དཔའ་མཆོག་ཚེ་རིང་དང་ཁོའི་རྒྱབ་ཏུ་ཡོད་པའི་ནོར་ཁྱུ།
ངའི་མིང་ལ་དཔའ་མཆོག་ཚེ་རིང་ཟེར། ད་ལོ་ལོ42ཡིན། ང་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གཡང་ལུང་ཡུལ་ཚོ་ཨ་དགེ་སྡེ་བའི་ཡིན།
སྔོན་ཆད་ང་ནི་སྡེ་བའི་ནང་མིང་དུ་གྲགས་པའི་ལེ་ལོ་ཅན་ཞིག་ཡིན། རྒྱུ་མཚན་ནི་ལས་ཀ་ལས་འདོད་མེད་པའི་རྐྱེན་གྱིས་གསོ་ཁ་ནས་བུད་པའི་ཕྱུགས་ཟོག་ཉུང་ཙམ་དང་ཕྱུགས་བཀག་མ་དངུལ། རྩྭ་ཐང་བོགས་མར་བཅས་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱིན་ཡོད།
2015ལོར། ང་རང་སྡེ་བའི་ནང་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ནང་དུ་བཞག སྐབས་དེར་སྡེ་བའི་ཧྲུའུ་ཅི་དང་པོས་ང་ལ་གནས་ལུགས་བཤད་པ་དང་སྲིད་ཇུས་ཐེངས་མང་གླེང་། ཉེ་འགྲམ་གྱི་མི་ཚང་མས་དཀའ་སྤྱད་ལས་ལ་གཞོལ་བཞིན་ཡོད་པ་མཐོང་སྐབས་ངའི་བསམ་བློར་ཡང་རིམ་བཞིན་འགྱུར་ལྡོག་བྱུང་། རྒྱལ་ཁབ་ཀྱི་སྲིད་ཇུས་འདི་འདྲ་ཡག་པ་དང་ལས་བྱེད་པ་ཚོས་ང་ལ་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པས། ང་ལ་སེམས་འགུལ་ཆེན་པོ་ཐེབས་ནས་མུ་མཐུད་དུ་སྒྱིད་ལུག་བྱེད་མི་རུང་བའི་བསམ་པ་སྐྱེས་པ་དང་། སྔ་མོ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་དང་དབུལ་ཕོངས་ཀྱི་ཞྭ་མོ་མགྱོགས་པས་ཕུད་ཆེད། ངས་ཇི་ལྟར་བྱས་ནས་དབུལ་ཐར་བྱེད་ཐུབ་པ་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་བསམ་བློ་གཏོང་འགོ་བརྩམས་པ་ཡིན།
2016ལོར། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་དབུལ་སྐྱོར་བྱ་བའི་ཚན་ཆུང་གིས་ངའི་བསམ་བློར་འགྱུར་ལྡོག་བྱུང་དུ་བཅུག་སྟེ་དངོས་གནས་ལས་ཀ་ཞིག་སྒྲུབ་འདོད་ཡོད་པ་ཤེས་པས། ཁོ་ཚོ་དགའ་སྤྲོ་སྐྱེས་ཏེ་ང་ལ་རང་ཉིད་ཀྱིས་ནོར་ལུག་གསོ་སྤེལ་མུ་མཐུད་དུ་བྱེད་པར་སྐུལ་སློང་བྱས་ནས་ནོར་ལུག་གསོ་སྤེལ་བྱ་བ་འཕེལ་རྒྱས་གཏོང་མགོ་བརྩམ།
ཆུང་མ་དང་མཉམ་དུ་བསམ་གཞིགས་ཞིབ་མོ་བཏང་པ་བརྒྱུད། ངས་འབྲོག་ལུག་དཀར་པོ་དང་འབྲོང་ཚ་གསོ་འཕེལ་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན། “530”གི་དངུལ་བུན་སྒོར་ཁྲི་ལྔ་བསྐྱིས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་མ་དངུལ་སྒོར་འབུམ་གཅིག་གིས་རོགས་སྐྱོར་བྱས་ཏེ། ལོ་ན་འཚམ་པའི་མ་མོ་བཞི་བཅུ་ལྷག་ཙམ་ཉོས་ནས་གསོ་སྤེལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་འགོ་བརྩམས་པ་ཡིན།
ལོ་གཉིས་ལ་གསོ་སྤེལ་བྱས་རྗེས། ལག་གི་མ་དངུལ་ཡང་ཇེ་མང་དུ་གྱུར་པ་དང་། ངས་ལུག་ཚང་མ་བཙོང་རྗེས་བློ་སེམས་རྩེ་གཅིག་གིས་ནོར་གསོས་པ་ཡིན། ལོ་འདི་དག་གི་རིང་ལ་བདག་སྐྱོང་ལེགས་པོ་བྱས་པ་བརྒྱུད། ངའི་འབྲོང་ཚ་ཉིས་བརྒྱ་སུམ་ཅུ་ལྷག་ལ་འཕར་ཡོད།
འབྲོང་ཚ་གསོ་བ་ལས་གཞན། ང་ནི་ཡུལ་ཚོའི་གཙང་སྦྲ་བྱེད་མཁན་ཞིག་ཡིན། ན་ནིང་ངེད་ཚང་གི་ལོ་གཅིག་གི་ཡོང་འབབ་སྒོར་འབུམ་གཉིས་དང་ཁྲི་བཞི་ལྷག་ཙམ་ཡོད་ལ། གོ་རིམ་རྗེས་མར། ངས་ཕྱུགས་རའི་གཞི་ཁྱོན་ཆེ་རུ་བཏང་སྟེ་ཡ་རུ་འགའ་ཉོས་ནས་གསོ་སྤེལ་ལས་རིགས་རྒྱ་ཆེ་རུ་གཏོང་རྩིས་ཡོད།
གསོ་སྤེལ་ལག་རྩལ་ཁོང་དུ་ཆུད་པ་བྱ་ཆེད། དཔའ་མཆོག་ཚེ་རིང་གིས་རིག་གནས་ཆུ་ཚད་དམའ་བའི་དཀའ་ངལ་ཁྱད་དུ་བསད་ནས་གསོ་སྤེལ་ཤེས་བྱ་སློབ་སྦྱོང་བྱས་པ་དང་། དཀའ་སྤྱད་འཚོལ་ཞིབ་ཧུར་ཐག་བྱས་པ་བརྒྱུད་ནོར་གསོ་སྤེལ་གྱི་འཇོན་ཐང་རིམ་གྱིས་ཁོང་དུ་ཆུད་པ་མ་ཟད། སྡེ་བའི་ནང་ཀུན་གྱིས་ཁས་ལེན་པའི་ཁྱིམ་ཚང་གི་ཕྱུགས་ཟོག་སྨན་པར་གྱུར།
སུ་ཚང་གིས་ནོར་གསོ་བར་དཀའ་ཁག་ལ་འཕྲད་ཚེ། ཁ་པར་ཞིག་བཏང་ན། ངས་ཁོ་ཚོར་རོགས་བྱས་ནས་ཐག་གཅོད་བྱེད་ཀྱིན་ཡོད།
དཔའ་མཆོག་ཚེ་རིང་གི་སྡོད་ཁང་གསར་པར་སྐྱོད་པ་ན། འབོལ་ཁྲི་དང་བརྙན་འཕྲིན། སྒྲོག་ཙེ་བཅས་ཚང་མ་གསར་པ་ཡིན་ལ། ཁང་པའི་ནང་ཡང་གཙང་སྦྲ་བྱས་ནས་ཧ་ཅང་གྲལ་དག་པ་ཞིག་རེད།
དེ་སྔོན་ང་བསྡད་ས་ནི་ཉེན་ཁང་རེད། 2016ལོར། ཧྲུའུ་ཅི་དང་པོས་ང་ལ་སྡོད་ཁང་སྒྱུར་བཀོད་རྣམ་གྲངས་རེ་ཞུ་བྱེད་རོགས་བྱས་པ་དང་། ལོ་དེར་སྡོད་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་ལྔ་དང་སྟོང་ལྔ་བྱིན། ངའི་རྩྭ་སའི་སྟེང་འཐུང་ཆུ་མེད་པས་ཆུ་ལེན་དགོས་ན་ཐག་ཅུང་རིང་པོར་འགྲོ་དགོས། རྫོང་ཆུ་བེད་སྡེ་ཁག་གིས་ང་ལ་ཁྲོན་པ་ཞིག་བརྐོས་པ་དང་། ཡུལ་ཚོའི་སྲིད་གཞུང་གིས་ང་ལ་ཁོར་ཡུག་འཕྲོད་བསྟེན་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་པས། དེ་རིང་གི་བདེ་སྐྱིད་འཚོ་བ་འདི་འདྲ་ཞིག་རོལ་ཐུབ་པ་ང་དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང་།
ལོ་འདི་དག་གི་རིང་། ཏང་གི་སྲིད་ཇུས་དངོས་གནས་ཡག་པོ་འདུག འབྲོང་ཚ་གསོ་སྤེལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པ་དང་། འབྲོང་ཚ་དེ་དག་ནི་ངའི་དངུལ་གྱི་ཁུག་མ་ལྟ་བུ་རེད། སྔོན་ཆད་དབུལ་ཐར་ཕྱུག་འགྱུར་བྱེད་ཐུབ་པ་རྨི་ལམ་དུའང་རྨིས་མ་མྱོང་། ད་ལྟ་ཕུགས་འདུན་མངོན་འགྱུར་བྱུང་བ་དང་། འབྲོག་པ་ཞིག་གི་ཆ་ནས་བཤད་ན་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་འདི་འདྲ་མང་པོ་ཡོད་པས། ད་ལྟ་མང་ཚོགས་ཀྱིས་བྱ་བ་ཅི་ཞིག་སྒྲུབ་ན་ཡང་ཡིད་ཆེས་ཆེན་པོ་ཡོད།
ལོ་བདུན་འགོར་བ་དང་། དེ་སྔོན་སྒྱིད་ལུག་བྱེད་མཁན་ངས་རང་ཉིད་ཀྱི་འབད་བརྩོན་ལ་བསྟེན་ནས། སྡེ་བའི་ནང་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ནས་གསོ་སྤེལ་ཁྱིམ་ཆེན་ཞིག་ཏུ་གྱུར་ཡོད། ངེད་ཚང་གིས་ལེགས་འགྲུབ་ངང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཡོད་པ་མ་ཟད། ད་དུང“དབུལ་ཐར་ཕྱུག་འགྱུར་གྱི་གཟི་བརྗིད་ཁྱིམ་ཚང”གི་གཟི་བརྗིད་མཚན་སྙན་ཡང་བླངས་ཡོད།
ཁང་པ་འདི་ཕུད་ངས་ད་དུང་གནས་གཞན་ཞིག་ཏུ་ཁང་བ་ཞིག་དང་བྱེས་བགྲོད་རླངས་འཁོར་ཞིག་ཉོས་ཡོད།
ངའི་འཚོ་བ་ད་ལྟ་ཇེ་བཟང་དུ་སོང་ཡོད་པས། ང་ལ་མི་དོ་བའི་མི་དེ་དག་ལ་རོགས་བྱེད་པར་ཡང་ཐབས་བཀོད་འཐེན་དགོས། ན་ནིང་། ངས་བསོད་ནམས་ཚེ་རིང་ལ་འབྲི་བཅུ་གཡར་ནས་ཁོ་ལ་ཕྱུགས་ཟོག་གི་གྲངས་ཀ་ཇེ་མང་ལ་གཏོང་དུ་བཅུག་པ་དང་། ད་ལྟ་ཡ་རུ་ལྔ་བཅུ་ལྷག་ཙམ་ལ་སླེབས་ཡོད།
མི་སྔར་ལས་མང་བ་ཞིག་ལ་རོགས་རམ་བྱ་ཆེད། ན་ནིང་ངས་ཏང་ནང་ཞུགས་པའི་རེ་འདུན་ཞུ་ཡིག་ཕུལ་ནས་ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་ཞིག་ཏུ་གྱུར་ཡོད། ད་ལོའི་ཟླ་བདུན་པར་ང་ཏང་ཡོན་དངོས་མར་གྱུར་གྲབས་ཡོད། ཏང་ཡོན་དངོས་མར་གྱུར་རྗེས་ངས་སྡེ་བ་ཡོངས་དང་ཉེ་འཁོར་གྱི་མི་ཚང་མ་ཕྱུག་པོ་འགྱུར་རྒྱུར་སྐུལ་ཁྲིད་བྱས་ནས། ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་རྒྱུ་ཡིན།
གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་སྤེལ་བ་ནས་བཟུང་། ངས་སྔ་རྗེས་སུ་རྣམ་གྲངས་སྡོད་ཁང་དང་ཁྲོན་པ་འཛུགས་སྐྲུན་སོགས་དམངས་ཕན་ལས་གཞི་ལོངས་སྤྱོད་བྱས་པ་ཡིན། ད་ལྟ་བྱིས་པ་ཡང་སློབ་ཡོན་མི་དགོས་པར་སློབ་གྲྭར་བསྐྱོད་ཀྱིན་ཡོད་པས། ང་ཚོར་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེན་པོར་སྤོབས་སེམས་ཆེན་པོ་སྐྱེས་བཞིན་ཡོད།
2019ལོའི་ཟླ12པའི་ཚེས28ཉིན། ངའི་སེམས་སུ་གསལ་བོར་ཤར་བ་ནི་ང་ཚོས་ལོ་མང་པོར་རེ་སྒུག་བྱེད་པའི་གློག་དྲ་ཆེན་པོ་གཞི་ནས་ཤར་གཏོང་ཐུབ་པ་བྱུང་པས། ལ་སྒྲོན་དང་ཉི་གློག་ལ་བརྟེན་ནས་གློག་བཀོལ་བའི་དུས་མཇུག་རྫོགས་པ་དང་། འཚོ་བ་ཡང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་རོགས་སྐྱོར་ལ་ཁ་བྲལ་ཐབས་མེད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།