རྒྱ་མཚོ་དང་ཁོའི་གྲོགས་པོ་ཚོ།
2022.05.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

རྒྱ་མཚོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་མགྱོགས་ཡུལ་ཚོ་མདའ་བཞི་སྡེ་བའི་འབྲོག་པ་ཞིག་རེད། 1996ལོ་ནས་བཟུང་སྟེ། ཁོས་རྩྭ་སའི་སྟེང་གི་དགོ་བ་ལ་དོ་ཁུར་བྱེད་མགོ་བརྩམས་པར་མ་ཟད། སྡེ་བའི་ནང་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཚོ་སྔོན་པོའི་མཐའ་འཁོར་དུ་གད་སྙིགས་འཐུས།

རྒྱ་མཚོས་དགོ་བ་ལ་སྲུང་སྐྱོབ་བྱས་པའི་དབང་གིས་ཡུལ་དེ་གར་མི་ཅུང་མིང་ཆེན་ཞིག་ཏུ་གྱུར་ཡོད། “ངས་བྱ་བ་འདི་ཐོབ་བྱ་གང་ལའང་མ་དམིགས་པར་སྒྲུབ་དོན་ཅི་ཡིན་ཞེ་ན། ངས་ཁྱོད་ལ་རྒན་མོ་ལོ་ལོན་ཞིག་གི་གཏམ་རྒྱུད་ཅིག་བརྗོད་འདོད།”

“དེ་ནི་ལོ་ཉེར་དྲུག་གི་སྔོན་ནས་གླེང་དགོས་ཏེ། སྐབས་དེར། དགོ་བ་ཞིག་ཤི་གསོན་གཉིས་ཀྱི་མཚམས་སུ་གནས་ཤིང་། རྒན་མོ་ལོ་ལོན་ཞིག་གིས་མཐོང་མ་ཐག་ཏུ་དེ་སྐྱོབ་ཞོར་དང་མིག་ཆུ་ལྷུང་ཞོར། ང་ལ་མོར་དགོ་བ་དེ་སྐྱོབ་རོགས་བྱེད་པའི་ཞུ་བ་བྱས། རྒན་མོ་ལོ་ལོན་དེས་བཤད་པའི་སྐད་ཆ་ད་དུང་ཡང་ངས་བརྗེད་ཐབས་བྲལ་ཏེ། མོས་དགོ་བས་ང་ཚོའི་སྲོག་བསྐྱབས་མྱོང་བས། ང་ཚོས་བལྟས་ལྟས་རིག་རིག་ལ་དེ་འཆི་རུ་འཇུག་མི་རུང་ཟེར། དེའི་རྗེས་སུ། ང་ཚོས་ཕྱུགས་ནད་སྨན་པ་བཙལ་ཡོང་མོད། འོན་ཀྱང་དུས་ཡུན་འགོར་འགྱངས་བྱས་པ་རིང་དྲགས་པས་དགོ་བ་སྐྱོབ་ཐུབ་མ་སོང་། རྒན་མོ་ལོ་ལོན་དེའི་མིག་ཆུ་ནི་ངའི་སེམས་སུ་བཞུར་བ་དང་འདྲ་བས། སྐབས་དེ་ནས་བཟུང་། ངས་དགོ་བ་དེ་ཚོར་སྲུང་སྐྱོབ་བྱེད་རྒྱུའི་སེམས་ཐག་བཅད། ངས་དགོ་བ་དག་ངའི་གྲོགས་པོ་དང་ཤ་ཉེའི་ཚུལ་དུ་བརྩིས་པ་ཡིན”ཞེས་རྒྱ་མཚོས་དེ་ལྟར་བཤད།

“དགོ་བ་བྱེ་མདོག  དགོ་བ་སྐམ་རིལ……”ལོ་འདི་དག་གི་རིང་ལ་རྒྱ་མཚོས་རོགས་སྐྱོབ་བྱས་པའི་དགོ་བ་ཤིན་ཏུ་མང་ཞིང་། རྒྱ་མཚོའི་ལོ་ན་ཕྲ་བའི་བུ་ཆུང་གིས་སྙིང་རྗེ་བའི་དགོ་བ་དག་ལ་མིང་ཡང་བཏགས་ཡོད།

“འདི་ཚོར་ངས་སྒོར་མོ་མི་ཉུང་བ་ཞིག་བཏང་ཡོད།” རྒྱ་མཚོའི་ཁྱིམ་དུ་ནམ་རྒྱུན་ཞག་མེད་འོ་མ་གྲ་སྒྲིག་བྱས་ཡོད་ཅིང་། “དགོ་ཕྲུག་གིས་འབྲི་མོའི་འོ་མ་འཐུང་ཚེ་ཁོག་པ་བཤལ་བས། དུག་སེལ་བྱས་ཡོད་པའི་ཞག་མེད་འོ་མ་འཐུང་ན་ད་གཟོད་ཁོག་ནས་ཞི་ཐུབ། ཉིན་འགའི་རྗེས་སུ་ང་གྲོང་རྡལ་གྱི་སྒོ་རྩིས་ཚོང་རར་སོང་ནས་འོ་མ་ཤོག་སྒམ་འགའ་ཉོ་དགོས།”ཁོའི་གྲོགས་པོ་དེ་ཚོ་གླེང་ཡོང་དུས་རྒྱ་མཚོ་རྒྱུན་པར་དགའ་སྤྲོས་ཁེངས་ཡོད།

“ཁྱོད་ཀྱིས་ཤེས་སམ། ང་དགོ་བའི་གམ་དུ་སོང་རུང་ཁོ་ཚོ་འབྲོ་མི་སྲིད། ཁྱོས་ལྟོས། དགོ་ཕྲུག་འདི་གསུམ་པོ་ནི་དགོ་བ་བྱེ་མདོག་གི་ཕྲུ་གུ་རེད།” རྒྱ་མཚོས་ཁེངས་རློམ་དང་བཅས་ཁོ་དང་ཁོའི་གྲོགས་པོ་ཚོའི་བར་གྱི་འབྲེལ་བ་ཟབ་མོ་དེ་ང་ཚོ་ལ་ངོམས།

ཁ་བརྡ་བྱེད་སྐབས། རྒྱ་མཚོས་རྒྱུན་པར་ལག་གཡོན་པ་འགེབས་པར་བྱེད། ལོ་མང་པོར་ཆུ་འཁྱགས་ཁྲོད་དུ་གད་སྙིགས་འཐུས་པའི་དབང་གིས། ཁོའི་མཛུབ་མོ་དག་གི་ཚུགས་ཀ་འགྱུར་སྟེ་དྲང་མོར་བསྲིངས་མི་ཐུབ་པར་གྱུར་འདུག “ད་ལོ་ཞིང་ཆེན་གྱི་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་སོང་བ་ཡིན། གྲུམ་ནད་དང་རུས་པ་སྐྱེ་བ་གཉིས་ཀ་འདུག དབང་རྩ་མནན་རྗེས་སྟབས་བདེ་བོ་མི་འདུག་མོད། སྐྱོན་མི་འདུག ད་ལྟ་སྲིད་གཞུང་གི་རོགས་སྐྱོར་ཡོད་པས། ང་ཚོའི་འགོག་སྲུང་ལག་ཆ་ཡང་ཇེ་མང་དུ་སོང་ཡོད་ལ། དང་བླངས་པའི་མི་གྲངས་ཀྱང་ཇེ་མང་དུ་སོང་ཡོད། ངས་ད་རུང་ལོ་འགའ་ལ་ལས་ཐུབ་ཀི”

གཡང་སྐྱབས་ཚེ་རིང་ནི་རྒྱ་མཚོའི་སློབ་མ་ཞིག་སྟེ། ཁོ་ཚོས་མཉམ་དུ་དགོ་བ་ལ་སྲུང་སྐྱོབ་བྱེད་ཅིང་། མཉམ་དུ་མཐོ་སྒང་གི་སྲོག་ཆགས་པར་དུའང་ལེན་བཞིན་ཡོད། “ངའི་དགེ་རྒན་གྱི་ཁྱིམ་ནོར་ཡོད་ཚད་སྒམ་འདིའི་ནང་དུ་ཡོད།” ད་ལོར་ལོ28ཡིན་པའི་གཡང་སྐྱབས་ཚེ་རིང་ལ་ལས་ཀ་གསར་པ་ཞིག་ཡོད་མོད། འོན་ཀྱང་གལ་ཏེ་སྡེ་བའི་ནང་དུ་ཁོ་མཁོ་ཚེ་རྒྱུན་པར་དུས་ལྟར་ཐོན་ངེས་ཡིན།

ཁོ་དང་ཁོའི་དགེ་རྒན་གཉིས་ཀྱིས་རྒྱུན་པར་སྒོར་མོ་གསོག་བཞིན་ཡོད་ལ། དེའི་དམིགས་ཡུལ་ནི་པར་ཆས་ཀྱི་བརྙན་མིག་དང་པར་ཆས་ལེགས་པོ་ཞིག་ཉོས་ནས། མཚོ་སྔོན་པོའི་འགྲམ་གྱི་སྲོག་ཆགས་དག་པར་དུ་ལེན་ཆེད་རེད། རྒྱ་མཚོའི་གཅེས་ནོར་ནི་ལོ་འདི་དག་གི་རིང་ལ་གཅེས་ཉར་བྱས་འོང་བའི་སྲ་སྡེར་དེ་ཡིན་ལ། གསོག་ཉར་འཕྲུ་ཆས་བཅུ་ཕྲག་ལྷག་གི་ནང་དུ་མཚོ་སྔོན་པོའི་འགྲམ་གྱི་ཆུ་བྱ་དང་དགོ་བའི་འདྲ་པར་གྱིས་ཁེངས་ཡོད།

“འདྲ་པར་འདི་དག་ནི་ངས་ཉེ་ལམ་གསར་དུ་བཀྲུས་པ་ཡིན་ལ། ན་ནིང་གི་ལོ་གཅིག་རིང་གི་གྲུབ་འབྲས་ཀྱང་ཡིན།” འདྲ་པར་ཁྲོད་དུ་ཁྱུ་དང་ཁྱུ་བྱས་པའི་དགོ་བ་ཡོད་ལ།མཐོང་དཀོན་པའི་ཁྲུང་ཁྲུང་སྐེ་ནག་ཀྱང་འདུག “ཁྲུང་ཁྲུང་སྐེ་ནག་ལ་ཚང་བཅའ་རོགས་བྱེད་ཆེད། ང་ཚོ་ཅུང་མིན་ན་བརླན་སའི་ནང་ལ་ནུབ་སོང་།” ཞེས་རྒྱ་མཚོས་ཁྲུང་ཁྲུང་སྐེ་ནག་ལ་ཚང་བཅའ་རོགས་བྱེད་དུས་ཀྱི་བརྗེད་དཀའ་བའི་དོན་དག་ཞིག་དྲན་བྱུང་།

“སྐབས་དེར། མཚོ་སྔོན་པོའི་མཚོ་ཆུ་རྒྱས་པ་དང་བསྟུན། བརླན་སའི་ཆུ་ཡང་རྒྱས་པ་དང་། ཁྲུང་ཁྲུང་སྐེ་ནག་བརླན་ས་བརྒལ་ནས་འཕུར་དཀའ་བར་འདུག ང་ཚོས་ཁྲུང་ཁྲུང་སྐེ་ནག་ལ་ཚང་བཅའ་རོགས་བྱེད་འདོད་པས། རྩྭ་ཆག་དང་ཤིང་ཐུར་སོགས་ཁྱེར་ནས་བརླན་ས་བརྐྱལ་ནས་སོང་བ་ཡིན། ཐོག་དང་པོར་ཚང་མར་ཡང་ཉམས་མྱོང་མེད་པས་དངོས་པོ་འཛིན་རྒྱུ་མང་དྲགས་པས་འདམ་དུ་ཟུག་པ་དང་། སྟབས་ལེགས་པ་ཞིག་ལ་གཞན་གྱིས་རོགས་བྱས་པས་ང་ཚོ་དུས་ལྟར་ཕྱིར་འབུད་ཐུབ་སོང་། མཇུག་མཐར། ང་ཚོས་གཞི་ནས་ཚང་བཅའ་བྱའི་རྒྱུ་ཆ་དག་ཕ་གིར་ཁྱེར་ཐུབ་སོང་ལ། ཁྲུང་ཁྲུང་སྐེ་ནག་ལ་ཚང་ཡང་བཅའ་ཐུབ་སོང”ཞེས་རྒྱ་མཚོས་དེ་ལྟར་བཤད།

འདྲ་པར་ཞིག་གི་ཁྲོད་དུ། སྤུ་ཁ་འཇོ་ལོ་ལོ་བྱེད་པའི་བྱེའུ་ཕྲུག་གཉིས་འདུག “ཁྱོས་ལྟོས། འདི་ནི་ང་ཚོས་བཅོས་པའི་ཚང་དེའི་ནང་དུ་ཡོད་པའི་ཁྲུང་ཁྲུང་སྐེ་ནག་གི་ཕྲུ་གུ་རེད”ཅེས་རྒྱ་མཚོས་འདྲ་པར་དེ་སྟོན་དུས་རང་རློམ་གྱིས་ཁེངས་འདུག

ཐེངས་དེར་སེམས་ཤུགས་གཅིག་སྒྲིམ་གྱིས་ཁྲུང་ཁྲུང་སྐེ་ནག་ལ་ཚང་བཅོས་པ་ལས་གཞན། མདའ་བཞི་སྡེ་བའི་འབྲོག་ཁྱིམ་ལྔ་བཅུ་ལྷག་གིས་ད་དུང་དགོ་བ་ལ་ལམ་ཕྱེས་ནས། ཁྱིམ་རེའི་རྩྭ་ས་མུའུ་བརྒྱ་ཕྲག་ལྷག་དགོ་བ་ལ་ཟ་རུ་བཅུག “རྒྱ་མཚོས་རྩྭ་ས་མུའུབཞི་བརྒྱ་ལྷག་བྱིན་འདུག ང་ཚོས་གྲོགས་པོ་འདི་དག་ལ་སྲུང་སྐྱོབ་བྱེད་འོས་ཤིང་། རང་གི་ནུས་ཚོད་ཀྱི་བྱ་བ་རེ་སྒྲུབ་འོས”ཞེས་གཡང་སྐྱབས་ཚེ་རིང་གིས་དེ་ལྟར་བཤད།

མིག་སྔར། མདའ་བཞི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཁྱིམ་མཚེས་ཆུ་ཁོལ་སྡེ་བ་དང་གྲོས་ཐོག་གཅིག་ཏུ་བཞག་ནས། མཉམ་དུ་དགོ་བ་ལ་སྲུང་སྐྱོབ་བྱེད་པ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཕན་དཔུང་སྡེ་རུ་ཞུགས་རྒྱུ་བྱས།

རྒྱུ་མཚོའི་བུ་ནི་ད་ལོར་ལོ17ཡིན་ཞིང་མཐོ་གཉིས་འགྲིམས་བཞིན་འདུག “ཁོ་ཆུང་དུས་ནས་དགོ་བ་དང་མཉམ་དུ་རྩེད་རྒྱུར་དགའ་ལ། ད་དུང་དགོ་བ་ལ་མིང་མང་པོ་བཏགས་མྱོང་། ཁོས་བཤད་རྒྱུར། ཁོས་རྗེས་ཕྱོགས་ཕ་ཡུལ་དུ་བྱ་བ་ལས་རྒྱུ་ཡིན་ལ། ང་དང་འདྲ་བར་སྲོག་ཆགས་དང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་སྒྲུབ་འདོད་ཟེར།” ཞེས་རྒྱ་མཚོས་ཁེངས་རློམ་དང་བཅས་དེ་ལྟར་བཤད།

“དྲང་མོར་བཤད་ན། ངའི་སེམས་སུ་རྒྱུན་པར་བུ་ཆུང་རྩྭ་ཐང་ནས་གཞན་དུ་འགྲོ་ཐུབ་ཚེ། འཚོ་བ་དེ་འདྲའི་དཀའ་མོ་ཞིག་ཡིན་མི་སྲིད་པར་བསམ་བཞིན་ཡོད། འོན་ཀྱང་ཕྱིར་འདང་རེ་བརྒྱབ་ན། ཕ་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ང་ཚོའི་བུ་རབས་ཚ་རྒྱུད་རྣམས་དང་འབྲལ་ཐབས་མི་འདུག་ལ། ང་ཚོས་འདི་ལྟར་བྱེད་པ་ཡང་བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་ཡིན”ཞེས་རྒྱ་མཚོས་དེ་ལྟར་བཤད།

རྒྱ་མཚོ་ནི་མི་སྣང་སྐྱིད་ཅིག་སྟེ། ཁོས་བཤད་རྒྱུར། ཉིས་སྟོང་དྲུག་ལོར་ཏང་ནང་དུ་ཞུགས་དུས། ངས་ཆུང་མ་ལ་ཏང་ཡོན་ཞིག་ཡིན་ན་ཚང་མར་འདང་རྒྱག་པ་ལས་རང་ཉིད་གཅིག་པུ་བསམ་མི་རུང་བ་དང་། དེ་ལྟར་མིན་ཚེ་ཚད་ལྡན་གྱི་ཏང་ཡོན་ཞིག་མིན་ཞེས་རྒྱུན་པར་སྐད་ཆ་དེ་ཟློས་པ་ཡིན། ད་སྐབས། ཆུང་མས་ཀྱང་དེ་ལྟར་འདོད་ཀྱིན་ཡོད་དེ། མོས་ནམ་ཡང་ཁ་རོག་གེར་ང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།

རྒྱ་མཚོའི་མཚོ་ལ་སྐོར་ཞིབ་བྱེད་པའི་རླངས་འཁོར་ལ་བསྡད་དེ། ང་ཚོ་ཁོ་རང་སྔོན་ཆད་ཉེན་ཁར་འཕྲད་མྱོང་བའི་མཚོ་ལྗང་ཁྲའི་ཁ་ལ་སླེབས། འདི་ནི་ཁོའི་རླངས་འཁོར་གསུམ་པ་རེད། ཁོས་བཤད་རྒྱུར། ས་གཞི་འདིའི་དྭངས་གཙང་ལ་སྲུང་སྐྱོབ་བྱེད་ཆེད་བསྒྲུབས་པའི་བྱ་བ་ཡོད་ཚད་ནི་དོན་སྙིང་དང་ལྡན་པ་ཞིག་རེད།

འདི་ནི་རྒྱ་མཚོའི་བྱས་རྗེས་ཡིན་ལ། འབྲོག་པ་གཞན་དག་གི་བྱས་རྗེས་ཀྱང་ཡིན། དེ་ལས་ཀྱང་ཝ་མགྱོགས་ཡུལ་ཚོ་མདའ་བཞི་སྡེ་བའི་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་དུ་བརྟན་པོར་སྲུང་བའི་བྱས་རྗེས་ཡིན།

                                                                            ཡིག་སྒྱུར་བ། གཡང་འབུམ་རྒྱལ།