བདེ་སྐྱིད་རྒན་གསོ་ཁང་གི་ལས་མིས་རྒན་པར་འོ་ཇ་ལྡུག་བཞིན་པ།
ངའི་མིང་ལ་བདེ་གོ་ཟེར་ཞིང་ད་ལོ་ལོ56ཡིན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་བདེ་སྐྱིད་རྒན་གསོ་ཁང་གི་འགོ་བ་ཡིན། འོན་ཀྱང་རྒན་གསོ་ཁང་གི་རྒན་པ་ཚོས་ང་ལ“བུ་བཟང་པོ”ཞེས་བྱམས་བརྩེའི་ངང་འབོད་ཀྱིན་ཡོད། ང་ཡང་འབོད་སྟངས་དེ་ཧ་ཅང་དགའ་ལ། དེ་ལྟར་བོས་ཚེ་རང་དང་རྒན་པ་ཚོའི་བརྩེ་སེམས་སྔར་ལས་ཇེ་ཟབ་ཏུ་ཕྱིན་ཡོད།
རྒན་གསོ་ཁང་བཀོལ་སྤྱོད་བྱས་རྗེས། ང་རང་ཡང་གནས་དེར་བསྡད་པ་ཡིན་ལ། ལོ་འགའི་དུས་ཚོད་མིག་རྡེབ་དབང་ཙམ་གྱིས་འགོར་སོང་། ངས་རྒན་གསོ་ཁང་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དང་། རྒན་པ་རྣམས་ཀྱིས་འདི་ནས་ཚེ་མཇུག་བདེ་བའི་རོལ་ཐུབ་པ་མཐོང་བས། སེམས་སུ་སྤྲོ་སྣང་གིས་ཁེངས་ཤིང་བྱ་བ་སྒྲུབ་དུས་ཀྱང་སྔར་ལས་བརྩོན་སེམས་ཡོད་པར་གྱུར།
བདེ་སྐྱིད་རྒན་གསོ་ཁང་མ་བཙུགས་སྔོན་ལ། རྫོང་དུ་ཡོད་པའི་རྒན་གསོ་ཁང་གཞན་དག་གི་གཞི་ཁྱོན་མི་ཆེ་བ་དང་སྒྲིག་ཆས་ཆ་ཚང་པོ་མེད་ཁར་རྒན་གསོའི་ཐོན་ཁུངས་ཧ་ཅང་དཀོན། བདག་མེད་ལོ་ལོན་དེ་དག་གིས་དཀའ་ཁག་ངང་འཚོ་བ་རོལ་བཞིན་པ་མཐོང་ཐེངས་རེར་ངའི་སེམས་ཧ་ཅང་སྡུག་ལ། ཁོ་ཚོར་རོགས་རམ་བྱེད་འདོད་མོད་འོན་ཀྱང་རང་ཉིད་ལ་ནུས་པ་མེད་པས་ཁ་རོག་བསྡད་པ་ཡིན།
འོན་ཀྱང་། ཏང་དང་རྒྱལ་ཁབ་ཀྱི་འདེགས་སྐྱོར་ཡོད་པས་ངའི་སེམས་ལ་སླར་ཡང་རེ་བ་སྦྱིན་ཡོང་།
2016ལོའི་ཟླ10པར། འབྲི་སྟོད་རྫོང་སྲིད་གཞུང་དང་འབྲི་སྟོད་རྫོང་དམངས་སྲིད་ཅུའུ་ཡི་རྒྱབ་སྐྱོར་ཆེན་པོའི་འོག བདེ་སྐྱིད་རྒན་གསོ་ཁང་དངོས་སུ་ལས་མགོ་བརྩམས་པ་དང་། རྒན་གསོ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་བདུན་སྟོང་བརྒྱད་བརྒྱ་ཞེ་བརྒྱད་ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བཞི་བཏང་སྟེ་ཉལ་ཁྲི་186བཀོད་སྒྲིག་བྱས་པས། རྫོང་ནང་གི་རྒན་གསོའི་ཐོན་ཁུངས་དཀོན་པའི་གནད་དོན་ཞི་ལྷོད་དུ་བཏང་།
ལོ་དེར་ལྔ་སྐྱོང་ཁྱིམ་ཚང་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ནག་ཁྱིམ་ཚང་། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་བཅས་བསྡོམས་པས་རྒན་པ186ལ་རིན་མི་དགོས་པར་ཐོ་འགོད་བྱས་ནས་རྒན་གསོ་ཁང་དུ་བསྡད། དེ་ལས་གཞན་རྫོང་ནོར་སྲིད་ཀྱིས་ད་དུང་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྒོར750སྟེར་བཞིན་ཡོད་པ་མ་ཟད། ད་དུང་ཁོ་ཚོར་དགུན་ཆས་དང་དབྱར་ཆས་སོགས་འཚོ་བའི་མཁོ་ཆས་ཀྱང་སྟེར་བཞིན་ཡོད་པས། རྒན་པ་ཚོའི་འཚོ་བའི་གནད་དོན་ཐག་གཅོད་བྱས།
རྒན་པ་ཚོ་གཙང་ཞིང་གྲལ་དག་པའི“ཁྱིམ་གསར”དུ་སྡོད་སྐབས་སེམས་སུ་སྤྲོ་བ་རབ་ཏུ་འཕེལ་བཞིན་ཡོད་པས། ངའི་སེམས་ཀྱང་ཧ་ཅང་དགའ་བྱུང་།
འོན་ཀྱང་། སྐྱིད་པའི་དུས་ཡུན་འཇའ་དང་འདྲ་བར་གནད་དོན་གསར་པ་སླར་ཡང་ཐོན་བྱུང་། རྒན་པོ་ཚོའི་ལོ་ན་ཅུང་ཆེ་བ་དང་མགོ་བོ་ན་བ་སོགས་ལུས་ཕུང་མི་བདེ་བའི་གནད་དོན་རྒྱུན་དུ་འབྱུང་བཞིན་ཡོད་པས། ལོ་ལོན་རང་ཉིད་རྫོང་སྨན་ཁང་དུ་ནད་ལ་ལྟ་རུ་འགྲོ་དགོས་ན་ཡང་དཀའ་ཁག་མི་ཉུང་བ་ཡོད་སྟབས། ངས་སྨན་པ་དང་སྒྲིག་ཆས་རྒན་གསོ་ཁང་དུ་གདན་དྲངས་རྒྱུའི་འདུན་པ་སྐྱེས།
དུས་ཡུན་མང་པོ་མ་འགོར་བར་ངའི་བསམ་ཚུལ་དོན་དངོས་སུ་གྱུར། རྫོང་དམངས་སྲིད་ཅུའུ་ཡིས་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་དང་བོད་སྨན་ཁང་གཉིས་ལ་མཉམ་འབྲེལ་བྱས་ནས། རྒན་གསོ་ཁང་དུ་སྨན་བཅོས་དང་རྒན་གསོའི་ལྟེ་གནས་བཙུགས་པ་དང་། རྒན་པའི་སྨན་བཅོས་བདག་སྐྱོང་བྱ་བའི་འགན་ཁྱོན་ཡོངས་ནས་འཁུར་དུ་བཅུག་ལ། རྒན་པ་ཚོའི་བདེ་ཐང་དོ་དམ་དང་སྨན་བཅོས། ལུས་གསོ། ནད་སྐྱོང་སོགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་མ་ཟད། ད་དུང་རྒན་པ་ཚང་མའི་ཁང་པའི་ནང་མྱུར་སྐྱོབ་འབོད་བརྡ་གཏོང་ཆས་བཞག་ཡོད་པ་དང་། ལས་བྱེད་མི་སྣས་ཆུ་ཚོད24རིང་ལས་རེས་བྱེད་པ་དང་དུས་མཚུངས་སུ། རྫོང་བོད་སྨན་ཁང་དང“གཅིག་འཐུས་རྣམ་པའི”སྨན་བཅོས་ཞབས་ཞུའི་གྲོས་མཐུན་བཞག་ནས། རྒན་པ་ཚོར་སྔོན་ལ་སྨན་ཁང་དུ་བསྡད་ནས་མཇུག་ཏུ་སྨན་རིན་རྩིས་ཞུ་བྱེད་པའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས།
ཐུབ་བསྟན་བཤད་སྒྲུབ་ནི་ང་ཚོའི་རྒན་གསོ་ཁང་གིས་གདན་ཞུ་བྱས་པའི་སྨན་པ་ཡིན་ལ། ཁོ་ཡང་མི་བརྩོན་སེམས་ཅན་ཞིག་རེད། ཁོས་རྒན་གསོ་ཁང་གི་རྒན་པ་ཚང་མར་བདེ་ཐང་ཡིག་ཚགས་བཟོས་ཡོད་པ་མ་ཟད། དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱས་རྗེས་ཡིག་ཚགས་གསར་བརྗེས་བྱེད་བཞིན་ཡོད། དེ་ལྟར་བྱས་ཚེ་མི་ཚང་མའི་ལུས་པོའི་གནས་ཚུལ་མི་འདྲ་བར་གཞིགས་ནས་ལྟ་རྟོག་འཆར་གཞི་དང་སྨན་བཅོས་ཇུས་གཞི་མི་འདྲ་བ་བཟོས་ན། རྒན་པ་རྣམས་བློ་བདེ་པོའི་ངང་སྡོད་ཐུབ་ངེས་རེད།
དོན་དངོས་ཐོག་འཐུས་སྒོ་ཚང་བའི་མཁྲེགས་ཆས་སྒྲིག་ཆས་དང་ཕན་ནུས་མཐོ་བའི་སྨན་བཅོས་ཞབས་ཞུ་ལས་གཞན། ལས་མི་རྣམས་ཀྱིས་སེམས་ཞིབ་མོས་རྒན་པ་ཚོར་བདག་སྐྱོང་བྱེད་བཞིན་ཡོད་པས། རྒན་པ་རྣམས་གནས་འདིར་ཧ་ཅང་དགའ་ལ་རང་ཉིད་ཀྱི་ཁྱིམ་ལྟར་དུ་བརྩི་བཞིན་ཡོད།
ལོ76ལ་སླེབས་པའི་ཚེ་རིང་ཆོས་མཚོ་གནས་འདིར་སླེབས་མ་ཐག ང་ཚོའི་བྱ་བར་འགོག་རྒོལ་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་ལ། ལས་བཟོ་བའི་ཞབས་ཞུ་དང་ལེན་བྱེད་འདོད་མེད། འོན་ཀྱང་ཁོ་མོར་བདག་སྐྱོང་བྱེད་མཁན་གྱི་པད་མས་སེམས་ཞིབ་མོས་ལྟ་རྟོག་བྱེད་ཀྱིན་ཡོད་ལ། རྒྱུན་དུ་སེམས་ཞིབ་མོ་དང་ངག་འཇམ་པོས་སྐད་ཆ་བཤད་དེ་ཨ་ནེ་རྒན་མོར་ཁྲིད་སྟོན་བྱེད་ཀྱིན་ཡོད། ཨ་ནེ་རྒན་མོས་ཀྱང་རིམ་བཞིན་པད་མ་དང་ལེན་བྱས་ནས་སེམས་ཀྱི་སྐད་ཆ་ཡོད་ཚད་པད་མ་དང་ཁ་བརྡ་བྱེད་མགོ་བརྩམས། རྗེས་སུ་ཁོ་གཉིས་ཀྱི་འབྲེལ་བ་ཧ་ཅང་འཆམ་མཐུན་བྱུང་བས། ཨ་ནེ་ཚེ་རིང་ཆོས་མཚོ་ཡིས་པད་མ་ལ“བུ་མོ”ཞེས་འབོད་ཀྱིན་ཡོད།
སྲིད་ཇུས་ཇེ་བཟང་དུ་སོང་བ་དང་བསྟུན་ནས། ལོ་འདི་དག་གི་རིང་ལ། འབྲི་སྟོད་རྫོང་གིས་རྒན་གསོ་ཁང་གི་རྒན་གསོའི་ཞབས་ཞུའི་བྱ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་དུས་སྐབས་གསར་པའི་དམངས་སྲིད་ལས་དོན་གྱི་གཙོ་གནད་ཞིབ་འཇུག་བྱ་གཞི་དང་། རྒན་པའི་ཚེ་སྲོག་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུའི་འགན་སྲུང་གལ་ཆེན་ཞིག་ཏུ་བརྩིས་ཡོད། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཀྱིས་འཁོར་སྐྱོད་བྱ་རྒྱུ་གཙོར་བྱས་ནས་བྱ་བའི་དམིགས་འབེན་གཏན་འཁེལ་བྱས་པ་དང་། “རྒན་བཀུར་གྱི་རྫོང་དང་གཅེས་སེམས་ལྡན་པའི་གྲོང་ཁྱེར”ཞེས་པའི་བྱ་བ་ཧུར་ཐག་གིས་བསྐྲུན་ཏེ། འབྲོག་ཁུལ་གྱི་རྒན་གསོའི་ཞབས་ཞུའི“འབྲི་སྟོད་ཀྱི་ལམ་བུའི”ཐོག་རིམ་གྱིས་བསྐྱོད་བཞིན་ཡོད།
ད་ལོ་ང་ཚོས་ད་དུང་རྫོང་སྲིད་གཞུང་དང་རྫོང་དམངས་སྲིད་ཅུའུ་ཡི་རྒྱབ་སྐྱོར་ཆེན་པོའི་འོག ཐོག་བརྩེགས་ལྔ་ཅན་གྱི་རྒན་པའི་བདག་སྐྱོང་ཁང་གསར་པ་ཞིག་བསྐྲུན་རྒྱུ་ཡིན་པ་དང་། འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་ཡང་བསྐྱར་རྒན་པ་བརྒྱ་དང་ལྔ་བཅུ་བསྡུ་ལེན་བྱེད་ཐུབ་ལ། ངའི་བསམ་པར་ངའི་རྒྱུན་འཁྱོངས་ལ་སྔར་ལས་དོན་སྙིང་ལྡན་པར་སྙམ།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།