མེ་དགྲར་ཐུག་ན་ཁོ་ནི་མེ་ལ་འཐབ་པའི་དཔའ་ངར་ཆེ་བའི་ལྡོག་བསྐྱོད་པ་ཞིག་ཡིན་པ་དང་། བཅའ་ཁྲིམས་ལ་གདོང་གཏོད་སྐབས། ཁོ་མོ་ནི་དྲང་བདེན་དྲག་གཞག་གི་སྲུང་སྐྱོབ་མཁན་ཞིག་ཡིན། རིམས་ནད་ཀྱི་འཇབ་རྒོལ་ཐེབས་དུས། ཁོ་ཚོ་ནི་ཅི་ཡང་མི་བསམ་པར་སྔོན་ལ་རྒྱུགས་མཁན་གྱི “ལྡོག་བསྐྱོད་པ”ཡིན།
“ཨ་ཅེ། ཁྱེད་ཀྱིས'འགྲོ་སྐྱོད་ཨང་རིས'དང་བདེ་ཐང་ཨང་རིས'བཤེར་རོགས། ངས་ཁྱེད་ཀྱི་དྲོད་ཚད་འཇལ།”བསྟུད་མར་ཉིན་འགའི་རིང་ལ། ཧུའུ་ཀྲུའུ་ཤར་ལམ་ཉེ་འགྲམ་གྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ། དང་བླངས་པ་ཞིག་ཡིན་པའི་ངོས་ནས་ཡུས་ཆོན་ཧྥེ་ཡིས་སྡོད་དམངས་ཀྱི་འབྲེལ་ཡོད་ཆ་འཕྲིན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཁོའི་ཆུང་མ་ཀྲའོ་ན་ཡིས་ཁོའི་ཐག་ཉེ་ས་ན་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་འཛིན་བྱེད་བཞིན་ཡོད།
ཡུས་ཆོན་ཧྥེ་ནི་མཚོ་ནུབ་ཁུལ་མེ་འགོག་མྱུར་སྐྱོབ་རུ་ཁག་གི་ལས་བྱེད་པ་ཞིག་ཡིན་པ་དང་། ཆུང་མ་ཀྲའོ་ན་ནི་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཞིག་རེད། ཐེངས་འདིར་རིམས་ནད་མཆེད་སྐབས།ཡུས་ཆོན་ཧྥེ་ཡིས་ཏག་ཏག་ཡུལ་ན་ངལ་གསོ་བཞིན་ཡོད། མཁར་ཤར་ཁུལ་དུ་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བརྡ་སྦྱོར་བཏང་རྗེས། ཁོ་དང་ཆུང་མ་གཉིས་ཀྱིས་དུས་ཚོད་དང་པོའི་ནང་མིང་ཐོ་བཀོད་དེ་མཁར་ཤར་ཁུལ་ཡུང་ཅཱ་ཁུག་གྲོང་རྡལ་མའོ་ཧྥེང་སྡེ་ཁུལ་གྱི་རིམས་འགོག་དང་བླངས་པའི་དཔུང་ཁག་ནང་ཞུགས། ཡུས་ཆོན་ཧྥེ་ཡིས་བཤད་རྒྱུར། ང་དང་ཆུང་མ་གཉིས་ཀ་གུང་ཁྲན་ཏང་ཡོན་ཡིན་པ་དང་། ང་ཚོའི་ཁྱིམ་ཚང་མའོ་ཧྥེང་སྡེ་ཁུལ་དུ་ཡོད། སྡོད་ཁུལ་གྱི་ལས་བྱེད་མི་སྣ་ཚང་མས་དཀའ་ལས་རྒྱག་བཞིན་པ་མཐོང་བ་དང་། ང་ཚོས་ཀྱང་མཉམ་གཅིག་ཏུ་དང་བླངས་པའི་དཔུང་ཁག་ནང་ཞུགས་པར་མིང་ཐོ་བཀོད་དེ། ཉིང་སྐྱུར་ལེན་སའི་ས་ཚིགས་ཀྱི་སྒྲིག་ལམ་སྲུང་འཛིན་བྱས་ཤིང་། ང་ཚོ་རང་ཉིད་ཀྱི་ནུས་ཚོད་ལྟར་རིམས་འགོག་བྱ་བར་སྟོབས་ཤུགས་ཅུང་ཙམ་འབུལ་རྒྱུ་ཡིན་ཟེར།
ཡུས་ཆོན་ཧྥེ་དང་ཆུང་མ་ཀྲའོ་ན་གཉིས་ཀྱི་བྱིས་པ་ད་ལོ་ལོ་བཞི་ཡིན་པ་དང་། བྱིས་པ་ལོ་ན་ཆུང་ཡང་། ཁོ་བཟའ་ཟླ་གཉིས་དང་བླངས་པའི་དཔུང་ཁག་ནང་ཞུགས་པའི་སེམས་པ་དེ་ལ་བཀག་འགོག་བྱེད་མ་ཐུབ། ཀྲའོ་ན་ཡིས་བཤད་རྒྱུར། བྱིས་པ་ལོ་ན་ཆུང་ཡང་བསམ་ཤེས་ཞིག་ཡིན་པས། མོས་ཕ་མ་གཉིས་དང་བླངས་པ་ཞིག་བྱེད་པ་དེ་ནི་དོན་བཟང་སྒྲུབ་པ་ཞིག་ཡིན་པ་ཤེས་ཡོད། ཉིན་རྒྱུན་བརྙན་ལམ་བརྒྱུད་དེ་བྱིས་པ་དང་ཁ་བརྡ་བྱེད་སྐབས་མོས་ངེད་གཉིས་ལ་ཤུགས་རྒྱག་དགོས་ཞེས་བཤད།བཟའ་ཟླ་གཉིས་ཀྱིས་མཉམ་དུ་བྱ་བ་སྒྲུབ་ན་མ་གྲོས་གཅིག་མཐུན་ཡིན་པ་རེད། ཉིན་གང་བོར་ཁོ་བཟའ་ཟླ་གཉིས་ཀྱིས་སྐད་བརྒྱབ་ནས་སྐད་ཀྱང་འགགས་ལ་ཁད་དུ་འདུག ང་ཚོས་འདི་ནས་སྒྲིག་ལམ་སྲུང་འཛིན་བྱས་ན་ཉིང་སྐྱུར་ལེན་པར་རོགས་འདེགས་བྱེད་ཐུབ་པ་དང་། དེ་དང་ཆབས་ཅིག ད་དུང་མང་ཚོགས་ཀྱི་སེམས་བདེ་ལ་འབབ་དུ་འཇུག་ཐུབ། ང་ཚོའི་བྱ་བ་འདི་ཡིས་ཁོ་ཚོར་སྐྲག་སྣང་མེད་པར་སྒྲིག་ལམ་སྲུང་བ་དང་། ང་ཚོའི་བརྟན་སྲུང་ཡིས་ཚང་མར་སྐུལ་ལྕག་དང་ཡིད་ཆེས་སྩོལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
དང་བླངས་པའི་དཔུང་ཁག་ནང་དུ་ད་དུང་ཁོ་གཉིས་དང་འདྲ་བར་ཁ་རོག་གེར་ཡོད་ཚད་ཕུལ་བ་དང་། རང་འགན་ཕྲག་ཏུ་ཁུར་བའི་དཔའ་བོ་མང་པོ་ཞིག་ཡོད། རིམས་ནད་ཀྱི་མདུན་དུ། ཁོ་ཚོས་བརྟན་སྲུང་བྱེད་རྒྱུ་དེ་ནི'རྒྱུན་ལྡན་ཅན'ཞིག་ཏུ་གྱུར་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་ནའང་། ཟི་ལིང་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་། སེམས་ཤུགས་གཅིག་མཐུན་གྱིས་སྲུང་སྐྱོབ་བྱས་ན། ང་ཚོ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་དང་། རེ་བའི་ཁེངས་པའི་དུས་ཚིགས་ཤིག་བསུ་ཡོང་ཐུབ་པ་ཁོ་ཐག་ཡིན།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།