ནོར་གནག་གི་ཟོང་རྟགས་བསྐྲུན་ནས་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད།
2022.05.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

དབྱར་ཐོན་རྗེས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་དྲོད་ཚད་རིམ་གྱིས་ཇེ་དྲོ་རུ་འགྲོ་བཞིན་ཡོད་པ་དང་། ཉིན་རེའི་ཆ་སྙོམས་དྲོད་ཚད་ཀྱང་ཀླད་ཀོར་ཡན་དུ་སླེབས་ཀྱིན་ཡོད། ཆུ་དམར་ལེབ་རྫོང་ཆུ་དམར་ཡུལ་ཚོའི་སྲིད་གཞུང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག་ལ། སྙན་ཞུ་ལ་ཉན་པ་དང་སྔོན་རྩིས་བྱ་བ་སྒྲུབ་པ། རྒྱུ་ཆ་འབྲི་བ་སོགས་མི་ཚང་མ་རང་ཉིད་ཀྱི་ལས་ལ་བྲེལ་བཞིན་འདུག

“ང་ཚོས་ད་ལོ་བསྐྲུན་འཆར་ཡོད་པའི‘འབྲོང་ཚ་གསོ་སྤེལ་རྟེན་གཞི’ལ་འཆར་འགོད་བྱས་ཏེ། རྣམ་གྲངས་དུས་ལྟར་སྤུས་ཚད་ལ་བརྟེན་ནས་ལེགས་སྒྲུབ་ཐུབ་པའི་ཁག་ཐེག་བྱེད་ཀྱིན་ཡོད”ཅེས་ཆུ་དམར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རྡོ་རྗེ་དགྲ་འདུལ་གྱིས་དེ་ལྟར་བཤད།

ཧྲུའུ་ཅི་རྡོ་རྗེ་དགྲ་འདུལ་གྱིས་བཤད་པའི“འབྲོང་ཚ་གསོ་སྤེལ་རྟེན་གཞི”ནི་ཆུ་དམར་ཡུལ་ཚོའི་གྲོང་གསེབ་དར་སྤེལ་གྱི་རྣམ་གྲངས་གཙོ་བོ་རེད། ཟླ་གསུམ་པའི་ཟླ་འགོ་ནས་བཟུང་། ཆུ་དམར་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་མི་རྣམས་ཀྱི་ས་ཞིང་ཧྲིལ་བསྡུས་བྱེད་འགོ་བརྩམས། ཟླ་གཅིག་ལྷག་ཙམ་གྱི་དུས་ཚོད་སྤྱད་ནས་ཐར་ཐོར་གྱི“རྩྭ་ས་ཆུང་ཆུང”དེ་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱའི་ཕྱུགས་ར་ཆེན་པོ་ཞིག་ཏུ་གྱུར། གསོ་སྤེལ་རྟེན་གཞིའི་གཅིག་གྱུར་གྱི་ཚད་གཞི་མཐོ་བའི་ཕྱུགས་ར་ཞིག་ཡིན་པའི་ཆ་ནས། གནས་དེ་རུ་ནོར་གནག1800དང་ཡང་ན་ལུག7000ལྷག་གསོ་ཐུབ། དེ་ལྟར་གསོ་སྤེལ་རྟེན་གཞི་དེ་ཡུལ་ཚོ་ཡོངས་ཀྱི་གཅིག་བསྡུས་དཔལ་འབྱོར་ཐོན་ལས་ཤིག་ཏུ་གྱུར་བ་དང་། བོགས་གཏོང་གྲོན་དངུལ་ཅི་ཡང་སྤྲོད་མི་དགོས་པ་མ་ཟད། ཡུལ་ཚོ་ཡོངས་ཀྱི་ཁྱིམ་ཚང་སྟོང་གཅིག་བཞི་བརྒྱ་དང་མི་གྲངས་སྟོང་ལྔ་དང་སུམ་བརྒྱ་ལྷག་ཙམ་ལ་ཚུར་བསྡུས་པའི་ས་ཞིང་གི་མང་ཉུང་ལ་གཞིགས་ནས་མ་རྐང་བགོས་པ་དང་། ཁྱིམ་ཚང་ཚང་མ་མ་རྐང་ནང་ཞུགས་པ་དང་མི་ཚང་མར་ཁེ་སྤོགས་བགོ་རྒྱུ་ཡོད་པར་བྱས་པས། མི་རེ་རེས་ཐོན་ལས་ལས་བྱུང་བའི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པའི་ཁག་ཐེག་བྱེད་ཀྱིན་ཡོད།

རྡོ་རྗེ་དགྲ་འདུལ་གྱིས་བཤད་རྒྱུར། “རྣམ་གྲངས་ཀྱི་འཆར་གཞི་ཐོག་མར་འགོད་སྐབས་ལ་ཕྱིར་དྲན་ཞིག་བྱས་ཚེ། གནས་ཚུལ་མང་པོ་ཞིག་ད་དུང་ངའི་བློ་ལ་གསལ་པོ་ངེས་ཡོད།” དང་ཐོག་བསམ་འཆར་བསྡུ་ལེན་བྱ་ཆེད། མཚོ་ཁྲི་སྡེ་བ་དང་ལུ་ཁྲི་སྡེ་བ། ངམ་ར་སྡེ་བ། མདོ་ཕྱུགས་བཅས་སྡེ་བ་བཞིའི་ཏང་ཀྲི་པུ་ཡིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱེད་ཆེད། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་རྩ་འཛུགས་བྱས་ནས་འཚོགས་པའི་ཕན་ནུས་མཐོ་བའི་གསོ་སྤེལ་བཞུགས་མོལ་ཚོགས་འདུའི་ཐོག་རྣམ་གྲངས་ལ་སྡེ་བ་བཞིའི་ཁས་ལེན་ཐོབ་པ་རེད་ཟེར།

དེའི་རྗེས་ཀྱི་ཉིན་བཅུ་ཡི་ནང་། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་། སྡེ་བ་སོ་སོའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ལས་བྱེད་མི་སྣ་དང་སྡེ་བའི་ལས་བྱེད་པ་དུས་གཅིག་ཏུ་སྐུལ་སློང་བྱས་ཏེ། བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་དམངས་ཀྱི་འདོད་བློ་ཞིབ་བཤེར་བྱེད་པ། ཡང་ཡང་ཞིབ་བསྡུར་བཅས་བྱས་པ་བརྒྱུད། རྫོང་དུ“འབྲོང་ཚ་གསོ་སྤེལ་དཀྱིལ་སྙིང་ཁུལ”གྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་སྙན་ཞུ་ཕུལ་བ་དང་། དུས་མཚུངས་སུ་ད་དུང་གསོ་སྤེལ་རྟེན་གཞིའི་ཁག་བགོས་ཁུལ་གྱི་འབྲོག་པའི་ཁྱིམ་ཚང་དུ་བསྐྱོད་ནས། ཕྱུགས་ར་དང་རས་གུར་ནང་ཡུལ་མི་ཚོར་རྩྭ་ས་ཧྲིལ་བསྡུས་ཀྱི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་པ་རེད།

རྡོ་རྗེ་དགྲ་འདུལ་གྱིས་བཤད་རྒྱུར། “ཐོག་མར་མང་ཚོགས་ཀྱི་བསམ་བློའི་བྱ་བ་སྒྲུབ་སྐབས། ཚང་མས་ཐེ་ཚོམ་གྱི་རྣམ་འགྱུར་བཟུང་ནས་རྣམ་གྲངས་ལ་ཡིད་ཆེས་མེད་པ་དང་ཕམ་ཉེས་འབྱུང་རྒྱུར་སྐྲག་གིན་ཡོད། ང་ཚོ་དཀའ་ངལ་ལ་འཕྲད་པའི་སྐབས་སུ། སྡེ་བའི་ནང་གི་ཏང་ཡོན་རྒན་པ་ཚང་མ་གཅིག་རྗེས་གཉིས་མཐུད་དུ་ཡར་ལངས་ནས། ཁོ་ཚོས་རང་འགུལ་ངང་སྣེ་ཁྲིད་དེ་གན་རྒྱའི་ཡི་གེར་མིང་རྟགས་བཀོད་པ་དང་སྡེ་མི་ཚོར་མིག་དཔེ་ཡག་པོ་ཞིག་བསྟན་པ་མ་ཟད། ཁོ་ཚོས་སེམས་ཁོངས་ཀྱི་སྐད་ཆའི་འགྲེལ་བཤད་བྱས་པ་བརྒྱུད། ང་ཚོའི་བྱ་བ་མགྱོགས་མྱུར་སྒོས་མུ་མཐུད་དུ་སྤེལ་ཐུབ་བྱུང་ལ། འགལ་བ་དང་རྩོད་གཞི་གཅིག་ཀྱང་བྱུང་མ་མྱོང”ཟེར།

ལོ79ལ་སླེབས་པའི་ལུ་ཁྲི་སྡེ་བའི་འབྲོག་པ་བསོད་ནམས་སྨོན་ལམ་ནི་དེའི་ཁྲོད་ཀྱི་གཅིག་ཡིན་པ་དང་། ཁོའི་སྣེ་ཁྲིད་ཀྱི་འོག འབྲོག་པ་ཁྱིམ་ཚང་གཞན་དག་གིས་ཀྱང་རང་འགུལ་ངང་རྩྭ་ས་ཚུར་སྤྲད་དེ། གཅིག་རྗེས་གཉིས་མཐུད་དུ་གན་རྒྱའི་ཐོག་མིང་རྟགས་བཀོད་ནས་མཛུབ་མཐིལ་མནན། བསོད་ནམས་སྨོན་ལམ་གྱིས་བཤད་རྒྱུར། “ཏང་ཡོན་རྒན་པ་ཞིག་དང་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཞིག་ཡིན་པའི་ཆ་ནས། ཆུ་དམར་ཡུལ་ཚོའི་འཕེལ་རྒྱས་ལ་ཕན་ཐོགས་ཡོད་ཚེ། ངས་ཆ་རྐྱེན་གང་ཡང་མེད་པའི་ངང་རྒྱབ་སྐྱོར་བྱེད་ངེས”ཟེར།

དེ་དག་ལས་གཞན། ཆུ་དམར་ཡུལ་ཚོས་ད་དུང་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་བྱ་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ནས། ནོར་གནག་གི་རྒྱུད་སྤེལ་བ་དང་གསོ་སྤེལ་བྱེད་པ། ཤ་ཡི་ཟས་རིགས་ལས་སྣོན། ཁྱད་ལྡན་ཡུལ་སྐོར་ཉམས་ལེན་སོགས་ཐོན་ལས་སྦྲེལ་ཐག་ཆ་ཚང་གཅིག་བསྡུས་བྱས་པ་དང་། གསོ་སྤེལ་རྟེན་གཞི་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་བཏང་སྟེ། ས་གནས་དེ་གའི་འབྲོག་པར་ལས་གནས་དང་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱས་པ་མ་ཟད་ཕྱུག་སྒྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་།

“ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ནི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐྱོད་པའི་ངེས་བརྒྱུད་ལམ་བུ་ཞིག་རེད། ང་ཚོའི་གསོ་སྤེལ་རྟེན་གཞི་དེ་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་ཐོན་ལས་ཤིག་ཡིན་པའི་ངོས་ནས་བརྗོད་ན། ངེས་པར་དུ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕྱོགས་སུ་གོམ་པ་རིམ་བགྲོད་ཀྱིས་སྐྱོད་དགོས། ཐོན་ལས་འཕེལ་རྒྱས་ཕྱིན་ཚེ་གྲོང་གསེབ་དར་སྤེལ་གཏོང་བར་གཞི་ནས་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ”ཞེས་རྡོ་རྗེ་དགྲ་འདུལ་གྱིས་དེ་ལྟར་བཤད།

དེ་དང་ཆབས་ཅིག ཆུ་དམར་ལེབ་རྫོང་གིས“རྒྱལ་ཡོངས་ཀྱི་རྒྱུད་བཟང་ནོར་གནག་གི་རྫོང་དང་པོའི”དམིགས་འབེན་མངོན་འགྱུར་བྱེད་ཆེད། “འགན་སྲུང་དང་རྒྱུད་སྤེལ། གསོ་སྤེལ། སྐུལ་འདེད་གཏོང་བ”བཅས་གཙོ་གནད་དུ་བཟུང་ནས། ནོར་གནག་གི་ཐོན་ལས་མནའ་འབྲེལ་བཙུགས་པ་དང་། རྫོང་ཁོངས་སུ་ནོར་གནག་གི་ཐོན་ལས་ལག་རྩལ་ཞབས་ཞུ་ལྟེ་གནས་དང་། གཟན་རྩྭ་འདེབས་འཛུགས་རྟེན་གཞི། རྩྭ་སྔོན་གཟན་ཆས་ལས་སྣོན་རྟེན་གཞི། རྒྱུད་བཟང་གསོ་སྤེལ་རྟེན་གཞི། ཕན་ནུས་མཐོ་བའི་གསོ་སྤེལ་རྟེན་གཞི། ཕྱུགས་གསོན་ཉོ་འཚོང་ཚོང་ར། བཤའ་སའི་ལས་སྣོན་འཁོར་ཁང་། སྐྱེ་ལྡན་ལུད་ལས་སྣོན་བཅས“བཟོ་སྐྲུན་ཆེན་པོ་བརྒྱད”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ནོར་གནག་ཐོན་ལས་ལག་རྩལ་ཞབས་ཞུ་ལྟེ་གནས་གཙོ་བོ་ཡིན་པ་དང་། རྫོང་ཞིང་ཕྱུགས་ཅུའུ་ཡིས་སྣེ་ཁྲིད་པ། ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་བ། ཆེད་ལས་ལག་རྩལ་མི་སྣ་གདན་ཞུ་བྱེད་པ། ཚན་རིག་དང་མཐུན་པར་གསོ་སྤེལ་བྱེད་པའི་ལག་རྩལ་ཁྱབ་གདལ་མགྱོགས་མོར་གཏོང་བ། ནོར་ཁྱུ་མི་འདྲ་བ་དང་ཟླ་ཡི་ཆེ་ཆུང་མི་འདྲ་བར་གཞིགས་ཏེ་འཚོ་བཅུད་ཀྱི་ཇུས་གཞི་མི་འདྲ་བ་བཟོས་ནས། ནོར་གནག་གིས་བདེ་ཐང་གཟན་ཆས་ཟོས་ན་ལུས་སྟོབས་སྔར་ལས་དར་ཐུབ།

རྡོ་རྗེ་དགྲ་འདུལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་ཆུ་དམར་ཡུལ་ཚོས་ཡུལ་ཚོ་ཡོངས་ཀྱི་ཕྱུགས་རིགས་ཀྱི་ཐོན་ཁུངས་སྔར་ལས་ལྷག་པའི་གཅིག་བསྡུས་བྱས་ཏེ། གོང་རིམ་འབྲེལ་ཡོད་སྡེ་ཁག་གིས་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་འཇོག་པར་འབྲེལ་མཐུད་ཧུར་ཐག་བྱས་ནས། ཕྱུགས་ལས་ཚོང་གཉེར་རྣམ་པ་ལེགས་སྒྲིག་བྱེད་པ་དང་། ལོ་མཇུག་གི་སྔོན་ལ་ས་ཁོངས་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་གྱི་བདེན་དཔང་ར་སྤྲོད་ལེགས་སྒྲུབ་བྱས་ཏེ། ཆུ་དམར་ཡུལ་ཚོའི་འབྲོང་ཚའི་ཁྱད་ལྡན་ཟོང་རྟགས་ཧུར་ཐག་གིས་ལེགས་བཟོ་བྱས་ནས། “འབྲོང་ཚ་གསོ་སྤེལ་རྟེན་གཞི”ནས“ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱེད་པར”བསྒྱུར་ཏེ། མཚོ་སྔོན་གྱི“ས་བཞིའི”འཛུགས་སྐྲུན་དང་འབྲེལ་མཐུད་ནུས་ལྡན་ཐུབ་པ་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག ཕྱུགས་རིགས་གསོ་སྤེལ་གྱི་རྩལ་ནུས་ལྡན་པའི་འཇོན་མི་ནང་འདྲེན་བྱས་ནས། ས་གནས་སུ་གསོ་སྤེལ་འཇོན་ཐང་ཅན་གསོ་སྐྱོང་དང་། ནོར་དོན་དོ་དམ་ཚད་ལྡན་དུ་གཏོང་བ། རིམ་པ་དབྱེ་ནས་བྱེད་ཐབས་བཟོ་བ། ཡོང་འབབ་བགོ་བའི་ལམ་ལུགས་དོན་འཁྱོལ་བཅས་བྱས་ནས། དུས་ཚོད་སྔར་ལས་ཐུང་ངུའི་ནང་རྫོང་ཡོངས་ཀྱི་ཁྱད་ལྡན་ཁྱད་སྟོབས་ཕྱུགས་ལས་འཕེལ་རྒྱས་གཏོང་བའི‘སྣེ་ཁྲིད་པ’ཞིག་ཏུ་འགྱུར་བ་བྱས་ཏེ། རྒྱུད་བཟང་གསོ་སྤེལ་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རྟེན་གཞི་བཙུགས་ནས། ཕྱོགས་གཉིས་ནས་འཁོར་སྐྱོད་བྱེད་པ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།