ད་ལྟའི་ཡུས་ཧྲུའུ་ཡི་ནམ་མཁའ་སྔོ་ཞིང་བསངས་ལ་གནམ་གཤིས་ཧ་ཅང་བཟང་།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་བྱ་ཕུག་ཐང་གྲོང་རྡལ་ཞིང་ཞོར་ཐོན་རྫས་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་ཀྱི་རྒྱབ་རོལ་གྱི་རི་སྒང་སྟེང་ནས་རྒྱང་ལྟ་བྱས་ན། གྲལ་དག་པའི་ཐོག་ཁང་རེ་རེ་གངས་རིའི་འདབས་རོལ་དུ་ཆགས་ཤིང་། འཕྲོད་བསྟེན་ཁང་དང་ཉེན་སྲུང་ཁང་། ལུས་རྩལ་སྦྱོང་བརྡར་ཐང་ཆེན། གཞིས་ལས་ཞབས་ཞུའི་སྒེའུ་ཁུང་། རང་འདེམས་ཚོང་ཁང་སོགས་སྣ་དགུ་འཛོམས་ཡོད་ལ། གནས་དེ་ནི་ངས་ད་ལྟ་འཚོ་བ་རོལ་སའི་འབྲོག་པའི་རེ་བཞག་གཞིས་ཁྱིམ་ཡིན་ལ། རྫ་སྟོད་རྫོང་གི་ས་གནས་གཞན་ལ་དབུལ་སྐྱོར་གནས་སྤོ་བྱས་པའི་གཞིས་ཁུལ་ཆེས་ཆེ་བའང་ཡིན།
ངའི་མིང་ལ་ངག་དབང་བསྟན་འཛིན་ཟེར་ཞིང་ད་ལོ་ལོ་སོ་གསུམ་ཡིན། 2017ལོའི་ཡར་སྔོན་དུ། ངེད་བཟའ་ཟླ་གཉིས་དང་བྱིས་པ་བཞི་བོ་རྫ་སྟོད་རྫོང་ཁྲ་འདམ་ཡུལ་ཚོ་ཡུལ་གཉན་སྡེ་བར་བསྡད་པ་ཡིན། ས་དེའི་ཆ་སྙོམས་ཀྱི་མཚོ་འཕང་མུས4700ཡོད་པ་དང་། ལོ་ཧྲིལ་པོའི་གནམ་གཤིས་གྲང་ངར་ཆེ་ཞིང་དུས་བཞི་དབྱེར་མེད་ཅིག་ཏུ་སྣང་སྟེ། ཆ་སྙོམས་ཀྱི་དྲོད་གྲང0℃ཡན་གྱི་དྲོད་ཚད་དང0℃མན་གྱི་གྲང་དུས་གཉིས་སུ་དབྱེ་ཆོག
མིག་གིས་རི་རྩེ་མི་མཐོང་བའི་རི་ཆེན་དང་དུས་ངེས་མེད་དུ་འབབ་པའི་གངས་ཆར། གཞན་ཡང་སུན་སྣང་གིས་ཁེངས་པའི་འབྲོག་པའི་འཚོ་བ་དེར། རང་ས་རང་ཡུལ་ནས་སྐྱེས་པའི་ང་ལ་མཚོན་ནས་བཤད་ན་སྔ་མོ་ནས་གོམས་ལོབས་སུ་སོང་ཡོད། ཡིན་ཡང་ངས་བྱིས་པ་བཞི་བོར་སྔར་ལས་ཡངས་པའི་མདུན་ལམ་དང་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་འདོད་ཡོད།
རྩྭ་ཐང་འདིའི་སྟེང་དུ། ངེད་བཟའ་མི་དྲུག་པོས་གཞན་གྱི་ཕྱུགས་འཚོས་ཏེ་འཚོ་བར་རོལ་བ་ཡིན། བཟའ་མི་གང་བོ་སྦྲ་གུར་ཆུང་ཆུང་ཞིག་ཏུ་འཚང་ཁའི་ངང་བསྡད་ཅིང་། དབྱར་དུས་ཚ་བ་ཆེ་དུས་གཉིད་དཀའ་བས། ངས་ནམ་ཡང་བཟའ་མི་གང་བོར་སོ་ཕག་གི་ཁང་བ་ཞིག་ལས་རྒྱུའི་འདུན་པ་བཅངས་པ་ཡིན།
ང་ཚོ་སྡེ་བ་ནས་རྫོང་མཁར་བར་དུ་སྤྱི་ལེ180ཡོད་པ་དང་། འགྲོ་གྲོན་ཇེ་ཉུང་དུ་གཏོང་ཆེད་ངེད་བཟའ་མི་གང་བོ་རྫོང་མཁར་ལ་འགྲོ་བ་ཤིན་ཏུ་ཉུང་། ཟ་མཁས་སྤྱོད་མཁས་ཇི་ལྟར་བྱས་ཀྱང་ལོ་གཅིག་ལ་སྒོར་ཁྲི་གཉིས་ལས་གསོག་མི་ཐུབ་པས། ཁང་བ་ལས་པའི་གྲོན་དངུལ་ད་དུང་འདང་ངེས་ཤིག་ལོངས་མེད།
ང་ཡང་སྒོ་ཕྱི་རུ་གླ་རྒྱག་ཏུ་འགྲོ་འདོད་མོད། འོན་ཀྱང་ཆུང་དུས་ནས་འབྲོག་ཁུལ་དུ་ནར་སོན་པའི་ང་ལ་མཚོན་ན། ལག་རྩལ་ཅི་ཡང་མེད་པས་བསམ་ཚུལ་དེ་རིམ་གྱིས་ཡལ་སོང་།
འཚོ་བ་ནི་དེ་ལྟར་ཉིན་རེ་རེར་རོལ་ཡང་། སྡོད་ཁང་གསར་པ་ནི་ངའི་སེམས་ཁོང་གི་ཆེས་ཆེ་བའི་ཕུགས་འདུན་ཞིག་ཏུ་གྱུར།
2017ལོའི་ཟླ5པར། འཕྲིན་བཟང་ཞིག་བསྒྲགས་བྱུང་སྟེ། རྫ་སྟོད་རྫོང་གིས“ཡུན་རིང་ལ་དབུལ་ཞིང་ཕོངས་པའི”རྫོང་ཡོངས་ཀྱི་ཁྱིམ་ཚང་བདུན་བརྒྱ་བཅུ་གཅིག་གི་མི་སྟོང་གསུམ་བརྒྱ་དང་སོ་དགུ་ཡི་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་དམིགས་ཏེ། བྱ་ཕུག་ཐང་གྲོང་རྡལ་སྤྱི་ནེ་ཐང་དུ་གཞིས་ཁུལ་གཉིས་སུ་བགོས་ཏེ་གཅིག་བསྡུས་བདེ་འགོད་བྱས་པ་དང་། དེའི་ཁྲོད་དུ་འབྲོག་པའི་བདེ་སྐྱིད་གཞིས་ཁྱིམ་གཅིག་བསྡུས་བདེ་འགོད་ཁྱིམ་ཚང་ཉིས་བརྒྱ་བདུན་ཅུ་དང་། འབྲོག་པའི་རེ་བཞག་གཞིས་ཁྱིམ་བདེ་འགོད་ཁྱིམ་ཚང་བཞི་བརྒྱ་ཞེ་གཅིག་ཡོད།
ཡིན་ཡང་ངེད་ཚང་འབྲོག་པའི་རེ་བཞག་གཞིས་ཁྱིམ་དུ་བདེ་འགོད་བྱས་པ་དང་། ཐེངས་དང་པོར་ལྡེ་མིག་བླངས་ཏེ་ཁྱིམ་གྱི་སྒོ་ཕྱེ་བའི་སྐབས་དེར། ངའི་ཡིད་ལ་ཅི་ཡང་དྲན་རྒྱུ་མེད་པར་ཡོད་ཚད་རྨི་ལམ་རྨིས་པ་དང་མཚུངས།
2017ལོའི་ཟླ7པར། ངེད་བཟའ་མི་གང་བོའི་བསམ་དོན་འགྲུབ་སྟེ་གཞིས་གསར་དུ་གནས་སྤར་བ་དང་། བྱིས་པ་ཆེ་བ་གཉིས་རྫོང་མཁར་དུ་སློབ་གྲྭར་བསྐྱལ་ལ། ཆུང་བ་གཉིས་ཀྱང་རྫོང་མཁར་གྱི་བྱིས་གཉོར་ཁང་དུ་འགྲོ་བའི་སྐལ་བ་ལྡན། ཉིན་རེའི་སྔ་དྲོར། ངའི་ཆུང་མས་འོ་ཇ་སྐོལ་ཞོར་དུ་མུས་གྲུ་བཞི་མ70ལྷག་གི་ཁང་པར་གད་དར་གཙང་མ་ཞིག་བྱས་ལ། ང་ཚོའི་འཚོ་བ་གསར་པ་ཡང་དེ་ལྟར་མགོ་བརྩམས་པ་ཡིན།
ཁང་པར་མཛེས་སྤྲས་བྱས་རྗེས། ཁྱིམ་གྱི་དངུལ་སྒོར་ཕལ་ཆེར་བཀོལ་ཚར་ཟིན།
ཡིན་ཡང་ཐེངས་འདིར་ཏང་དང་སྲིད་གཞུང་གིས་ཡང་བསྐྱར་རོགས་སྐྱོར་གྱི་ཕྱག་ཟུང་བརྐྱངས་ཏེ། རྫ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས《རྫ་སྟོད་རྫོང་གི་ས་གནས་གཞན་ལ་དབུལ་སྐྱོར་གནས་སྤོ་བྱས་རྗེས་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད》སྒྲིག་བཟོ་གཏན་འཁེལ་བྱས་པར་མ་ཟད། ཁྱིམ་ཚང་ལྟར་དབུལ་ཐར་ཇུས་འགོད་སྒྲིག་བཟོ་གཏན་འབེབས་བྱས།
སྲིད་གཞུང་གིས་ངེད་ཚང་གི་གནས་ཚུལ་ལ་གཞིགས་ནས། ང་ལ་སྒོ་འགྲམ་དུ“ལས་རྐང་བརྟན་པོ”ཞིག་བཙལ་ཞིང་། གཟི་བརྗིད་ལྡན་པའི་སྐྱེ་ཁམས་སྲུང་སྐྱོང་པ་ཞིག་ཏུ་གྱུར། ཟླ་རེའི་ཟླ་ཕོགས་སྒོར1800ཡིས་ངེད་བཟའ་མི་དྲུག་པོའི་ཉིན་རྒྱུན་གྱི་འཚོ་བར་འགན་སྲུང་ཐུབ་པ་བྱུང་།
མཁར་གྲོང་དུ་གནས་སྤར་རུང་། ལོ་རེའི་ཟླ་ལྔ་པ་དང་དྲུག་པར་སྔར་བཞིན་སྡེ་བའི་ནང་དུ་སོང་སྟེ། དབྱར་རྩྭ་བརྐོས་ནས་ཁྱིམ་གྱི་ཡོང་སྒོ་ཇེ་མང་དུ་བཏང་བ་ཡིན།
ད་ལྟ་ངེད་བཟའ་མི་གང་བོས་རྫ་སྟོད་རྫོང་མཁར་དུ་འཚོ་བར་རོལ་ཏེ་ལོ་ལྔ་འགོར་བ་དང་། རྩྭ་ཐང་ནས་གྲོང་ཁྱེར་བར་དུ་ངས་མཐོ་སྒང་གི་མཁར་གྲོང་ཆུང་ཆུང་འདི་ནས་སེམས་ཀྱི་འཁེན་ས་དང་རང་ཉིད་ལ་དབང་བའི་གོ་གནས་ཤིག་རྙེད་པར་མ་ཟད། བཟའ་མི་གང་བོའི་འཚོ་བར་ཡང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་དུ་བཅུག ད་ལྟ་ཆུ་སྒོ་ཕྱེ་ཚེ་ཆུ་གཙང་མ་འཐུང་ཐུབ་ལ། ཁྱིམ་དུ་ཡང་ཆུ་ཁོལ་མས་ལུས་པོ་བཀྲུ་ཐུབ་པར་མ་ཟད། སྒོ་ཁ་ནས་ཀྱང་ནད་ལ་སྨན་བཅོས་བྱེད་ཐུབ།
འཚོ་བའི་ཁྲོད་ཀྱི་ཞིབ་ཆ་རེ་རེར་འགྱུར་ལྡོག་བྱུང་བར་བསྟུན། ངེད་བཟའ་མི་གང་བོའི་འཚོ་བའི་ཆ་རྐྱེན་ལའང་འགྱུར་ལྡོག་བྱུང་ཞིང་། དེ་བས་ཀྱང་གལ་ཆེ་བ་ནི་ངེད་བཟའ་མི་གང་བོའི་བསམ་བློའི་འདུ་ཤེས་བསྒྱུར་བ་དེ་རེད།
རྫོང་མཁར་དུ་གནས་སྤར་བ་ནས་བཟུང་། ངས་གནས་འདི་སྡེ་བ་ལས་འདུ་འཛི་ཆེ་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་དང་། ལྷག་པར་དུ་དབྱར་ཁར་ཐང་ཆེན་དུ་སྐོར་བྲོ་ལྡིང་བ་དང་ཁ་བརྡ་བྱེད་མཁན་སོགས་ཀྱི་མི་ཚོགས་ཀྱིས་ཁེངས་ཡོད་པས། ང་ལ་ཚོང་བཤམས་པའི་འདུན་པ་ཞིག་འཕྲལ་མར་སྐྱེས་བྱུང་།
ཉིན་དཀར་རི་ལ་སྐོར་ཞིབ་བྱེད་དགོས་པས། དགོང་མོ་མ་གཏོགས་དུས་ཚོད་མེད། དེ་བས་ངས“530”གྲངས་ཉུང་དངུལ་བུན་བསྐྱིས་པར་བརྟེན་ནས། རླངས་འཁོར་ཆུང་ཆུང་ཞིག་ཉོས་ནས་རྫོང་མཁར་གྱི་མཚན་གྲོང་དུ་ཚོང་བཤམས་མགོ་བརྩམས་པ་དང་། ཟླ་རེར་དངུལ་སྒོར་མང་པོ་ཞིག་བཙལ་མི་ཐུབ་རུང་། རང་ཉིད་ཀྱི་འཚོ་བར་སྐྱིད་སྣང་གིས་ཁེངས་ཡོད།
ང་ཚོའི་གཞིས་ཁུལ་དུ། ངའི་གནས་ཚུལ་དང་མཚུངས་པའི་འབྲོག་པ་ད་དུང་མང་པོ་ཞིག་ཡོད་ལ། སྲིད་གཞུང་གི་རོགས་རམ་འོག ཁོ་ཚོས་ཀྱང་འོས་འཚམས་ཀྱི་ལས་ཀ་རྙེད་ཡོད། དཔེ་བཞག་ན་ངའི་ཁྱིམ་མཚེས་སྐལ་ཐུབ་ལྟ་བུར་མཚོན་ན། སྡེ་བའི་ཨུ་ཡོན་ལྷན་ཁང་གིས་རེ་ཞུ་དང་ངོ་སྤྲོད་བྱས་པའི་འོག འབྲོག་པའི་རེ་བཞག་གཞིས་ཁུལ“དབུལ་སྐྱོར་གཞིས་ལས”ཀུང་སི་རུ་བདེ་སྲུང་པ་བྱས་ཤིང་། ཟླ་རེའི་ཟླ་ཕོགས་སྒོར1200ཡོད་པས“ལས་རྐང་བརྟན་པོ”ཞིག་ཏུ་བརྩིས་ཆོག
ད་ལྟ། རྫོང་གིས་ང་ཚོའི་ནང་སེམས་ཀྱི་སྒུལ་ཤུགས་སྔར་ལས་སྐུལ་སྤེལ་དང་རྩལ་ནུས་ཇེ་མཐོར་གཏོང་ཆེད། སློབ་སྦྱོང་དང་སྦྱོང་བརྡར། ཐོན་སྐྱེད། ཕྱིར་འཚོང་སོགས་འདུས་པའི་གཞི་གཅིག་ཅན་གྱི་རྫོང་རིམ་པའི་འབྲོག་པའི་རིག་གནས་ལག་རྩལ་རྩལ་ནུས་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་ཀྱིན་ཡོད་པ་དང་། མི་འགྱངས་པར་འབྲོག་པའི་རིག་གནས་ཡོན་ཚད་དང་རྩལ་ནུས་གསོ་སྦྱོང་། གཟུགས་འདས་རིག་གནས་རྒྱུན་འཛིན། ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་སོགས་གཞི་གཅིག་ཅན་གྱི་གསོ་སྦྱོང་བྱེད་མགོ་བརྩམས་ཏེ། འབྲོག་པ་ཚང་མ་རིན་མེད་ངང་གསོ་སྦྱོང་དུ་ཞུགས་ཆོག
འཛིན་གྲྭ་སྒྲུབ་མགོ་རྩོམ་དུས་ངས་ཐོག་དང་པོར་མིང་ཐོ་འགོད་ངེས། ལག་རྩལ་མང་ན་མདུན་ལམ་སྔར་ལས་ཆེ་བ་དང་། སྐབས་དེར་ཐོན་དུས་ངེད་བཟའ་མི་གང་བོའི་འཚོ་བའི་མདུན་ལམ་སྔར་ལས་ཡངས་ངེས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།