མི་དམངས་ཉེན་རྟོག་པས་ནན་ཏན་གྱིས་བྱ་བ་སྒྲུབ་བཞིན་པ།
རིན་ཐང་ཅན་གྱི་བྱ་བ་སྒྲུབ་པར་འགྱོད་སེམས་མེད།
ཟླ་ལྔ་བའི་ཚེས་བཅུ་ཉིན་ནི་ཨན་ཡུང་མེན་དང་། ཧྲི་ཅའེ། ཐན་ཧྥ་ཧུང་བཅས་ན་གཞོན་དགེ་རྒན་གསུམ་གྱིས་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱས་པའི་ཉིན་གཉིས་པ་ཡིན་པ་དང་། འགོག་སྲུང་གདོང་ཁེབས་ཀྱི་འོག་ཏུ་ཁོ་ཚོའི་མིག་ཟུང་བརྟན་ཞིང་བརླིང་ལ། ཁོ་ཚོའི་གཞོན་པའི་ལང་ཚོའི་བརྗིད་ཉམས་ཀྱིས་“ང་ན་གཞོན་ཡིན་པས། ང་མི་འགྲོ་སུ་འགྲོ”ཞེས་པའི་དམ་བཅའ་བརྟན་པོ་ཞིག་གསལ་བཤད་བྱེད་བཞིན་འདུག
“འཕྲིན་གསར་འབྱོར་སྐབས། ཏག་ཏག་ཞིང་ཆེན་ཡོངས་ཀྱི་དགེ་རྒན་བསྡུ་བའི་རྒྱུགས་ལེན་གྱི་ཉིན་མོ་རེད། དྲོས་ཇ་རྒྱུགས་ར་ནས་ངལ་གསོ་ཅུང་ཙམ་བྱས་རྗེས། ངས་དུས་ཚོད་དང་པོའི་ནང་སློབ་གྲྭའི་དགེ་རྒན་ལ་འབྲེལ་གཏུགས་བྱས་ཏེ། དང་བླངས་ཞབས་ཞུ་བའི་གྲས་སུ་མིང་ཐོ་བཀོད།”ཨན་ཡུང་མེན་ནི་ཟི་ལིང་གྲོང་ཁྱེར་ནན་ཁྲོན་ཤར་ལམ་གྱི་སློབ་ཆུང་གཉིས་པའི་ལུས་རྩལ་དགེ་རྒན་ཡིན་པ་དང་། ད་ལོ་ལོ་ཉེར་བདུན་རེད། ཐེངས་སྔོན་མའི་རིམས་ནད་འགོག་སྲུང་གི་སྐབས་སུ། ཁོ་ནི་བཀག་སྡོམ་ཚོད་འཛིན་ཁུལ་དུ་གནས་པས། རིམས་ནད་འགོག་སྲུང་གི་ཐད་ལ་རང་ཉིད་ཀྱི་སྟོབས་ཤུགས་ཕུལ་མ་ཐུབ་ཀྱང་། ཐེངས་འདིར་ཁོ་རང་དང་བླངས་པའི་དཔུང་སྡེ་ཁྲོད་ཞུགས་ཐུབ་པའི་རེ་བ་ཡོད་པ་རེད།
“དེ་སྔོན་བཀག་སྡོམ་ཁུལ་དུ་གནས་པའི་རྐྱེན་གྱིས་ངས་དང་བླངས་པ་མང་པོས་སྒེར་སེམས་མེད་པར་ཡོད་ཚད་ཕུལ་བའི་གཟུགས་བརྙན་མཐོང་མྱོང་ཞིང་། རང་ཉིད་ཀྱང་དང་བླངས་པ་ཞིག་བྱེད་པའི་འདུན་པ་ཇེ་བརྟན་དུ་བཏང་།”ཨན་ཡུང་མེན་རང་གི་འདོད་པ་བཞིན་དུ་དང་བླངས་པ་ཞིག་ཏུ་གྱུར། ཁོས་བཤད་རྒྱུར། འདི་ནི་ན་གཞོན་ཞིག་ལ་དགོས་པ་དང་། འདི་ལྟར་བྱས་ན་ད་གཟོད་ལང་ཚོ་ལ་རིན་ཐང་ལྡན་པ་དང་། འདི་ནི་ང་ཚོའི་ལང་ཚོ་ཡི་བདེན་དཔང་ཡིན་ཟེར།
ཁོས་སྒྲུབ་པའི་བྱ་བ་ཧ་ཅང་ཆུང་ཆུང་ཡིན་ཡང་། སྨན་བཅོས་བྱ་བ་སྒྲུབ་མཁན་དང་། སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་ཚང་མའི་མཐོང་མི་ཐུབ་པའི་གནས་སུ་ཁོས་ཁ་རོག་གེར་ཡོད་ཚད་ཕུལ་བཞིན་ཡོད།
ཧྲི་ཅའེ།
འགོག་སྲུང་ལྭ་བ་གྱོན་པ་ན། ཁོ་མོ་ནི་དཔའ་ངར་ལྡན་པ་ཞིག་གྱུར།
“ན་གཞོན་གྱི་ལས་དབང་དེ་དུས་རབས་གཅིག་པས་དམ་དུ་སྦྲེལ་ཡོད།”
དུས་རབས་འདིའི་ན་གཞོན་རྣམས་ཀྱིས་དུས་རབས་ཀྱིས་ཁོ་ཚོར་བསྩལ་བའི་འགན་ཁུར་ཤེས་ཡོད། འགོག་སྲུང་ལྭ་བ་ཕུད་ཚེ། ཁོ་མོ་ནི་བྱིས་པ་ལྟ་བུ་ཞིག་ཡིན་པ་རེད། འགོག་སྲུང་ལྭ་བ་གྱོན་པ་ན། ཁོ་མོ་ནི་དཔའ་ངར་ལྡན་པ་ཞིག་ཏུ་གྱུར།
ཧྲི་ཅའེ་ནི་རྩིས་རིག་གི་དགེ་རྒན་ཞིག་ཡིན་པ་དང་། ད་ལོ་ལོ་ན་ཉེར་བཞི་རེད། ཧྲི་ཅའེ་ཡིས་བཤད་རྒྱུར། ཁོ་མོས་ཐེངས་གཉིས་ལ་དང་བླངས་པ་བྱས་པའི་བརྒྱུད་རིམ་སློབ་གྲོགས་ཚོར་བཤད་དེ། ཁོ་ཚོར་བདེ་སྐྱིད་ཀྱི་འཚོ་བ་ནི་བརྩོན་ལེན་བྱས་ནས་ཐོབ་པ་ཞིག་ཡིན་པར་ར་སྤྲོད་བྱས་པ་ཡིན་ཟེར།
དགེ་རྒན་གྱིས་གཞན་ལ་མིག་དཔེ་སྟོན་དགོས་པས། སྔོན་ལ་མཆོངས་ཐུབ་དགོས་པ་དང་། དཀའ་བ་ཐེག་ཐུབ་དགོས། “ལོ་ཚོད་འདི་ལ་འདི་ལྟར་སྒྲུབ་དགོས་པ་མ་ཡིན་ནམ”ཞེས་པའི་སྐད་ཆའི་ཁྲོད་བློ་སྤོབས་ཀྱིས་ཁེངས་འདུག ཡིན་ཡང་འགོག་སྲུང་ལྭ་བའི་མཁའ་འོག་གི་བརྟན་བརླིང་དེ་ནི་ཆེས་མཛེས་པའི་ལང་ཚོའི་གཟུགས་བརྙན་ཞིག་རེད།
ཧྲི་ཅའེ་ཡིས་བཤད་རྒྱུར། “ངས་སེམས་ལའང་དྲན་མ་མྱོང་བ་ཞིག་ནི་འགན་སྲུང་ལྭ་བ་དཀར་པོ་གྱོན་རྗེས། གྲོགས་པོ་ཆུང་ཆུང་ཚོའི་སེམས་ཁོང་གི་གསོབ་སྐུ་ལྟ་བུར་གྱུར་འདུ ཐེངས་གཉིས་ལ་དང་བླངས་པ་བྱེད་པའི་སྐབས་སུ། གྲོགས་པོ་ཆུང་ཆུང་མང་པོས་གུས་བཀུར་དང་བཀའ་དྲིན་ཞུས་པས། ང་རང་གི་མིག་ཆུའང་དབང་མེད་དུ་བཞུར། ཐེངས་འདིའི་རིམས་ནད་ལ་འཐབ་རྩོད་བྱེད་པའི་ཁྲོད། ང་ཚོར་མང་པོ་ཞིག་ཐོབ་སོང་། མཐུན་སྒྲིལ་རོགས་རེས་བྱེད་པ་དེ་ནི་ཐུན་མོང་གི་འབད་བརྩོན་དམིགས་འབེན་འགྲུབ་པའི་ཆེད་དུ་རེད”ཟེར།
ཐན་ཧྥ་ཧུང་༼གཡོན༽ལས་གྲོགས་དང་མཉམ་དུ་རིམས་འགོག་གི་འཐབ་ཕྱོགས་དང་པོ་རུ་ཡོད་པ།
འདི་ནི་ཆབ་སྲིད་ཀྱི་དད་སེམས་བརྟན་པོ་ཞིག་རེད།
“བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་རྗེས་སུ་འབྲངས་པ་དང་། ཏང་དང་མི་དམངས་ཀྱི་ཆེད་དུ་འབད་འཐབ་བྱེད་རྒྱུ་དེ་ནི་གུང་གཞོན་ཚོགས་པའི་ཐོག་མའི་འགན་འཁྲི་ཡིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་གསུངས་བཤད་ཀྱིས་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་སུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་གཞོན་ནུ་རྣམས་ལ་སྐུལ་མ་བྱེད་བཞིན་འདུག
“སློབ་གཙོ། ང་རང་ཡང་འཐབ་ཕྱོགས་དང་པོ་རུ་འགྲོ་འདོད། ལུས་ཕུང་དེ་འདྲ་བདེ་རྒྱུ་མེད་པའི་དགེ་རྒན་ཏང་ཡོན་རྒན་པ་རྣམས་ངལ་གསོ་རུ་བཅུག ང་ཚོས་ཀྱང་ཁོ་ཚོ་དང་འདྲ་བར་འགན་འཁྲི་འཁུར་ནས་རང་གི་ལང་ཚོ་ལ་འོད་མདངས་ལྡན་པའི་ཁ་དོག་ཤིག་སྩོལ་འདོད།”ཐན་ཧྥ་ཧུང་གིས་སློབ་གྲྭས་དང་བླངས་པ་བསྡུ་བའི་བརྡ་འཕྲིན་མཐོང་རྗེས། སློབ་གཙོ་ལ་འཕྲིན་ཡིག་དེ་ལྟར་བསྐུར།
“སློབ་གཙོས་ང་ཚོ་དགེ་རྒན་འགའ་རྒྱུགས་ལེན་ལ་ཞུགས་དགོས་པ་ཤེས་པས་འཐབ་ཕྱོགས་དང་པོར་འགྲོ་རུ་མ་བཅུག ཐེངས་འདིར་ང་ངེས་པར་དུ་དགེ་རྒན་གཞན་པ་རྣམས་དང་འདྲ་བར་འཐབ་ཕྱོགས་དང་པོར་འགྲོ་དགོས། རྒྱུགས་མ་བླངས་པའི་སྔོན་ཏག་ཏག་ལ་ང་ཚོ་ཚང་མས་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་། རྒྱུགས་ར་ནས་ཕྱིར་ཐོན་རྗེས་ཐད་ཀར་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོར་བསྐྱོད།”ཐན་ཧྥ་ཧུང་གིས་བཤད་རྒྱུར། བརྙན་རིས་ལས་ལྭ་བ་དཀར་པོ་གྱོན་པ་དག་མཐོང་ཐེངས་རེར་གུས་བཀུར་གྱི་བསམ་པ་ཞིག་དབང་མེད་དུ་སྐྱེས་ཡོང་བ་དང་། རང་ཉིད་ཀྱིས་གཞན་ལ་ཡིད་སྨོན་སྐྱེས་པ་དེ་དོན་དངོས་སུ་འགྱུར་དུ་བཅུག་ན་མི་ཆོག་གམ། ཐེངས་འདིར་རང་གི་རེ་བ་འགྲུབ་སོང་ཟེར།
“ཀྲུང་གོ་གུང་ཁྲན་ཏང་ནི་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་ཀྱི་རྒྱས་པའི་ཏང་ཞིག་དང་ནམ་ཡང་གཞོན་ནུ་ཚོས་ཡིད་ཆེས་དང་རྗེས་སུ་འབྲངས་ཆོག་པའི་ཏང་ཞིག་རེད།”ལོ་སུམ་ཅུ་ནི་སྤྱི་ཚོགས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་སྐབས་ཡིན་ཞིང་། དགེ་རྒན་ཐེན་ལགས་ཀྱིས་ཏང་ཡོན་རྒན་གྲས་དང་དགེ་རྒན་རྒན་གྲས་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད་པ་མཐོང་སྐབས་ཁོ་མོས་ཀྱང་འགན་འཁྲི་འཁུར་བ་དང་། ཏང་ཡོན་དགེ་རྒན་གྱི་གོམ་སྟབས་ཀྱི་རྗེས་སུ་འབྲངས་བ། མི་དམངས་ལ་ངོ་གནོང་མི་དགོས་པའི་དགེ་རྒན་ཞིག་བྱེད་དགོས་པར་འདོད་བཞིན་ཡོད།
ཐེངས་འདིའི་རིམས་ནད་འགོག་སྲུང་གི་འཐབ་ཕྱོགས་དང་པོའི་དམག་འཐབ་ཁྲོད། ཟི་ལིང་གྲོང་ཁྱེར་ཏུང་ཁྲོན་ཤར་ལམ་གྱི་སློབ་ཆུང་གཉིས་པས་བསྡོམས་པས་དགེ་རྒན་དང་ལས་བཟོ་བ་བཅུ་གསུམ་མངགས་ཞིང་། ལོ་སུམ་ཅུ་མན་གྱི་ན་གཞོན་ལས་བཟོ་པ་དགུ་ཡོད་པ་དང་། ཆ་སྙོམས་ལོ་ཚོད་ལོ་སོ་གཅིག་ལྷག་རེད།
འབད་འཐབ་ནི་ལང་ཚོའི་ཆེས་མཛེས་པའི་ཁ་དོག་ཡིན།
“འབད་འཐབ་ནི་ལང་ཚོའི་ཆེས་མཛེས་པའི་ཁ་དོག་དང་འགུལ་སྐྱོད་ནི་ན་གཞོན་གྱི་ཆེས་ཕན་འབྲས་ལྡན་པའི་སྦྱོང་བརྡར་ཞིག་རེད།”
རིམས་ནད་བྱུང་རྗེས། ལས་རིགས་སོ་སོ་ནས་ཡོང་བའི་ན་གཞོན་དང་བླངས་ཞབས་ཞུའི་ཚོགས་པས་རང་འགུལ་ངང་འགོག་རྒོལ་གྱི་བྱ་བའི་ནང་ཞུགས་པ་དང་། འོད་ཀྱི་ཟེགས་མ་རེ་རེ་གཞི་གཅིག་ཏུ་འདུས་ནས་དྲོད་ཁོལ་ལྡན་པའི་མེ་ཕུང་ཞིག་ཏུ་གྱུར་ལ། ཆུ་ཐིགས་ཟགས་པའི་སྟོབས་ཤུགས་ལ་བརྟེན་ནས་རིམས་འགོག་དང་བླངས་པའི་སྟོབས་ཤུགས་གཞོགས་གཅིག་ཏུ་བསྡུས་ཡོད།
ཟླ་ལྔ་བའི་ཚེས་དགུ་ཉིན་གྱི་སྔ་དྲོར། ཟི་ལིང་མེ་འཁོར་འབབ་ཚུགས་ནུབ་མའི་དོན་སྒྲུབ་ཁང་ཡན་ཀྲོང་སྡོད་ཁུལ་ཅིན་ཙོ་བེ་ནུས་ཀུའུ་སྡེ་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་ས་རུ། དང་བླངས་པའི་ཞབས་ཞུ་སྒྲུབ་བཞིན་པའི་ཧོང་ཞིན་གཅེས་སེམས་རླངས་འཁོར་རུ་ཁག་གི་འགོ་གཙོ་ཅིས་ཧུང་ཡ་ཡིས་ཕྱོགས་གཅིག་ནས་བརྡ་སྤྲོད་འཕྲུལ་ཆས་ཀྱི་བཀོད་འདོམས་ལ་བརྟེན་ནས་ཡུལ་དངོས་སུ་བྱ་བ་སྒྲུབ་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་སྡོད་དམངས་རྣམས་ཀྱི་དོགས་གནད་ལ་ལན་འདེབས་བཞིན་འདུག
ཞོགས་པ་སྔ་མོ་ནས་ཁོ་དང་རུ་མི་བཅུ་གཅིག་ཡན་ཀྲོང་སྡོད་ཁུལ་དུ་ཡོང་ནས་དང་བླངས་ཞབས་ཞུ་སྒྲུབ། “ང་ཚོས་དུག་སེལ་ཆུ་གཏོར་འཕྲུལ་ཆས་གཅིག་འཁྱེར་ཡོང་ནས་དུག་སེལ་དང་རྒྱུ་ལམ་གྱི་སྒྲིག་ལམ་སྲུང་འཛིན་བྱེད་བཞིན་ཡོད”ཟེར། ཁོ་ཚོས་དུས་ཚོད་ཕྱེད་ཀའི་རིང་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་ས་རུ་དུག་སེལ་བྱས་པ་དང་། གཞན་པའི་དུས་ཚོད་ནང་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་འཛིན་བྱེད་བཞིན་ཡོད། སྐྱེས་མ་བང་ལགས་ཀྱིས་བཤད་རྒྱུར། ཐོག་ཁང་ནས་མར་བབས་ཏེ་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས། ཡུལ་དངོས་ཀྱི་སྒྲིག་ལམ་གོ་རིམ་ལྡན་པ་དང་། ད་དུང་ཁོར་ཡུག་ལ་གཙང་སྦྲ་བྱེད་མཁན་ཡང་ཡོད་པས། སེམས་ཧ་ཅང་བདེ་ཟེར།
ཅིས་ཧུང་ཡ་ཡིས་ལྟོས་ན། རིམས་ནད་ཀྱིས་གྲོང་ཁྱེར་ལ་ཤན་ཤུགས་མི་ཆུང་བ་བཟོས་པ་དང་། ཁོས་ཡང་གྲོང་ཁྱེར་འདིའི་ཐོན་སྐྱེད་དང་འཚོ་བ་རྒྱུན་ལྡན་ལྟར་སླར་གསོ་འབྱུང་བར་སྟོབས་ཤུགས་ཙམ་འདོན་འདོད། རིམས་ནད་བྱུང་རྗེས། རླངས་འཁོར་རུ་ཁག་གིས་སྨན་བཅོས་མི་སྣ་སྐྱེལ་ལེན་གྱི་ལས་འགན་ཕྲག་ཏུ་བླངས་པ་དང་། དེ་དང་ཆབས་ཅིག་དཀའ་ངལ་ཡོད་པའི་སྡོད་དམངས་ལ་རླངས་འཁོར་སྐྱེལ་འདྲེན་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད།
ཅིས་ཧུང་ཡ་ད་ལོའི་ཟླ་བདུན་པར་གཉེན་སྒྲིག་རྒྱུའི་འཆར་གཞི་ཡོད། ཁོར་མཚོན་ན་ཁོའི་སེམས་ན་ནོངས་འགྱོད་ཅིག་ཡོད་པ་དེ་ནི་ཁོའི་མཛའ་མོ་དང་ཁོ་གཉིས་ཀྱིས་གཉེན་མ་སྒྲིག་པའི་སྔོན་ལ་སྐྱིད་པའི་ཡུལ་སྐོར་ཤིག་ལ་འགྲོ་རྒྱུ་དུས་བཅད་བྱས་ཡོད་པ་དང་། རིམས་ནད་བྱུང་རྗེས། ཁོ་མྱུར་མོར་དང་བླངས་པའི་ཞབས་ཞུ་ནང་ཞུགས་པ་རེད། ཁོས་བཤད་རྒྱུར། མདུན་ཕྱོགས་སུ་མཆོངས་པས། ཉིན་རྒྱུན་ཁྱིམ་མི་དང་མཛའ་མོའི་ཁ་པར་ཡོང་ནས་འཚམས་འདྲི་བྱེད་བཞིན་ཡོད་པ་དང་། རང་ཉིད་ཀྱི་བདེ་ཐང་ལ་མཉམ་འཇོག་དགོས་པར་བཤད་བཞིན་ཡོད་པས་སེམས་པ་དྲོད་ལམ་ལམ་ཞིག་རེད་ཟེར།
ངས་རང་གི་མཛའ་མོར་བརྗོད་འདོད་པའི་སྐད་ཆ་ནི་རིམས་ནད་མཇུག་སྒྲིལ་རྗེས་ངས་ཁྱེད་དང་མཉམ་དུ་མཛེས་པའི་ཡུལ་ལྗོངས་ལ་རོལ་མྱོང་བྱེད་འདོད་ཡོད་ཅེས་པ་དེ་ཡིན། ལོ་ན་སོ་གསུམ་ལ་སླེབས་པའི་ཅིས་ཧུང་ཡ་ཡིས་འབད་བརྩོན་ལ་བརྟེན་ནས་རང་ཉིད་ཀྱི་ལང་ཚོ་དང་རང་གི་མཛའ་མོའི་ཁས་ལེན་ཤིག་མངོན་བཞིན་འདུག
དུས་ནམ་ཞིག་ལ་ང་ཚོས་དགུང་སྔོན་པོ་མཐོན་པོར་འདེགས་ཐུབ་ངེས་ཡིན།
“འགན་འཁྲི་དང་འགན་ཁུར་ཡོད་ན། ལང་ཚོ་ལ་ད་གཟོད་འོད་སྟོང་ལྡན་པ་ཡིན།”
བསྟུད་མར་ཉིན་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་གྱི་གྲུ་ཟུར་རེ་རེ་ན། ལང་ཚོ་ལ་འགན་འཁྲི་དང་འགན་ཁུར་ཡིས་གཏམས་པས་འོད་ལྟར་འཚེར་བཞིན་འདུག ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དོ་ལིན་གྲོང་རྡལ་དུ་གྲོང་རྡལ་ལས་བྱེད་པ་དང་། སྡེ་བའི་ལས་བྱེད་པ། ཏང་ཡོན། མང་ཚོགས་བཅས་ཀྱིས་གྲུབ་པའི་གཅེས་སེམས་ཞབས་ཞུའི་རླངས་འཁོར་རུ་ཁག་དང་དངོས་རྫས་འགན་སྲུང་ཞབས་ཞུའི་རླངས་འཁོར་རུ་ཁག་གི་རླངས་འཁོར་སུམ་ཅུ་གཞུང་ལམ་སྟེང་བང་གིས་རྒྱུགས་ཏེ། གཅེས་སེམས་རེ་རེ་རྫོང་མཁར་གྱི་གྲུ་ཟུར་རེ་རེར་བསྐྱལ།
“མི་ཐོན་ཡོད། སྣུམ་ཡང་སྒམ་གང་བླུགས་ཡོད། ”“དུས་ནམ་བོས་ཡང་ཐོན་ཐུབ།”“ངའི་རླངས་འཁོར་བཟང་བས། ངས་ཡང་མིང་ཐོ་བཀོད་པ་ཡིན།”“ང་རང་རླངས་འཁོར་ཁ་ལོ་བ་བྱས་ཆོག”འབོད་སྐུལ་སྤེལ་ནས་དུས་ཚོད་གཅིག་ཀྱང་མ་འགོར་བར་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བདུན་ཅུ་དོན་བརྒྱད་ཀྱིས་མིང་ཐོ་བཀོད་པ་དང་། རླངས་འཁོར་སུམ་ཅུས་གྲུབ་པའི་གཅེས་སེམས་ཞབས་ཞུའི་རླངས་འཁོར་རུ་ཁག་དང་དངོས་རྫས་འགན་སྲུང་ཞབས་ཞུའི་རླངས་འཁོར་རུ་ཁག་ཡང་མཉམ་གཅིག་ཏུ་འཛོམས།
དྲོས་ཇའི་སྐབས་སུ་རླངས་འཁོར་རུ་ཁག་གི་དང་བླངས་པ་ཚོ་མྱུར་མོར་མཉམ་འདུས་བྱེད་ས་རུ་ཐོན་ནས་འགོག་སྲུང་ལྭ་བ་དང་། ཁ་ཐུམ་དང་ལག་ཤུབས། དུག་སེལ་སོགས་དངོས་རྫས་བླངས་ཏེ། རླངས་འཁོར་ལ་དུག་སེལ་བྱས། རང་སྲུང་གི་གྲ་སྒྲིག་བྱབ་བཟང་པོར་སྒྲུབ་རྗེས། གཅེས་སེམས་རླངས་འཁོར་རུ་ཁག་ཚན་ཆུང་དགར་ནས་སོ་སོར་རྫོང་མཁར་གྱི་སྲང་ལམ་ཆེ་ཆུང་དུ་རྒྱུགས།
ང་ཚོས་གནས་ཚུལ་ཐོས་རྗེས། དུས་ཚོད་དང་པོའི་ནང་མིང་ཐོ་བཀོད་དེ་གཅེས་སེམས་རླངས་འཁོར་རུ་ཁག་ནང་ཞུགས་པ་དང་། རང་ཉིད་ཀྱི་ནུས་པ་ཆུང་ངུ་ཙམ་ཞིག་ཕུལ་འདོད་ཅེས་དང་བླངས་པ་ཞའེ་ཡུན་པེན་གྱིས་གསར་འགོད་པར་དེ་ལྟར་བཤད་པ་དང་། གཅེས་སེམས་རླངས་འཁོར་རུ་ཁག་གིས་གཙོ་བོར་མང་ཚོགས་ལ་མཁོ་གལ་ཆེ་བའི་སྨན་རྫས་དང་འཚོ་བའི་མཁོ་ཆས་སྐྱེལ་བཞིན་ཡོད་པ་དང་། ད་དུང་མྱུར་མོར་སྨན་ཁང་དུ་ནད་ལ་སྟོན་དུ་འགྲོ་དགོས་པའི་མང་ཚོགས་ཕར་སྐྱེལ་ཚུར་ལེན་བྱེད་བཞིན་ཡོད་པ་རེད།
ཏ་ཐུང་རྫོང་དོ་ལིན་གྲོང་རྡལ་དུ་མང་ཚོགས་ལ་མཁོ་བའི་འཚོ་བའི་སྤྱོད་ཆས་ཉོ་བ་དང་། ཁེར་རྐྱང་དུ་བསྡད་ཡོད་པའི་རྒན་པར་སྔོ་ཚོད་ཉོ་རོགས་བྱེད་པ། དངོས་རྫས་སྐྱེལ་བ་སོགས་ཁོ་ཚོ་ཆེས་བབ་ཆགས་དང་དྲོད་ཁོལ་ལྡན་པའི་སྒོ་ནས་རིམས་ནད་འགོག་སྲུང་གི་ལམ་དུ་བྲེལ་འཚུབ་ཀྱིས་རྒྱུགས་ནས་མི་རྣམས་ལ་དྲོད་ཁོལ་སྐྱེལ་བཞིན་ཡོད།
ལང་ཚོ་ཅི་ལྟ་བུ་ཞིག་ལ་ད་གཟོད་འོད་སྟོང་འཕྲོ་བ་ཟེར་ཞེ་ན། དཔའ་གདེང་མཐོན་པའི་སྨྲ་བ་མེད་པར་ཁ་རོག་གེར་ཡོད་ཚད་འབུལ་བ་ཞིག་དང་། ཁྱིམ་ཚང་ཆུང་ཆུང་བསྐྱུར་ནས་ཁྱིམ་ཚང་ཆེན་པོ་བསམ་པའི་སྒེར་སེམས་མེད་པ་ཞིག ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བའི་དད་སེམས་བརྟན་པོ་ཡོད་པ་ཞིག་ཡིན་པ་རེད། “ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་རྒྱུག་རྩལ་འགྲན་བསྡུར་ཞིག་ཡིན་པས། དེང་རབས་ཀྱི་གཞོན་ནུ་ཚོས་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་འགྲན་སྡུར་ལམ་ཆེན་སྟེང་དཔའ་ངར་ཆེན་པོས་སྔོན་ལ་ཐོན་པར་བརྩོན་ལེན་བྱེད་དགོས།”
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།