔེ་སྟོན་བྱས་པ་ལས་མཉམ་འགུལ་གྱི་རིག་གནས་དང་ཡུལ་སྐོར་གྱི་ཆགས་སྟངས་གསར་པ་གྲུབ་པ།

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་གཙང་གསུམ་འབྱུང་ཡུལ་གྱི་ཁུངས་གཏུག་ཡུལ་སྐོར་དང་གངས་རིའི་ལྐོག་གྱུར་འཚོལ་སྙེག་གི་ཡུལ་སྐོར། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཉམས་ལེན་ཡུལ་སྐོར་སོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་ལམ་ཐིག་ལེགས་ཤོས་བརྒྱ་མཚམས་སྦྱོར་བྱས། ལམ་ཐིག་ལེགས་ཤོས་བརྒྱ་ཡིས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རི་ཀླུང་དང་ནགས་ཚལ། རྩྭ་ཐང་། བརླན་ས། བྱེ་ཐང་སོགས་ཀྱི་སྐྱེ་ཁམས་ལྗོངས་ཁུལ་འབུར་ཐོན་དུ་མཚོན་ཡོད་ལ། ཉམས་ལེན་རང་བཞིན་དང་ནང་ཞུགས་རང་བཞིན། རྩེད་འཇོ་རང་བཞིན་བཅས་གཙོ་བོ་ཡིན་པའི་དམངས་སྲོལ་ཉམས་ལེན་ཅན་དང་རིག་གནས་བརྗོད་དོན་ཅན་གྱི་ཡུལ་སྐོར་ཐོན་རྫས་གཏིང་ཟབ་ཀྱིས་གསར་གཏོད་བྱས་ཡོད་པས། རིག་གནས་ཀྱིས་ཡུལ་སྐོར་ལ་ཡར་སྐུལ་བྱེད་པ་དང་ཡུལ་སྐོར་གྱིས་རིག་གནས་མཚོན་ཡོད།

མཚོ་སྔོན་དང་ཀན་སུའུ་ཡི་བསྐོར་ལམ་ཆེན་མོས་མཚོ་སྔོན་པོ་དང་ཚྭ་ཁ། གཡུ་མཚོ་གསུམ་དང་། ཀན་སུའུ་ཏུན་ཧོང་བྲག་ཕུག ཀྲང་ཡེ་ས་དམར་ས་གཤིས་སྤྱི་གླིང་སོགས་ཀྱི་དྲ་གྲགས་ལྗོངས་ཁུལ་རྣམས་གཅིག་ཏུ་སྦྲེལ་ཡོད་པས། ཡུལ་སྐོར་པ་རྣམས་ཀྱིས་ནུབ་བྱང་གི་ཕུལ་དུ་བྱུང་བའི་མཛེས་ལྗོངས་ལ་གང་འདོད་དུ་ལྟད་མོར་རོལ་ཆོག

མཚོ་སྔོན་དང་ཀན་སུའུ་ཡི་བསྐོར་ལམ་ཆེན་པོ་ལྟ་བུའི་བསྐོར་ལམ་ལེགས་ཤོས་ཡོད་པ་ལས་གཞན། ད་རུང་མཚོ་སྔོན་ཀན་སུའུ་ཞིན་ཅང་གསུམ་གྱི་ཡུལ་སྐོར་བསྐོར་ལམ་ཆེན་མོ་དང་མཚོ་སྔོན་བོད་ལྗོངས་སི་ཁྲོན་ཡུན་ནན་བཞིའི་ཡུལ་སྐོར་བསྐོར་ལམ། ཟི་ལིང་ནས་བསང་ཆུ་དང་ལན་ཀྲིག་སོགས་ཀྱི་ཡུལ་སྐོར་ལམ་ཐིག་ལེགས་ཤོས་མང་པོའང་ཡོད། ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས་སོ་སོའི་ཡུལ་སྐོར་པའི་ཐོན་ཁུངས་མཉམ་སྒུལ་མཉམ་རོལ་བྱས་པས། མཚོ་སྔོན་ཡུལ་སྐོར་གྱི་ཚོང་ར་རྒྱུག་པོར་བཏང་།

ཡུལ་སྐོར་པ་རྣམས་ཀྱིས་ཡུལ་སྐོར་ལམ་ཐིག་གསར་པ་དེ་དག་བཏོད་པས། མཚོ་སྔོན་གྱི་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

མཚོ་སྔོན་གྱིས་ཀྱང་མཚོ་སྔོན་པོ་དང་གཙང་གསུམ་འབྱུང་ཡུལ། མདོ་ལའི་མཛེས་ལྗོངས། ཁུ་ནུ་ཁུངས་འདེད། རྨ་ཙོང་རིག་གནས། མཚོ་སྔོན་ཀན་སུའུ་སི་ཁྲོན་གསུམ་གྱི་རྨ་ཆུ་ཡུལ་སྲོལ་བཅས་རིག་གནས་ཡུལ་སྐོར་མཐུན་སྦྱོར་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་ནས། གཙང་པོའི་མགོ་ཁུངས་ཀྱི་སྐྱེ་ཁམས་ལྟད་མོ་དང་མཐོ་སྒང་གི་ཚན་རིག་བརྟག་དཔྱད་ཀྱི་ཉེན་འཚོལ། སྐྱེ་ཁམས་ཉམས་ལེན། རང་བྱུང་སྐྱེ་ཁམས་སློབ་གསོ་སོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་གྲགས་ཅན་བསྐྲུན་པ་དང་། རྨ་ཙོང་རིག་གནས་དང་གསར་བརྗེ་རིག་གནས། རེབ་གོང་རིག་གནས། གེ་སར་རིག་གནས། ཁུ་ནུ་རིག་གནས་སོགས་ཀྱི་རྒྱུ་མང་རིག་གནས་ཀྱི་སྙན་གྲགས་ཀྱང་བསྐྲུན།

ཁྱམས་རིང་གཉིས་ཀྱི་མཉམ་སྒུལ་གྱིས་ལྗོངས་ཁུལ་ཁྱམས་རིང་དེ་ཡུལ་སྐོར་བསྐོར་ལམ་གསར་པ་དང་སྦྲེལ་བ།

འཛམ་གླིང་གི་སྒལ་ཚིགས་སུ་བསྔགས་པའི་མཚོ་སྔོན་ནི་མདོ་དབུས་མཐོ་སྒང་དུ་གནས་ལ། ཀྲུང་ཧྭའི་ཆུ་མཛོད་དུ་འབོད་པ་དང་གཙང་བོ་གསུམ་གྱི་འབྱུང་ཡུལ་ཡང་ཡིན། ཡུལ་འདི་ན་འཛམ་གླིང་སྟེང་ཐུན་མོང་མ་ཡིན་པའི་མཐོ་སྒང་ས་གཤིས་ལྗོངས་ཁུལ་དང་སྐྱེ་དངོས་སྣ་མང་ཅན་ཡོད་ལ། ད་རག་བར་དུ་འཛམ་གླིང་སྟེང་གི་ཆེས་དྭངས་གཙང་གི་སྐྱེ་ཁམས་ཁོར་ཡུག་སོར་ཉར་བྱས་ཡོད་པས། “གངས་ལྗོངས་དག་ཞིང”ཞེས་པའི་མཚན་སྙན་ཐོབ་ཡོད།

ད་རུང་བགྲོད་ལམ་གཅིག་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད། དེ་ཡིས་རྒྱ་བོད་མི་རིགས་གཉིས་ཀྱི་མཛའ་བརྩེ་དང་ཉོ་འཚོང་། རིག་གནས་མཉམ་འདྲེས་གཅིག་ཏུ་སྦྲེལ་ཡོད་ཅིང་། དེ་ནི་ཐང་བོད་གནའ་ལམ་ཡིན། རིང་ཚད་ལ་སྤྱི་ལེ་སུམ་སྟོང་ལྷག་ཡོད་པའི་ཐང་བོད་གནའ་ལམ་གྱི་ཕྱེད་ཀ་ཡན་མཚོ་སྔོན་གྱི་ཡུལ་ཁོངས་སུ་ཡོད་ལ། ལམ་དེ་མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་བརྒྱུད་དགོས་པ་དང་། ལམ་དེ་རུ་མི་སེམས་འགུལ་བའི་ངག་རྒྱུན་དང་གཏམ་རྒྱུད་གང་མང་ཡོད་ལ། མཛེས་སྡུག་ལྡན་པའི་རང་བྱུང་ལྗོངས་ཁུལ་ཡང་ཡོད།

གནས་མང་པོས་སྣེ་ཁྲིད་བྱས་པས་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱིས་མཚོ་སྔོན་ལ་སྔར་བས་འགུགས་ཤུགས་བསྣན་ཡོད།

རབ་མཛེས་མཚོ་སྔོན་གྱིས་གནམ་སྔོན་པོ་དང་ཆུ་དྭངས་མོ། གནས་དག་ཞིང་གི་བར་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་རྣམས་ལ་ལྷང་ངེར་གནས་པའི་རབ་མཛེས་ཀྱི་མིང་བྱང་སྟེར་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་འགྲོ་འདུག་སྤྱོད་གསུམ་དང་ཡུལ་སྐོར། རྩེད་འཇོ། ཉོ་སྒྲུབ་བཅས་ཀྱི་བྱེད་ནུས་མང་པོ་གཞི་གཅིག་ཏུ་འཛོམས་པའི་ཁྱད་ལྡན་སྲང་ལམ་དང་བཟའ་བཏུང་། མགྲོན་ཁང་སོགས་ཀྱི་ཐོན་ལས་སྐོར་ཞིག་བསྐྲུན་པ་དང་། མཚོ་སྔོན་གྱི་ཡུལ་སྐོར་དེ་ཡུལ་ཁོངས་ཡོངས་དང་དུས་ཚིགས་བཞི་པོར་རྒྱུན་ཆད་མེད་པར་སྤོ་བསྒྱུར་བྱས་ཏེ། ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

མིག་སྔར། རང་ཞིང་དུ་རྒྱལ་ཁབ་རིམ་པའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ2དང་། ཞིང་ཆེན་རིམ་པའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ17ཡོད། ས་ཆ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཐོན་ལས་ཀྱི་སྦྲེལ་ཐག་བསྲིངས་པ་ལ་བརྟེན་ནས། ཡུལ་སྐོར་ལས་རིགས་དེ་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་བཞིན་ཡོད།

ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ཆེན་མོའི་འོག་ཏུ། ལྗོངས་ཁུལ་དང་གྲོང་ཁྱེར་དང་ཁུལ་སོ་སོས་གཅིག་རྗེས་གཉིས་མཐུད་དུ་སྐྱེ་ཁམས་ཡུལ་སྐོར་དང་སྤྲོ་གསེང་ཡུལ་སྐོར་སོགས་ཀྱི་ཉམས་ལེན་རང་བཞིན་གྱི་ཐོན་རྫས་གསར་གཏོད་བྱས་པས། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་སྒེར་འཁོར་ཡུལ་སྐོར་གྱི་མ་ལག་ཆགས་ཡོད། རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་དང་སྒེར་འཁོར། གྲོང་གསེབ་བཅས་ཀྱི་ཡུལ་སྐོར་ལམ་ཐིག་ལེགས་ཤོས་དེ་རྣམ་པ་སྣ་མང་གི་དམངས་སྲོལ་ཡུལ་སྐོར་དང་། ནགས་ཚལ་ཡུལ་སྐོར། སྤྲོ་གསེང་ཡུལ་སྐོར་སོགས་ཀྱི་ཡུལ་སྐོར་ལས་གཞི་དང་གཞི་གཅིག་ཏུ་འདྲེས་ནས་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་རོགས་འདེགས་བྱས། 

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།