དད་སེམས་ཀྱི་ས་བོན་མཐོ་སྒང་གི་གཞི་ལ་བཏབ།
2022.04.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་སྔོན་ཐོན་མི་སྣ་སྲུང་མའི་གནས་ཚུལ་བཀོད་པ།

གཡང་གཟར་གྱི་བྲག་རིས་མདོ་ལ་རི་རྒྱུད་ཀྱི་ཕྱོགས་བཞི་ཡོངས་སུ་བསྐོར་ཞིང་མཚོ་འཕང་ལ་རྨིད་སྟོང་ལྔ་དང་བརྒྱད་བརྒྱ་དང་དྲུག་ཡོད་པའི་རི་རྩེ་ནམ་མཁའི་མཐོངས་སུ་ཟུག

གངས་རིའི་འདབས་རོལ་ཏུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་སྤྱི་ལེ་ཉིས་བརྒྱ་ཉེར་གཉིས་ཀྱི་མཚམས་སུ་ཡོད་པའི་སུ་རུ་ཡུལ་ཚོའི་འབྲོག་པ་རྣམས་ཀྱིས་ལག་ཏུ་ཁ་བཏགས་བཟུང་ནས་སྲུང་མ་དང་ཁོས་སྣེ་ཁྲིད་པའི་ལྷ་མཚོའི་འབྱུང་ཡུལ་སྒྲོག་འགྲེལ་རུ་ཁག་ཡོང་བར་རེ་སྒུག་བྱེད་བཞིན་འདུག

སུ་རུ་ཡུལ་ཚོའི་ཆ་སྙོམས་ཀྱི་མཚོ་འཕང་རྨིད་བཞི་སྟོང་ཉིས་བརྒྱ་ཡིན་ཞིང་ཡུལ་དེར་མི་གྲངས་ཉུང་ལ་རི་སྐྱེས་སྲོག་ཆགས་མང་པོ་འཚོ་གཞེས་བྱེད་པའི་བསྟི་གནས་ཉམས་དགའ་བ་ཞིག་རེད། སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོར་ལྷ་མཚོའི་འབྱུང་ཡུལ་སྒྲོག་འགྲེལ་རུ་ཁག་བཙུགས་པ་ནས་བཟུང་ལོ་རེའི་དཔྱིད་དུས་སུ་སྲུང་མ་ནམ་རྒྱུན་དུ་གནས་དེར་སོང་ནས་ཡུལ་མི་རྣམས་ལ་ཏང་གི་སྲིད་ཇུས་སྣ་ཚོགས་སྒྲོག་འགྲེལ་བྱེད་བཞིན་ཡོད། ཁོའི་བྱེད་སྟངས་དེ་དག་གིས་ས་གནས་དེའི་མི་རྣམས་ཀྱིས་ཁོ་ཚོ་རྒྱང་ཐག་རིང་བའི་རི་ཁུལ་དུ་འཚོ་བ་རོལ་གྱིན་ཡོད་ནའང་ཏང་གིས་ནམ་ཡང་ཁོ་ཚོ་ལ་ཐུགས་ཁུར་གནང་བཞིན་ཡོད་པའི་འདུ་ཤེས་དེ་སེམས་སུ་རྒྱུན་མུར་སྐྱེས་བཞིན་ཡོད།

ཁོ་ཚོ་སླེབས་བྱུང་། སྐབས་དེར་མི་ཞིག་གིས་དེ་ལྟར་སྐད་བརྒྱབ་བྱུང་པས་སྲུང་མ་སོགས་ལྷ་མཚོའི་འབྱུང་ཡུལ་སྒྲོག་འགྲེལ་རུ་ཁག་ལ་སྒུག་བཞིན་པའི་སྡེ་མི་རྣམས་བྲེལ་ཟིང་གི་རྣམ་པས་ཁེངས་སོང་། ནངས་མོའི་དུས་ཚོད་བདུན་གྱི་སྟེང་དུ་རྫོང་མཁར་ནས་ལམ་ལ་ཆས་པ་ཡིན་ཞིང་ཏག་ཏག་ཉིན་གུང་གི་དུས་སུ་ད་གཟོད་སུ་རུ་ཡུལ་ཚོར་ཐོན། རི་ལམ་ཀྱག་ཀྱོག་ཡིན་པས་སྲུང་མ་ཅུང་ཆད་སྣང་སྐྱེས་ཡོད་མོད། སྡེ་མི་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་བྱེད་པའི་རྣམ་པ་དེ་མཐོང་དུས་ཁོའི་ཐང་ཆད་པའི་སྣང་བ་དེ་སྐད་ཅིག་ལ་ཡལ་བར་གྱུར།

ཉིན་དེར་ཁོ་ཚོའི་སྒྲོག་འགྲེལ་བྱ་བ་མཇུག་བསྡུ་དུས་ཕལ་ཆེར་ས་རུབ་ལ་ཉེ་ཞིང་། ཕྱིར་ལོག་པའི་ལམ་ཐག་རིང་བའི་རྐྱེན་གྱིས་སྲུང་མ་སོགས་ལྷ་མཚོའི་འབྱུང་ཡུལ་སྒྲོག་འགྲེལ་རུ་ཁག་དེ་སུ་རུ་ཡུལ་ཚོ་རུ་ཞག་གཅིག་ལ་འདུག་དགོས་པར་གྱུར། དགོང་ཟས་ཟོས་རྗེས་སུ་རུ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ལིས་ཧོང་ཧུའུ་ཡིས་སུ་རུ་ཡུལ་ཚོའི་གསོ་སྤེལ་ལས་རིགས་གཉེར་བཞིན་པའི་ཁྱིམ་ཚང་སོགས་ཀྱི་མི་རེ་འགའ་ཏང་ཡོན་བྱ་འགུལ་ཁང་དུ་བསྡུས་ནས། སྲུང་མ་སོགས་དང་མཉམ་དུ་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་ཐབས་སྐོར་ལ་བསམ་ཚུལ་བརྗེ་རེས་བྱས།

སུ་རུ་ཡུལ་ཚོ་རུ་སྒྲོག་འགྲེལ་བྱ་འགུལ་སྤེལ་བ་དེ་ནི་ལོ་འདི་དག་གི་རིང་ལ་སྲུང་མས་ཐེམ་ཆེན་རྫོང་ཁོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་བཅུ་དང་སྡེ་ཁུལ་གཉིས་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ་བའི་བསྡུས་གཟུགས་ཤིག་རེད།

སྲུང་མའི་ཕ་ཡུལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཡིན་ཞིང་། གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་སུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཉིན་མཐའ་བཅའ་སྡོད་སློབ་གྲྭ་རུ་དགེ་རྒན་གྱི་ལས་གནས་སུ་ཞུགས། དེ་ནས་ལོ་གཅིག་གི་རྗེས་སུ་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་མི་རིགས་ཆ་ཚང་སློབ་འབྲིང་དུ་ལས་གནས་སྤར་ནས་དགེ་རྒན་གྱི་བྱ་བ་གཉེར། ཉིས་སྟོང་བཅུ་གསུམ་ལོར་ཐེམ་ཆེན་རྫོང་ཏང་གི་སློབ་གྲྭར་ལས་གནས་སྤར་ནས་ཆབ་སྲིད་གཞུང་ལུགས་སློབ་ཁྲིད་བྱེད་པའི་བྱ་བར་ཞུགས་པར་མ་ཟད། མཚོ་ནུབ་ཁུལ་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཁོང་མི་དང་མཚོ་ནུབ་ཁུལ་གཞུང་ལུགས་དྲིལ་སྒྲོག་ཆེད་མཁས་ཚོགས་པའི་ཁོང་མིར་གྱུར་བ་དང་། དུས་མཉམ་དུ་ཐེམ་ཆེན་རྫོང་ལྷ་མཚོའི་འབྱུང་ཡུལ་སྒྲོག་འགྲེལ་རུ་ཁག་གི་རུ་གཙོའི་འགན་ཁུར།

ཐེམ་ཆེན་རྫོང་གི་ས་རྒྱ་ཆེ་ཞིང་འགྲིམ་འགྲུལ་སྟབས་བདེ་མིན་པར་མ་ཟད། རྒྱུན་པར་དུས་ཚོད་ལ་བྲེལ་བ་ཆེ་ཞིང་ལས་འགན་ལྗིད་ལ་ནམ་རྒྱུན་རི་ཆུ་ལུང་གསུམ་ཐེངས་མང་བརྒལ་དགོས་པ་བཅས་བྱ་བར་དཀའ་ཚེགས་ཆེ་ནའང་སྲུང་མའི་སེམས་སུ་ནམ་ཡང་སྤྲོ་སྐྱིད་དང་རེ་བས་ཁེངས་ཡོད།

མི་རིགས་མང་པོར་ཁ་གཏད་ནས་སྲུང་མས་དུས་རྒྱུན་དུ་སྒྲོག་འགྲེལ་བྱེད་པའི་སྐབས་སུ། སྐབས་རེར་ཁོས་ཉན་སྤྲོ་ཞིང་གོ་སླ་བའི་མཚོ་སྔོན་ཡུལ་སྐད་ཀྱི་ལམ་ནས་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་དང་། ལན་རེར་བོད་སྐད་དག་མོའི་ལམ་ནས་སྒྲོག་འགྲེལ་བྱེད་པ་བཅས་ལས་གནས་དང་མི་རིགས། རིག་གནས་ཀྱི་ཆུ་ཚད་མི་འདྲ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་ཁ་དང་བསྟུན་ནས་སྒྲོག་འགྲེལ་བྱེད་ཀྱི་ཡོད་པ་རེད།

ལོ་མང་པོའི་རིང་དུ། སྲུང་མས་རྩྭ་ཐང་དུ་སློབ་ཁྲིད་བྱས་ཏེ་གཞུང་ལུགས་སྐོར་གྱི་རྩོམ་ཡིག་མང་དུ་བྲིས་ནས་བློ་རྩེ་གཅིག་སྒྲིམ་གྱིས་རང་འཁྲིའི་བྱ་བ་བསྒྲུབས། དུས་རྒྱུན་དུ་ཁོས་གཞུང་ལུགས་ཀྱིས་ས་གནས་ཀྱི་ལག་ལེན་བྱ་བར་སྣེ་ཁྲིད་བྱེད་པའི་སྐོར་ལ་བསམ་གཞིགས་དཔྱིས་ཕྱིན་པ་བཏང་བའི་རྨང་གཞིའི་སྟེང་། ཀྲུང་དབྱང་གི་སྲིད་ཇུས་སྣ་ཚོགས་ལ་གཟབ་ནན་གྱིས་ཞིབ་འཇུག་བགྱིས་ཏེ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་སྤུས་ཚད་མཐོ་བའི་དཔྱད་རྩོམ་དང་བརྟག་དཔྱད་སྙན་ཞུ་མང་པོ་ཞིག་བྲིས།

སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོར། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ཡི་སྐྱེས་སྐར་བསུ་བའི་སྐབས་སུ། ཏང་ལ་བློ་དཀར་ཞིང་ཏང་ལ་དགའ་ཞེན་བྱེད་པའི་བསམ་འདུན་མཚོན་སླད་དུ། སྲུང་མས་ལོ་གཅིག་གི་དུས་ཚོད་བཀོལ་ཏེ་ཟས་བརྗེད་གཉིད་ཆག་གིས་གུང་ཁྲན་ཏང་གི་བསྒྲགས་གཏམ་བོད་ཡིག་ཏུ་བསྒྱུར་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྣམ་དག་སེམས་ཀྱི་ལེགས་སྐྱེས་སུ་ཕུལ།

ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་དེ་ནི་ཡང་བསྐྱར་སློབ་སྦྱོང་བྱེད་པའི་གོ་རིམ་ཐེངས་ཤིག་ཡིན་པས་རྗེས་ཕྱོགས་ཀྱི་སྒྲོག་འགྲེལ་བྱ་བའི་སྐབས་སུ་གཞུང་ལུགས་ཀྱི་དགོངས་དོན་ཡང་དག་པ་དང་གནད་དུ་འཁེལ་བའི་སྒོ་ནས་ཀུན་ལ་སྒྲོག་འགྲེལ་བྱེད་པར་ཕན་ཐོགས་ཆེན་པོ་འདུག་ཅེས་སྲུང་མས་བཤད།

མ་གཞིར་གུང་ཁྲན་ཏང་གི་བསྒྲགས་གཏམ་ནི་དེབ་སྲབ་མོ་ཞིག་ལས་མི་འདུག་མོད། ཡིན་ནའང་དེབ་དེ་བོད་ཡིག་ཏུ་བསྒྱུར་དུས་དཀའ་ལས་ཅུང་ཆེན་པོ་ཡོད། མི་ལ་ལས་སེམས་ལ་དྲན་པ་ནང་བཞིན་དེ་འདྲའི་ལས་སླ་མོ་ཞིག་མིན་པར་རྒྱ་བོད་ཡིག་རིགས་གཉིས་ལ་བྱང་ཆ་ཅུང་ཙམ་ལྡན་དགོས་པས་སྨྱུ་གུ་བཟུང་ནས་ཡིག་སྒྱུར་བྱེད་རྐྱང་ཁོ་ན་ཙམ་ཞིག་མ་ཡིན།

བསྒྲགས་གཏམ་ཁྲོད་ཀྱི་མིང་དང་ཚིག་གྲུབ་མང་པོ་ཞིག་ཐད་ཀར་དུ་བོད་ཡིག་ལ་བསྒྱུར་དཀའ་བས་སྲུང་མས་ཡིག་སྒྱུར་བྱེད་པའི་གོ་རིམ་ཁྲོད་དུ་ཏག་ཏག་མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆར་བསམ་གཞིགས་བཏང་སྟེ། བབ་ཆགས་ཤིང་ཉན་སྤྲོ་བ། ཡང་དག་ཅིང་ནོར་འཁྲུལ་མེད་པ་ཞིག་ཡོང་བའི་ཆེད་དུ་ཁོས་མ་རྩོམ་དེ་ཡང་དང་བསྐྱར་དུ་བཀླགས་ཤིང་། དཀའ་ངལ་དང་འཕྲད་ཚེ་རྒྱུ་ཆ་སྣ་ཚོགས་བཀླགས་ནས་གོ་བ་གསལ་བོར་བླངས་རྗེས་ད་གཟོད་བོད་ཡིག་གི་མིང་བརྡ་སྤྱད་ནས་མ་རྩོམ་གྱི་བསྟན་དོན་ཡང་དག་པ་མཚོན་པར་བྱས།

དེ་ལས་གཞན་ད་དུང་དམིགས་བསལ་གྱི་ལེགས་སྐྱེས་ཤིག་ཡོད་དེ། སྲུང་མ་ནི་ཆུང་ངུའི་དུས་ནས་བཟུང་སྟེ་ཡིག་གཟུགས་ལ་ཧ་ཅང་དགའ་བོ་ཡོད་པ་དང་། ཁོས་ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་ལོ་ངོ་གཉིས་ཀྱི་དུས་ཚོད་སྤྱད་དེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་སྔ་རོལ་ཏུ་རང་རྒྱལ་དང་ཐ་ན་འཛམ་གླིང་སྟེང་ཐོག་དང་པོར་འབྲུ་ཚའི་ཡིག་གཟུགས་ཀྱི་ལམ་ནས་གུང་ཁྲན་ཏང་གི་སྒྲིག་ཡིག་ལེགས་པར་བྲིས་ཏེ་ཏང་གི་ལོ་ངོ་བརྒྱ་ཡི་འཁྲུངས་སྐར་གྱི་སྐྱེས་སུ་ཕུལ།

ཡིག་གཟུགས་བརྩམས་ཆོས་དེའི་སྤྱིའི་རིང་ཚད་ལ་རྨིད་སུམ་བརྒྱ་དང་དྲུག་ཅུ་ཡོད་པ་དང་།ཁ་དོག་དམར་སེར་གཉིས་ཀྱིས་མཐའ་རྒྱན་ལེགས་པར་སྤྲས་པ་དེས་མི་ཚེ་གང་བོར་ཏང་གི་རྗེས་སུ་འབྲངས་ནས་རྒྱལ་དར་དམར་པོ་སེམས་སུ་ཉར་བ་མཚོན་ཞིང་། ཡིག་གཟུགས་བརྩམས་ཆོས་དེའི་མགོ་བརྩམས་པ་ནས་མཇུག་བསྡུ་བའི་བར་དུ། སྲུང་མས་རང་ཉིད་ཀྱི་འགུལ་སྐྱོད་ལ་བརྟེན་ནས་གཞི་རིམ་གྱི་ཏང་ཡོན་ཞིག་གིས་ཏང་ལ་བཅངས་པའི་ཚད་མེད་པའི་བློ་དཀར་གཞུང་དྲང་དེ་ཡང་བསྐྱར་ལག་ལེན་དུ་ཐེངས་ཤིག་བསྟར་བ་རེད།

ཉིས་སྟོང་ཉི་ཤུ་ལོར། པྲོག་གསར་གློ་ཚད་རིམས་ནད་རྫིག་ཉམས་དང་བཅས་ཏེ་ཐོན་དུས། སྤྱིར་ཐེམ་ཆེན་རྫོང་ནི་ས་རྒྱ་ཆེ་ལ་འབྲོག་པ་རྣམས་ཀྱིས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་བོར་རྩྭ་ཆུ་སྙེག་ནས་ཕྱུགས་འཚོ་སྐྱོང་བྱེད་བཞིན་ཡོད་པས་སྡོད་གནས་ཐར་ཐོར་ཡིན་པ་དང་འཁོར་རྒྱུག་གི་གཞི་ཁྱོན་ཆེ་བ་བཅས་ཀྱིས་རིམས་འགོག་བྱ་བ་དཀའ་ངལ་ཆེན་པོར་འཕྲད།

སྐབས་དེར་ལོ་རེ་བཞིན་རྩྭ་ཐང་དུ་གཞུང་ལུགས་སྒྲོག་འགྲེལ་སྐོར་གྱི་བྱ་བ་གཉེར་བཞིན་པའི་སྲུང་མར་མཚོན་ནས་བཤད་ན། མ་གཞིར་དེ་ནི་འགྲན་སློང་ཐེངས་ཤིག་ཡིན་པ་སྨྲས་མ་དགོས་པ་ཞིག་རེད། ཇི་ལྟར་བྱས་ནས་དུས་སྐབས་དང་པོའི་ནང་དུ་རིམས་འགོག་སྐོར་གྱི་བླང་བྱ་རེ་རེ་ཉན་སྤྲོ་ཞིང་གོ་བདེ་བའི་བྱེད་ཐབས་བརྒྱུད་ནས་མི་དམངས་མང་ཚོགས་ལ་བརྒྱུད་སྤྲོད་བྱེད་དགོས་པའི་སྐོར་ལ་བསམ་གཞིགས་བཏང་རྗེས་སུ། སྲུང་མས་ཡུལ་ཚོ་དང་གྲོང་རྡལ་སོ་སོ་རུ་སྐད་འཕྲིན་གྱི་ཚོགས་པ་བཙུགས་ནས་གནས་ཚུལ་རྒྱུད་སྒྲོག་བྱེད་དགོས་པའི་ཐབས་ལམ་རྙེད།

སྐབས་དེར་ངས་དྲ་ལམ་དུ་རྒྱུད་སྒྲོག་བྱེད་ཚད་མང་པའི་རིམས་ནད་སྔོན་འགོག་སྐོར་གྱི་དྲིལ་སྒྲོག་ཤེས་བྱ་དེ་དག་བོད་སྐད་བོད་ཡིག་གི་བརྙན་དུ་ཕབ་ན་མི་དམངས་མང་ཚོགས་ཀྱིས་དུས་ཐོག་ཏུ་རིམས་ནད་སྔོན་འགོག་སྐོར་གྱི་ནང་དོན་གསར་བར་རྒྱུས་ལོན་བྱེད་ཐུབ་ངེས་རེད་བསམས་པ་ཡིན་ཞེས་རིམས་ནད་སྔོན་འགོག་སྐབས་ཀྱི་གནས་བབ་ལ་ཕྱིར་དྲན་བྱེད་བཞིན་སྲུང་མས་དེ་ལྟར་བཤད་བྱུང་།

རིམས་ནད་ཀྱི་ནད་དུག་རྒྱ་ཁྱབ་ཏུ་སོང་བ་དང་བསྟུན་ནས་རིམས་འགོག་བྱ་བ་དེ་ལྷོད་གཡེང་དུ་གཏན་ནས་གཏང་མི་རུང་།གནས་ཚུལ་དེར་དམིགས་ནས་སྲུང་མས་དྲ་རྒྱ་ཤར་གཏོང་བྱེད་མི་ཐུབ་པའི་སྡེ་བ་སྐོར་ཞིག་གི་འབྲོག་པ་རྒན་པོ་རྣམས་ཀྱི་གྲངས་ཀ་སྡོམ་རྩིས་བྱས་ཏེ། ཐག་ཉེ་ནས་ཐག་རིང་བར་གྱི་ཁྱིམ་ཚང་རེ་རེར་སོང་སྟེ། ཡུལ་དངོས་ནས་བརྙན་ཕབ་བྱས་པའི་བརྙན་རིས་རེ་རེ་ཁོ་ཚོར་བསྟན་ནས་གོ་སླ་བའི་སྐད་ཀྱིས་རིམས་ནད་སྔོན་འགོག་སྐོར་གྱི་ཤེས་བྱ་ཁྱབ་གདལ་དུ་བཏང་།

དུས་དང་རྣམ་པ་ཀུན་ཏུ་ངས་འབྲོག་པ་མང་ཚོགས་རྣམས་རང་གི་གཉེན་ཉེ་རུ་བརྩི་བཞིན་ཡོད། ང་རང་འགྲོ་ཐུབ་པ་དང་བཤད་ཐུབ་པའི་བར་དུ་ངས་ད་དུང་མུ་མཐུད་དུ་ཏང་གི་དམངས་ཕན་སྲིད་ཇུས་བཟང་བོ་རེ་རེ་མི་དམངས་མང་ཚོགས་ལ་དུས་ལྟར་བསྒྲག་ནས་རང་གི་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབ་རྒྱུ་ཡིན་ཞེས་མཇུག་མཐར་སྲུང་མས་དེ་ལྟར་བཤད་བྱུང་།

                                                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།