རིམས་ནད་སྐབས་སུ་ཟི་ལིང་གྲོང་ཁྱེར་གྱི་མི་ཚང་མ་འཐབ་མོ་བ་ཡིན།
2022.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་ཡང་བསྐྱར་མཆེད་རྗེས་རང་འགུལ་སྒོས་ཟ་མ་གཡོས་སྦྱོར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོའི་ལས་བྱེད་མི་སྣའི་ལག་ཏུ་སྐྱེལ་བཞིན་ཡོད་ལ། ཁྱིམ་ཚང་གང་བོ་སྔོ་ཚལ་སྐྱེལ་འདྲེན་བྱེད་པའི་བྱ་བར་ཞུགས་ཡོད།དམངས་ཚིས་སྤྱི་བའི་ཞབས་ཞུའི་རིགས་ཀྱི་ཚོང་ལས་འགན་སྲུང་ལས་གཞན། ཚོང་ལས་གཉེར་མཁན་གཞན་པ་ཚང་མས་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་དུ་བླངས་ནས་ལས་མཚམས་བཞག་ཏེ། སྐོར་ཐེངས་གསུམ་པའི་ཉིང་སྐྱུར་བརྟག་དཔྱད་བྱས་ཚར།

ཏང་ཡོན་དང་དགེ་རྒན། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བཟོ་བ།ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་སོགས་ལང་ལོང་སྒོས་དང་བླངས་པའི་དཔུང་ཁག་ནང་ཞུགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཡུལ་དང་པོ་སྟེ།སྡོད་ཁུལ་གྱི་རིམས་ནད་འགོག་སྲུང་བྱ་བ་དང་སྡོད་ཁུལ་གྱི་ཞབས་ཞུ་བྱ་བའི་ཁྲོད་ཞུགས།

བསྟུད་མར་ཉིན་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་གཙོ་བོ་བཀག་སྡོམ་བྱས་པ་དང་། གྲོང་ཁྱེར་མང་ཚོགས་རྣམས་ཀྱིས་བྱེད་ཐབས་ནུས་ལྡན་དང་གཅིག་ཆོད་ཡིན་པར་བསྟན། འཇགས་རྣམ་དོ་དམ་ལག་བསྟར་བྱས་པ་དེ་ནི་ནད་དུག་གི་བརྒྱུད་ལམ་མྱུར་དུ་གཅོད་པ་དང་། ཆེས་མགྱོགས་པོའི་སྒོ་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆེས་དམའ་རུ་གཏོང་བའི་ཆེད་ཡིན་པས།ཚང་མས་ཤུགས་ཡོད་ཚད་ཀྱི་སྒོ་ནས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས།

དེ་དང་ཆབས་ཅིག ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་མང་པོ་རིམས་ནད་འགོག་སྲུང་གི"འཐབ་མོ་བར"གྱུར་པ་དང་། རང་འགུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བའི་ཁྲོད་ཞུགས། ཁོ་ཚོའི་གཏམ་རྒྱུད་དེ་དག་ནི་སྤྲིན་རིམ་བརྟོལ་བའི་ཉི་འོད་དང་འདྲ་བར་ཟི་ལིང་གྲོང་ཁྱེར་གྱི་མི་རྣམས་ཀྱི་ལུས་སྟེང་དུ་འཕྲོས་པས། ཟི་ལིང་གི་མི་རྣམས་ཀྱི་སེམས་པ་དྲོད་ལམ་མེར་བཏང་བ་དང་། ཟི་ལིང་གི་མི་རྣམས་ཀྱི་ཡིད་ཆེས་ཀྱང་སྔར་ལས་ཇེ་ཆེར་ཕྱིན།

གཏམ་རྒྱུད་དང་པོ།

ཁོ་ཚོས་མཚན་གང་བོར་སྨན་བཅོས་མི་སྣར་ཤ་མོག་བཏུམ་པ།

ཟླ4པའི་ཚེས16ཉིན་གྱི་ཉིན་གུང་། མཁར་ཤར་ཁུལ་ཧའེ་ལིང་.ཏཱ་ཏུའུ་ཧོས་སྡེ་ཁུལ་གྱི་ཀྲའོ་ཀོས་ལིང་གིས་སྡེ་ཁུལ་གྱི་ཐོག་ཁང་14ཡི་སྐད་འཕྲིན་ཚོགས་པའི་ནང་རྒྱུས་ལོན་བྱུང་བ་ལྟར་ན། ཉིན་གཉིས་པར་སྨན་བཅོས་མི་སྣ200ལྷག་གིས་ཉེ་འགྲམ་གྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་མང་ཚོགས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུ་ཡིན་པ་དང་། ཟ་མ་ཟ་རྒྱུ་དེ་གནད་དོན་ཞིག་ཏུ་གྱུར་ཡོད་པ་ཤེས། དེ་དུས་ཀྲའོ་ཀོས་ལིང་གིས་ཚོགས་པའི་ནང་དུ་ཁོས་ཟ་མ་ལས་རྒྱུ་ཁས་བླངས་པ་དང་། ཉིན་གཉིས་པར་སྨན་བཅོས་མི་སྣར་གོ་རེ་བརྒྱ་ལྷག་དང་། ད་དུང་ཤ་མོག་ཉིས་བརྒྱ་བཙོས་ནས་བསྐྱལ་སོང་བ་རེད།

ཁྱིམ་མཚེས་ཀྱིས་དོན་དག་དེ་ཐོས་རྗེས་རང་འགུལ་གྱིས་ཁོ་ལ་རོགས་རམ་བྱེད་རྒྱུའི་རེ་བ་ཞུས་པ་དང་། ཟླ4པའི་ཚེས16ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་སྟེང་། ཀྲའོ་ཀོས་ལིང་དང་ཁོའི་ཆུང་མ། མནའ་མ། ཁྱིམ་མཚེས་སོགས་ལས་ཀར་བྲེལ་ནས་ཟླ4པའི་ཚེས17ཉིན་གྱི་ནམ་གུང་གི་དུས་ཚོད་གཅིག་བར་དུ་ཤ་མོག་བཏུམ་པ་དང་། ཁོ་ཚོས་བསྡོམས་པས་ཤ་མོག་བརྒྱད་བརྒྱ་ལྷག་བཏུམས་ཤིང་།ཞོགས་པའི་དུས་ཚོད་བཞིའི་སྟེང་། ཁོ་ཚོ་ཡང་བསྐྱར་ལས་ཀར་བྲེལ་བ་དང་། གོ་རེ་ལག་འཁྱིལ་བཟོ་བ་དང་། གོ་དམར་བཙོས་ནས་ཉིན་དེའི་དུས་ཚོད་བཅུ་གཅིག་ལྷག་བར་དུ་ད་གཟོད་ལས་ཚར།

ཟླ4པའི་ཚེས17ཉིན་གྱི་ཉིན་གུང་། ཁོ་ཚོས་ཤ་མོག་སྡེར་མ་རེ་རེ་དང་། ཁུག་མ་རེ་རེ། གོ་རེ་ལག་འཁྱིལ། གོ་དམར་སོགས་སྨན་བཅོས་མི་སྣའི་སར་བསྐྱལ་བ་དང་། ཁོ་ཚོའི་སེམས་པའང་དྲོད་ལམ་ལམ་དུ་འགྱུར་བར་བྱས།

ཀྲའོ་ཀོས་ལིང་གིས་ང་ཚོས་རང་གི་ནུས་ཚོད་ཀྱིས་སྒྲུབ་འོས་པ་ཞིག་བསྒྲུབ་པ་ཡིན་ཞེས་བཤད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་རུ་ལས་བྱེད་མི་སྣར་དགོས་མཁོ་ཡོད་ཚེ། ཁོ་ཚོས་ཉིན་རྒྱུན་ཕྱེ་ཁུག་མ་གང་རེ་བརྫུས་ཏེ་གོ་རེ་བཅོས་ནས་བསྐྱལ་བ་ཡིན་ཟེར།

གཏམ་རྒྱུད་གཉིས་པ།

ཁྱིམ་ཚང་གང་བོས་མཁར་ཤར་ཁུལ་དུ་སྔོ་ཚལ་བསྐྱལ་བ།

ཁ་པར་གྱི་སྒྲ་ཞིག་གིས་ལྷིང་འཇགས་ཀྱི་མཚན་མོ་དཀྲོགས་བྱུང་། ཟླ4པའི་ཚེས17ཉིན་གྱི་ཞོགས་པའི་དུས་ཚོད་བཞི་ཡས་མས་སུ། མདོ་དབུས་མཐོ་སྒང་ཞིང་ཞོར་ཐོན་རྫས་གཅིག་བསྡུས་ཕྱིར་འགྲེམ་ལྟེ་གནས་ཀྱི་ཚོང་གཉེར་བ་རྒན་པོ་ལིག་གིས་ཁ་པར་ལ་ཉན་རྗེས། ཚོང་གཉེར་བ་རྩ་འཛུགས་བྱས་ནས་སྔོ་ཚལ་གྲ་སྒྲིག་བྱེད་མགོ་བརྩམས། ཁོ་དང་ཁྱིམ་མི་གང་བོས་མཉམ་དུ། སྔོ་ཚལ་སྒམ་རེ་རེ་རླངས་འཁོར་ནང་བཞག་ནས་གནས་གང་སར་བསྐྱལ་བར་སྒུག་འདུག

ཐེངས་འདིར་ང་ཚོ་ཁྱིམ་མི་གང་བོས་ཙོང་དང་། ཞོག་ཁོག ཁ་ཚ། མ་རྨོས་ལོ་ཏོག་སོགས་སྔོ་ཚལ་སྣ་ཁ་བཞི་བཅུ་ལྷག་གྲ་སྒྲིག་བྱས་ནས་མཁར་ཤར་ཁུལ་གྱི་སྔོ་ཚལ་ཚོང་ཁང་སོ་སོས་སིལ་འཚོང་བྱེད་པར་འདོན་སྤྲོད་བྱས། ལོ་ངོ་བཅུ་ལྷག་ལ་སྔོ་ཚལ་སིལ་འཚོང་བྱེད་པའི་ལས་རིགས་གཉེར་བའི་རྒན་པོ་ལིག་ལགས་ཀྱིས་ཟི་ལིང་གྲོང་ཁྱེར་གྱིས"རིམས་ནད"ལ་འཇབ་རྒོལ་བྱེད་པའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་ཕུལ་ཐུབ་པ་བྱུང་བ་ལ་དོན་སྙིང་ཤིན་ཏུ་ཆེན་པོ་ཡོད་པར་བསམ་ཡོད།

ཟླ4པའི་ཚེས17ཉིན་གྱི་སྔ་དྲོར། ཞ་ཏུའུ་སྲང་ལམ་དང་པའོ་ཝུན་སྲང་ལམ་བསྣོལ་མཚམས་ཀྱི་གནས་སྐབས་ཁྲོམ་ར་རུ་རྒན་པོ་ལིག་ལགས་ཀྱིས་སྔོ་ཚལ་མཁར་ཤར་ཁུལ་ཅན་ཞིན་ལམ་དུ་སྔོ་ཚལ་ཚོང་གཉེར་བ་ཞའོ་མཱ་ཡི་རླངས་འཁོར་དུ་འཇོག་སྐབས། ཞའོ་མཱ་ཡིས་མྱུར་མོར་མཁར་ཤར་ཁུལ་གྱི་གནས་སྐབས་སིལ་འཚོང་ཁྲོམ་ར་ཡིས་ཉེན་ཁ་བཀག་འགོག་དང་། མཁོ་འདོན་ལ་འགན་སྲུང་བྱས་ནས་མང་ཚོགས་ལ་སྟབས་བདེ་བཟོས་པས། ངོ་མ་ཧ་ཅང་བཟང་ཞེས་བསྔགས་བརྗོད་བྱས།

གཏམ་རྒྱུད་གསུམ་པ།

ནངས་སྔ་འགྲོ་དང་དགོང་འཕྱི་ཡོང་བྱེད་པའི་ལོ་ན་དྲུག་ཅུ་ཅན་གྱི་དང་བླངས་པར་སེམས་ཤུགས་ཀྱིས་ཁེངས་འདུག

ཟླ4པའི་ཚེས17ཉིན། མཁར་ནུབ་ཁུལ་རྨ་ཆུའི་ལམ་གྱི་ར་སྐོར3པའི་ནང་གི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་ལོ་ན་རེ་དགུ་ལ་སླེབས་པའི་ཅཱ་ཏིན་ཨན་གྱིས་སྒྲ་དུང་ཞིག་ལག་ཏུ་བཟུང་ནས་ཡང་དང་བསྐྱར་དུ་ཚང་མས་མུས་གཉིས་ཀྱི་བར་ཐག་འཛིན་དགོས་ཞེས་སྒྲོག་བཞིན་འདུག འདི་ནི་ཁོ་རང་དང་བླངས་པ་བྱས་པའི་ཉིན་གསུམ་པ་རེད།

ཉིན་འགའི་སྔོན་ལ། མཁར་ནུབ་ཁུལ་དུ་ཐེངས་གསུམ་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བྱ་བ་སྤེལ་བ་དང་། མྱུར་མོར་དང་བླངས་པ་མཁོ་བས། ཁོས་མྱུར་དུ་མིང་ཐོ་བཀོད་དེ་དང་བླངས་པའི་གྲས་སུ་ཞུགས།

རྒན་པོ་ཅཱ་ཏིན་ཨན་གླེང་སྐབས། སྡོད་ཁུལ་གྱི་ལས་བྱེད་མི་སྣ་རྣམས་ཀྱིས་ལང་ལང་སྒོས་བཤད་རྒྱུར། རྒན་པོ་ཅཱ་ལགས་ཉིན་རྒྱུན་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་ཆེས་སྔོན་མར་ཐོན་བཞིན་ཡོད་པ་དང་། ང་ཚོར་དངོས་པོ་སོགས་གྲ་སྒྲིག་བྱས་ནས་ཉིང་སྐྱུར་བརྟག་དཔྱད་མཇུག་སྒྲིལ་བའི་བར་དུ་རོགས་རམ་བྱེད་བཞིན་ཡོད་ལ། ཁོ་རང་ནི་ཆེས་མཐའ་མཇུག་ཡུལ་ལ་ལོག་པའི་མི་དེ་ཡིན་ཞིང་། ང་ཚོའི་བྱ་བ་ཡོད་ཚད་མཇུག་སྒྲིལ་བའི་བར་དུ་རོགས་རམ་བྱེད་པ་དང་། ལས་ཀ་ལས་པའི་སེམས་ཤུགས་དེ་ན་གཞོན་ཚོ་ལས་མི་ཆུང་བ་རེད་ཟེར།

རྨ་ཆུའི་ལམ་གྱི་ར་སྐོར3པའི་ནང་སྡོད་པའི་སྡོད་མི་ཨ་ནེ་ཀྲའོ་ལགས་ཀྱིས་བཤད་རྒྱུར། ཕན་འབྲས་མཐོ་བའི་བྱ་བ་དང་། ང་རངལ་ཟི་ལིང་གི་དྲོད་སྐྱིད་ཉམས་སུ་མྱོང་དུ་བཅུག་ཅེས་བཤད།

རང་འདེམ་ཚོང་རའི་ནང་དུ་སྔོ་ཚལ་ཉོ་བཞིན་པའི་གྲོང་ཁྱེར་གྱི་སྡོད་དམངས་ཀྲའོ་ཅན་གྱིས་བཤད་རྒྱུར། ཐེངས་འདིར་གློ་བུར་དུ་རིམས་ནད་བྱུང་བས། དེ་རིང་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་སྐབས་སུ་ཚང་མས་གཞོགས་འདེགས་བྱེད་བཞིན་པ་མཐོང་བ་དང་། རང་འདེམ་ཚོང་རའི་ནང་གི་དངོས་ཟོག་མཁོ་འདོན་བྱས་པའང་འདང་ཚིམས་པས། ང་རང་དམངས་ཡོངས་ཀྱི་རམ་འདེགས་ལ་བརྟེན་ནས་སྔ་མོ་ནས་རིམས་ནད་ལས་ཐར་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།

ཟི་ལིང་དུ་རིམས་ནད་བྱུང་བས། མི་ཚང་མ་འཐབ་མོ་བ་ཡིན། ལག་གདེང་སྦྲེལ་ནས་མཉམ་དུ་བསྐྱོད་ན་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཁོ་ཚོ་ཡིད་ཆེས་ཀྱིས་ཁེངས་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།