གྲོང་གསེབ་དར་སྤེལ་གྱི་གློག་ཤུགས་གསང་གྲངས།
2022.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ནས་ནུབ་ཕྱོགས་སུ་བསྐྱོད་དེ་རླངས་འཁོར་ལམ་གླ་བསྡུ་སའི་ས་ཚིགས་ནས་ཕྱིར་བུད་ཚེ། མིག་ལམ་དུ་མཐོ་ཞིང་བརྗིད་པའི་ལྕགས་སྡོང་མང་པོ་ཞིག་མཐོང་ཡོང་བ་དང་། དེའི་སྟེང་དུ་འོད་ལམ་ལམ་དུ་འཚེར་བའི་དངུལ་གྱི་སྐུད་པ་ལྟ་བུ་མང་པོ་ཞིག་ལེ་བར་སྟོང་ཕྲག་གི་སར་འཐེན་ཞིང་། མཐོན་པོའི་རི་བོ་དང་དམའ་མོའི་གཙང་བོ་བརྒྱུད་དེ། བསྣོལ་མར་གྲུབ་པའི་གློག་གི་དྲ་བ་ཞིག་གང་སར་འཐེན་ཡོད་ལ། དེ་ནི་མཛེས་སྡུག་གི་ཡུས་ཧྲུའུ་འཛུགས་སྐྲུན་བྱེད་པར་རོགས་རམ་བྱེད་པ་དང་། ལྗང་མདོག་ཡུལ་སྐོར་དང་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་མངོན་འགྱུར་ཡོང་བར་བྱ་ཆེད་རྒྱུན་ཆད་མེད་པར་གློག་ཤུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད་པ་ཞིག་རེད།

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་ཞོགས་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཡུས་ཧྲུའུ་གློག་མཁོ་འདོན་ཀུང་སིའི་ལས་བཟོ་པ་བློ་བཟང་འཇམ་དབྱངས་དང་སྐལ་བཟང་ཡར་འཕེལ་གཉིས་ཡུས་ཧྲུའུ་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་གྲོང་རྡལ་གྱི་བཱ་ཡན་ཧ་རི་འབྲི་མོའི་འོ་ལས་ཚད་ཡོད་ཀུང་སིར་ཡོང་ནས་ཐོན་སྐྱེད་སྒྲིག་ཆས་ཀྱི་བདེ་འཇགས་གློག་བཀོལ་སྤྱོད་གནས་ཚུལ་ལ་ཞིབ་བཤེར་དང་བདེ་འཇགས་གློག་བཀོལ་གྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་སེལ་ཏེ། འོ་བཟོས་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་ལ་གློག་འདང་ཚིམ་པ་བཀོལ་སྤྱོད་ཐུབ་པའི་འགན་སྲུང་བྱས་པ་རེད།

བཱ་ཡན་ཧ་རི་འབྲི་མོའི་འོ་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བྲེལ་འཚུབ་ཀྱིས་ལས་ཀར་བྲེལ་བའི་རྣམ་པ་ཞིག་མངོན་ཞིང་། ལས་བཟོ་པས་འབྲི་མོའི་འོ་མ་གསར་བ་ཐོན་སྐྱེད་འཁོར་ཁང་དུ་སྐྱེལ་བ་དང་ལས་བཟོ་པ་གཞན་པ་འགས་འོ་མ་ཞོ་བསྙལ་བྱེད་ཀྱི་སྣོད་ནང་དུ་བླུགས་པ་དང་། ཡུན་རིང་མ་འགོར་བར་ཞོ་གསར་བར་ཆག་འདུག

བཱ་ཡན་ཧ་རི་འབྲི་མོའི་འོ་ལས་ཚད་ཡོད་ཀུང་སི་ནི་མཐོ་སྒང་གི་འོ་མའི་ཐོན་རྫས་ཐོན་སྐྱེད་དང་། ལས་སྣོན། ཐུམ་རྒྱག་པ། ཕྱིར་འཚོང་སོགས་གཞི་གཅིག་ཅན་གྱི་ཁེ་ལས་ཆེན་པོ་ཞིག་ཡིན་པ་དང་། མ་བཅོས་རྒྱུ་ཆ་ཚང་མ་ས་དེའི་འབྲོག་པ་མང་ཚོགས་ཀྱི་རང་གིས་ཁྱིམ་དུ་གསོས་པའི་འབྲི་མོ་ཡིན་པ་དང་། དེས་ཕན་འབྲས་ལྡན་པའི་སྒོ་ནས་ས་དེའི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས།

ཉིན་འདི་གཉིས་ཀྱི་རིང་ལ་འོ་མ་སྔོན་ལ་མངགས་ཉོ་བྱེད་མཁན་གྱི་མི་ཧ་ཅང་མང་བ་དང་། ང་ཚོས་ཀྱང་ཐོན་སྐྱེད་ཀྱི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ཡོད། སྟབས་ལེགས་པ་ཞིག་ལ་ཁྱེད་ཚོ་ལམ་ཐག་རིང་བོ་བརྒྱུད་དེ་ང་ཚོར་གློག་ཡོད་མེད་ལ་བརྟག་དཔྱད་བྱེད་དུ་ཡོང་བས་ངའི་སེམས་ཧ་ཅང་བདེ་ཡོད། གློག་བཀོལ་སྤྱོད་བྱེད་པར་གནད་དོན་ཅི་ཡང་མི་འདུག་ཅེས་བཱ་ཡན་ཧ་རི་འབྲི་མོའི་འོ་ལས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཨོ་རྒྱན་ཚེ་ཕྱུག་གིས་བློ་བཟང་འཇམ་དབྱངས་ཀྱི་ལག་པར་འཇུས་ནས་དགའ་སྤྲོའི་ངང་དེ་ལྟར་བཤད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་ལོ་རྒྱུས་སྟེང་ཉོ་བསྙལ་བའི་སྲོལ་རྒྱུན་ཡོད་པ་དང་། སྔོན་ཆད་མིས་ཐབས་ལ་བརྟེན་ནས་ཞོ་བསྙལ་དགོས་པ་དང་། ས་དེའི་འོ་རྫས་བཟོ་གྲྭས་ཐོན་ཚད་ཀྱི་རྗེས་ཆོད་ཀྱིན་མེད་པས། དུས་རྒྱུན་དགོས་མཁོ་སྐོང་ཐུབ་ཀྱིན་མེད་པའི་གནས་ཚུལ་བྱུང་ཡོད་པ་རེད། ཉེ་བའི་ལོ་འགའི་རིང་ལ། གློག་དྲ་ཆེན་མོ་ཡུས་ཧྲུའུ་རུ་བསྐྱོད་པ་དང་བསྟུན་ནས་སྟོང་མུས803ལ་མུ་འབྲེལ་ནས་འཐེན་ཡོད་པའི“འོད་ཟེར་མཁའ་ལམ”དེ་ཆ་སྙོམས་མཚོ་འཕང་ལ་མུས4200ཡོད་པའི་གངས་ལྗོངས་མཐོ་སྒང་དུ་ཀྲོང་ངེར་འགྲེངས་ནས་མེས་རྒྱལ་གྱི་འཕར་རྩ་ཆེན་མོ་གཞི་གཅིག་ཏུ་སྦྲེལ་ཡོད།

ཡུས་ཧྲུའུ་གློག་དྲ་དེ་ཡང་སྟོང་ཧྥུའུ35ཡི་གློག་དྲ་གཅིག་པུ་ནས་དེང་རབས་ཅན་གྱི་གློག་དྲའི་དུས་རབས་སུ་བསྐྱོད་པ་དང་། ཡུས་ཧྲུའུ་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱིས་ཀྱང་གོ་སྐབས་གསར་པ་ཞིག་བསུས་ཡོང་།

2018ལོར། བཱ་ཡན་ཧ་རི་འབྲི་མོའི་འོ་ལས་ཚད་ཡོད་ཀུང་སིས་ཞོ་ལས་སྣོན་གྱི་སྒྲིག་ཆས་གསར་པ་ཞིག་ཉོས་ནས་གཞི་ཁྱོན་སྔར་ལས་ཆེ་བའི་བཟོ་གྲྭ་ཞིག་བཙུགས་ཡོད། རྒྱལ་ཁབ་གློག་དྲ་ཡུས་ཧྲུའུ་གློག་འདོན་ཀུང་སིར་གློག་བཀོལ་སྤྱོད་ཀྱི་རེ་ཞུ་འབྱོར་རྗེས་མྱུར་མོར་ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་ཡུལ་དངོས་སུ་སོང་ནས་རྩད་ཞིབ་བྱས་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་བཟོ་གྲྭའི་གློག་ཆས་དང་སྒྲིག་ཆས་ཀྱི་གློག་བཀོལ་སྤྱོད་ཐེག་ཚད་རྩིས་ཞིབ་བྱས་ཤིང་། གློག་མཁོ་འདོན་བྱེད་ཐབས་བཟོས་ནས་གཟའ་འཁོར་གཅིག་ནང་གློག་བདེ་བླག་གིས་མཐུད་ཐུབ་པར་བྱས།

བཟོ་གྲྭ་དངོས་སུ་འཁོར་བསྐྱོད་བྱས་རྗེས། རྒྱལ་ཁབ་གློག་དྲ་ཡུས་ཧྲུའུ་གློག་འདོན་ཀུང་སིའི་གློག་འདོན་ཞབས་ཞུ་མི་སྣ་དུས་ངེས་མེད་དུ་སྒོ་ཁར་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ལྷག་པར་དུ་ཐོན་སྐྱེད་བྱེད་ཚད་མང་བའི་དུས་ཚིགས་སླེབས་པའི་སྔོན་ལ་རང་འགུལ་གྱི་སྒོ་ནས་གློག་འདོན་ལམ་ཐིག་དང་གློག་བཀོལ་སྤྱོད་སྒྲིག་ཆས་ལ་རྟག་དཔྱད་བྱས་པ་དང་། གློག་བཀོལ་སྤྱོད་ཀྱི་བདེ་འཇགས་ཉེན་ཁར་ཞིབ་བཤེར་བྱེད་པ། དུས་ལྟར་ཚད་ལྡན་མིན་པར་གློག་བཀོལ་སྤྱོད་བྱེད་པའི་བྱ་སྤྱོད་ཡོ་བསྲང་བྱས་ནས་ཐོན་སྐྱེད་ཐད་ཀྱི་གློག་བཀོལ་སྤྱོད་ལ་ཁག་ཐེག་བྱས།

གློག་ཤུགས་འདང་ངེས་པར་འགན་སྲུང་དང་སེམས་གཏད་ཆོག་པའི་གློག་འདོན་ཞབས་ཞུའི་འདེགས་སྐྱོར་འོག་ཏུ། བཱ་ཡན་ཧ་རི་འབྲི་མོའི་འོ་ལས་ཚད་ཡོད་ཀུང་སིའི་འཁོར་སྐྱོད་བྱ་བ་རྒྱུན་ལྡན་གྱི་ལམ་དུ་ཞུགས་ཐུབ་པ་བྱུང་ཏེ། གསོ་སྤེལ་ཁྱིམ་ཚང་སུམ་བརྒྱ་དང་ཉི་ཤུར་འོ་མ་ཉོ་བའི་གན་རྒྱ་བཞག་པ་མ་ཟད། ད་དུང་ས་དེའི་མི་སྣ་བརྒྱད་ལས་ཀ་བར་བསྡུ་ལེན་བྱས་ནས་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། ཐོན་སྐྱེད་ནུས་པ་ཆེས་ཆེར་མཐོར་འདེགས་བྱུང་ཞིང་། འབྲོག་པ་མང་ཚོགས་རྣམས་ཀྱིས་ཀྱང་ཀུང་ཟི་ཐོག་མར་འཛུགས་སྐབས་ཀྱི་འབྲི་མོ་གཅིག་གི་འོ་མའི་ལོ་གཅིག་གི་ཡོང་སྒོ་སྒོར་མོ་བརྒྱ་དང་དྲུག་ཅུ་ནས་ད་ལྟའི་སྟོང་གཉིས་དང་སུམ་བརྒྱ་བརྒྱད་ཅུ་ལ་ཇེ་མཐོར་སོང་བ་དང་། ལས་ཞུགས་ཡོང་སྒོ་བསྡོམས་པས་སྒོར་མོ་ཁྲི་གཉིས་ལ་སླེབས།

ཨོ་རྒྱན་ཚེ་ཕྱུག་གིས་བཤད་རྒྱུར། “སྔོན་ན་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡོད་པ་དང་རྗེས་ན་གློག་དྲའི་རྒྱབ་སྐྱོར་བརྟན་པོ་ཡོད་པས། ང་ཚོའི་ཁེ་ལས་འཕེལ་རྒྱས་ཀྱི་ལམ་བུ་མདུན་ཕྱོགས་སུ་ཡོད། ད་ལོར་ངས་མུ་མཐུད་དུ་གཞི་ཁྱོན་རྒྱ་སྐྱེད་དེ་གློག་ཤུགས་ཅན་གྱི་ཁང་བ་གསར་པ་ཞིག་སྐྲུན་རྩིས་ཡོད་ཅེས་བཤད།

ད་ལྟ་རྒྱལ་ཁབ་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཡུས་ཧྲུའུ་ས་ཁུལ་གྱི་འོ་བཟོས་ཐོན་རྫས་དང་ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པའི་ཁེ་ལས་གང་སར་ཁྱབ་ཡོད། རྒྱལ་ཁབ་གློག་དྲ་ཡུས་ཧྲུའུ་གློག་མཁོ་འདོན་ཀུང་སིའི་ལས་བྱེད་མི་སྣས་རང་འགུལ་གྱི་སྒོ་ནས་ཆེད་ལས་མི་སྣ་རྩ་འཛུགས་བྱས་ཏེ་སྒོ་ཁར་སོང་ནས་ཞབས་འདེགས་ཞུས་པ་དང་། ཁེ་ལས་ཀྱིས་གློག་བཀོལ་བའི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱེད་རོགས་བྱས་པ་དང་། ཁེ་ལས་ཀྱིས་ཐོན་སྐྱེད་ཐད་གློག་བཀོལ་སྤྱོད་བྱེད་པའི་དགོས་མཁོར་རྒྱུས་ལོན་ཞིབ་མོ་བྱས་ནས་དུས་ལྟར་གློག་བཀོལ་སྤྱོད་བྱེད་པའི་གནད་དོན་ཐག་གཅོད་བྱས་པ་དང་། གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་སྔར་ལས་ཇེ་ཡངས་སུ་བཏང་།

དཔལ་འབྱོར་འཕེལ་རྒྱས་གཏོང་བར་གློག་ཤུགས་སྔོན་ལ་སྐྱོད་དགོས། རྒྱལ་ཁབ་གློག་དྲ་ཡུས་ཧྲུའུ་གློག་འདོན་ཀུང་སིས་ཐོག་མཐའ་བར་གསུམ་དུ་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གྲོང་གསེབ་དར་སྤེལ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་པ་དང་། གློག་དྲའི་ཞན་ཆ་ཁ་གསབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། གྲོང་གསེབ་འཕེལ་རྒྱས་ལ་གློག་ཡོད་པར་བྱེད་ཆེད། དངོས་ཡོད་བྱ་སྤྱོད་ཀྱི་ཐོག་ནས་གློག་ཤུགས་ཀྱི“སྔོན་སྐྱོད་པ”བཟང་པོ་ཞིག་བྱེད་བཞིན་ཡོད།

ལོ་ལྔའི་དུས་ཡུན་ནང་། ཡུས་ཧྲུའུ་ནུབ་ཕྱོགས་ཀྱི་རྫོང་གསུམ་གྱི་མཉམ་འབྲེལ་དྲ་རྒྱའི་བཟོ་སྐྲུན་ནས་ཡང་བསྐྱར་ཡུས་ཧྲུའུ་ཡི“ས་ཁུལ་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲའི་བཟོ་སྐྲུན187ལས་ནས་སྤྱོད་མགོ་ཚུགས་པ་དང་། ཡུས་ཧྲུའུ་ཁུལ་གྱི་གློག་ཁུངས་རྐྱང་པ་དང་གློག་སྐུད་རྐྱང་པའི་གློག་མཁོ་འདོན་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་ཏེ། གློག་མཁོ་འདོན་ནུས་པ་དེ་སྔོན་གྱི་ཡུས་ཧྲུའུ་གློག་དྲ་དང་བསྡུར་ན་ལྡབ་བཅུ་གསུམ་འཕར་ཡོད་པ་དང་། དེས་ཡུས་ཧྲུའུ་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

གྲོང་གསེབ་དར་སྤེལ་གཏོང་དགོས་ན། གློག་ཤུགས་ནི་མེད་དུ་མི་རུང་བའི་འགན་སྲུང་གི་རྒྱུ་རྐྱེན་ཞིག་ཡིན། ལོ་ལྔའི་ནང་རྒྱལ་ཁབ་གློག་དྲ་ཡུས་ཧྲུའུ་གློག་འདོན་ཀུང་སིས་གློག་དྲའི་ཐད་ལ་མ་དངུལ་སྒོར་མོ་ཐེར་འབུམ་གསུམ་དང་དུང་ཕྱུར་བདུན་ལྷག་བཏང་བ་དང་། གསར་དུ་ལས་པ་དང་ལེགས་བསྒྱུར་བྱས་པའི་ལམ་ཐིག་སྟོང་མུས་སྟོང་དྲུག་དང་སུམ་བརྒྱ་ཉེར་བརྒྱད་ལྷག་ལ་སླེབས་ཤིང་། གློག་མཁོ་འདོན་ཁྱབ་ཁོངས་སྟོང་མུས་གྲུ་བཞི་མ་འབུམ་གཉིས་ལྷག་ལ་སླེབས་ཡོད་པས། གློག་དྲའི་ཁྱབ་རྒྱ་དང་གློག་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། གློག་དྲར་ཡིད་ཆེས་ཆོག་པའི་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། གློག་འདོན་སྤྲོད་ཀྱི་ཚད99.6%ལ་སླེབས་ཡོད་པས། ཡུས་ཧྲུའུ་ཁུལ་ཡོངས་ཀྱི་མཁར་གྲོང་གི་འཚོ་བའི་གློག་བཀོལ་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཡོད་པར་མ་ཟད། ད་དུང་གྲོང་གསེབ་དར་སྤེལ་ལ་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིངས་ཡོད་པ་རེད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།