“ཁྱོད་གྲང་གི་མེད་ལ། རང་གི་ལུས་པོར་བདག་ཡག་པོ་བྱེད་དགོས།”
“སྐྱོན་མེད་ཀི རིམས་ནད་མཇུག་རྫོགས་རྗེས་ངས་ཟ་མ་ཞིམ་པོ་ཞིག་བསྐོལ”ཉིང་བསྐྱུར་བརྟག་དཔྱད་བྱེད་མཁན་དབང་ཆེན་འཚོས་སྐད་མགོ་དམའ་མོའི་སྒོ་ནས་རྒྱལ་ཁབ་གློག་དྲ་རུ་ལས་ཀ་ལས་བཞིན་པའི་རང་གི་ཁྱོ་གར་དེ་ལྟར་བཤད་རྗེས། ཁ་པར་གྱི་ཁ་བརྒྱབ་ནས་མུ་མཐུད་དུ་ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་རྐང་ཐོག་ཞུགས་པ་རེད།
ཉེ་ལམ། ཙོང་ཆུའི་འགྲམ་རྒྱུད་དུ་ཆགས་པའི་ཕྱུགས་ལས་ས་ཁུལ་དང་བསྡུར་ནས་བཤད་ན། རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་མཐོ་སྒང་གི་ནམ་ཟླ་ད་དུང་ཧ་ཅང་གྲང་ངར་ཆེ ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་མཚོ་འཕངས་རྨིད་སུམ་སྟོང་ལྔ་བརྒྱ་ཡོད་པའི་བདུན་བཞི་ཐིག་རིམས་ནད་འགོག་སྲུང་ཞིབ་བཤེར་ས་ཚིགས་སུ། ཁ་ཆར་འདྲེས་མར་འབབ་བཞིན་ཡོད་ནའང་བཀྲག་མདངས་འཚེར་བའི་རྒྱལ་དར་དང་ཏང་དར་དེ་གནམ་སའི་འདྲེས་མཚམས་སུ་ལྷབ་ལྷུབ་བསྐྱོད་ནས། ཕར་འགྲོ་ཚུར་འོང་གི་མི་མང་པོར་སྟབས་བདེ་བསྐྲུན་པས་མི་རྣམས་ཀྱི་སེམས་སུ་དྲོད་སྣང་གིས་ཁྱབ།
དུས་ཚོད་བཅུ་གཉིས་སྟེང་། “ཁྱེད་ཀྱིས་ཁ་ཐུམ་ཡག་པོར་རྒྱག་རོགས། ཁྱེད་ཀྱི་བཤེར་ཨང་སྟོན་དང་།མར་བབས་ནས་ཐོ་འགོད་བྱེད་རོགས།”ལས་ཡུལ་དང་པོར་འབད་བཞིན་པའི་གཅིག་སྒྲིལ་རྫོང་ཉེན་རྟོག་ཅུའུ་ཡི་རུ་དཔོན་བསོད་ནམས་ཀྱིས་ཞིབ་ཅིང་ཕྲ་བའི་སྒོ་ནས་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ལ་ཞིབ་བཤེར་བྱས་ཏེ།རིམས་ནད་སྔོན་འགོག་གི་ལམ་ཐིག་གཟབ་ནན་གྱིས་བསྲུང་ཡོད།
གཅིག་སྒྲིལ་རྫོང་གི་རིམས་ནད་འགོག་སྲུང་ཞིབ་བཤེར་ས་ཚིགས་ནི། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་ས་མཚམས་སུ་ཡོད་པས། མཚོ་སྔོན་དང་སི་ཁྲོན།ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་འདྲེས་མཚམས་དང་འགྲིམ་འགྲུལ་གྱི་འདུས་མདོ་ཡིན་ལ།མཚོ་སྔོན་གྱི་ཤར་ལྷོའི་སྒོ་ཆེན་དང་།ཞིང་ཆེན་རིམས་ནད་བཀོད་འདོམས་པུའུ་ཡིས་མཛུབ་སྟོན་ལྟར་བཙུགས་པའི་རིམས་ནད་འགོག་སྲུང་ཞིབ་བཤེར་ས་ཚིགས་ཞིག་ཀྱང་ཡིན།དེའི་ཕྱིར།རིམས་ནད་ནང་དུ་མཆེད་པའི་ཉེན་ཁ་སྔོན་འགོག་བྱེད་པར་ནུས་པ་གལ་ཆེན་ཐོན་གྱིན་ཡོད།
དུས་ཚོད་གཅིག་ནས་གཉིས་བར་མི་མང་པོ་ཞིག་གིས་ཉིན་གུང་གི་དུས་ཚོད་བེད་སྤྱད་ནས།རང་གི་ཕ་མ་སྤུན་མཆེད་དང་བཟའ་མི་མཉམ་འཛོམས་ངང་ངལ་གསོ་བྱེད་བཞིན་ཡོད།
ཡིན་ཡང་། ཁོ་ཚོ་ནི་དེ་ལས་ལྡོག་སྟེ་ཞིབ་བཤེར་ས་ཚིགས་སུ་དུས་ཚོད་ཉེར་བཞིའི་རིང་རེས་མོས་ཀྱིས་ལས་རྐང་སྲུང་བཞིན་ཡོད།
ཞིང་ཆེན་གསུམ་གྱི་འདྲེས་མཚམས་སུ་གནས་པའི་གཅིག་སྒྲིལ་རྫོང་བདུན་བཞི་ཐིག་རིམས་ནད་འགོག་སྲུང་ཞིབ་བཤེར་ས་ཚིགས་སུ།“ཁྱོད་ཀྱིས་ས་དེ་ནས་ཁ་ཐུམ་རྒྱག་རྒྱུ་དང་དུག་སེལ་བྱེད་རྒྱུ་བརྗེད་མི་ཉན། ཨ་མ་ལས་ཚོགས་སུ་ཞུགས་དགོས་པས་ཁོམ་པ་མི་འདུག”དབང་ཆེན་འཚོའི་ལས་གྲོགས་བསམ་འགྲུབ་སྒྲོལ་མས། ཞིང་ཆེན་ཕྱི་རུ་སློབ་གཉེར་བྱེད་བཞིན་པའི་བུ་ཚེ་རིང་བཀྲ་ཤིས་ལ་ཁ་པར་གྱི་བརྙན་ལམ་བརྒྱུད་ཁ་བརྡ་ཐུང་ངུ་ཞིག་བྱས་ནས་ཁ་པར་གྱི་ཁ་བརྒྱབ་པ་ན།མིག་མཐར་མཆི་མ་འཁོར་བྱུང་།བསམ་འགྲུབ་སྒྲོལ་མ་ཅུང་མི་བདེ་བའི་ཚུལ་དུ་ཁ་ཕྱིར་འཁོར་ནས་མོ་དང་རྒྱང་ཐག་རིང་བོར་གནས་པའི་རྫ་རི་མཐོན་པོར་མིག་ཅེར་ནས་ཅུང་ཙམ་འགོར་རྗེས།ཡང་བསྐྱར་རས་གུར་སྔོན་པོ་དེའི་ནང་འཛུལ་ནས་ལས་རྐང་ཏུ་ཞུགས།
ཁོ་ཚོའི་སྐད་ཆ་རེ་རེ་ནི་ཇི་འདྲའི་སྙན་ཞིང་། བྱང་ཆ་ལྡན་པའི་བྱ་སྤྱོད་དག་ལས་མི་མང་པོ་ཞིག་ལ་སེམས་འགུལ་ཐེབས་སུ་བཅུག་པ་བགྲང་གིས་མི་ལངས།
ཆུ་ཚོད་གསུམ་དང་སྐར་མ་བཞི་བཅུའི་སྟེང་།“ཁྱོད་མར་བབས་ནས་རླངས་འཁོར་གཞུག་གི་སྒོ་འབྱེད་རོགས།”ལུས་སྟོད་ལ་ལྭ་བ་ལྗང་སེར་གྱོན་ཡོད་པའི་བུ་མོ་པད་མ་འཚོས་ཟོང་སྐྱེལ་རླངས་འཁོར་གྱི་དངོས་ཟོག་འཇུག་སའི་སྒམ་གྱི་ཁ་ཕྱེས་ནས། སྐྱེལ་འདྲེན་བྱེད་བཞིན་པའི་ཤ་དང་འོ་མ། སྔོ་ཚོད་སོགས་ལ་ཞིབ་བཤེར་བྱེད་ཀྱིན་ཡོད།
“དེང་སྐབས་འཁྱག་ཟས་གསོག་འཇོག་བྱེད་བཞིན་པའི་དུས་སྐབས་ཤིག་ལ་སླེབས་ཡོད། གནས་འདི་རུ་ཕར་འགྲོ་ཚུར་འོང་གི་རླངས་འཁོར་མང་སྟབས། སྔོན་འགོག་ཚོད་འཛིན་བྱེད་སའི་གནས་གལ་ཆེན་ཞིག་རེད། མཚོ་སྔོན་གྱི་ཤར་ལྷོའི་སྒོ་ཆེན་ལེགས་པོར་བསྲུང་བ་དང་། རིམས་ནད་ནང་དུ་མཆེད་པ་སྔོན་འགོག་བྱེད་པ་ནི་འདོར་ཐབས་མེད་པའི་འོས་འགན་ཞིག་ཡིན། ཉིན་འདི་འགར་ང་ཚོས་གཟབ་ནན་གྱིས་རིམས་ནད་ཞིབ་བཤེར་བྱ་བ་ལེགས་སྒྲུབ་བྱེད་པའི་དུས་མཚུངས་སུ།ཟས་རིགས་ལ་དཔང་རྟགས་གསུམ་ལྡན་མིན་སྐོར་ལའང་ཞིབ་བཤེར་ནན་མོ་བྱས་ནས།བྱ་བའི་གནས་ཚུལ་ཁ་པར་དང་ཡི་གེའི་ལམ་ནས་གོང་རིམ་ལ་སྙན་ཞུ་འབུལ་བཞིན་ཡོད།”ཞིབ་བཤེར་ས་ཚིགས་ཀྱི་གཅིག་སྒྲིལ་རྫོང་གི་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣ་པད་མ་འཚོས་དེ་ལྟར་བཤད།
དུས་ཚོད་བརྒྱད་ཀྱི་སྟེང་། ས་རུབ་ནས་བར་མེད་དུ་འཚེར་བཞིན་པའི་ཉེན་རྟོག་པའི་ཉེན་བརྡའི་གློག་འོད་འོག་ཏུ། སྟབས་བདེའི་ཁང་པ་དང་རྒུད་སྐྱོབ་རས་གུར་སྟེང་བཀལ་ཡོད་པའི་རིམས་ནད་སྔོན་འགོག་གི་དྲིལ་སྒྲོག་ཡི་གེ་སྟེ།“ཤར་ལྷོའི་ཕྱོགས་ཀྱི་སྒོ་མོ་སྲུང་ནས་རིམས་ནད་སྔོན་འགོག་ལས་རྒྱལ་དགོས།” “དཀའ་ངལ་ཡོད་ས་རུ་ཏང་གི་དར་ཆ་གཡོ།དགོས་མཁོ་ཡོད་ས་ན་ཏང་ཡོན་གྱི་གཟུགས་བརྙན་མཐོང”ཞེས་པའི་ཡི་གེ་འགའ་མིག་ལམ་དུ་གསལ་བོར་མཐོང་ཐུབ་ལ། ད་དུང་གནམ་སའི་མཚམས་སུ་འགྲེང་བའི་དར་ཆ་དང་།ས་སྲོད་དུ་ཀྲོང་ངེར་འགྱིང་བའི་ཞིབ་བཤེར་ས་ཚིགས་ཀྱི་ཁང་པས་མི་མེད་ལུང་སྟོང་གི་ས་མཚམས་ཏེ་ཞིབ་བཤེར་ས་ཚིགས་སུ་གསོན་ཤུགས་གསར་བ་ཞིག་བསྣན་འདུག
གཅིག་སྒྲིལ་རྫོང་གི་བདུན་བཞི་ཐིག་རིམས་ནད་འགོག་སྲུང་ཞིབ་བཤེར་ས་ཚིགས་སུ་རྫོང་རིམ་པའི་མགོ་ཁྲིད་པ་གཅིག་དང་། སྤྱི་བདེ་མི་སྣ་བཅུ། འཕྲོད་བསྟེན་མི་སྣབཞི། ཚོང་རའི་ལྟ་སྐུལ་མི་སྣ་གཅིག་བཅས་ཡོད།2021ལོའི་ཟླ10པའི་ཚུན་ནས་བཟུང་།ཁྱོན་སྡོམ་མི་ཐེངས་ཁྲི་བཞི་དང་རླངས་འཁོར་ཁྲི་དྲུག་ལྷག་ལ་ཞིབ་བཤེར་བྱས་ཏེ། རིམས་ནད་སྔོན་འགོག་ལས་རྣམ་པར་རྒྱལ་ཆེད།ཁོ་ཚོས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་བྱ་བའི་བླང་བྱ་ལྟར། གཟབ་ནན་གྱིས་ཞིབ་བཤེར་དང་འགོག་སྲུང་ནན་མོ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རིམས་ནད་ནང་དུ་མཆེད་པའི་ཉེན་ཁའི་རྐྱེན་ངན་བཀག་འགོག་བྱས་ནས། ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་ཉིན་མཚན་དབྱེར་མེད་དུ་འབད་བཞིན་ཡོད།
ས་རུབ་ནས་ནམ་མཁའ་རུ་སྐར་མ་ཁྲ་ལམ་མེར་འཆར་ཡོང་དུས། ཁ་དོག་སྔོན་པོ་དང་དམར་པོ་འདྲེས་མར་མཆེད་བཞིན་པའི་ཉེན་རྟོག་པའི་གློག་སྒྲོན་འོག ཕར་འགྲོ་ཚུར་འོང་གི་རླངས་འཁོར་བདེ་འཇགས་ངང་བགྲོད་ཆོག་ལ།བདུན་བཞི་ཐིག་རིམས་ནད་སྔོན་འགོག་ཞིབ་བཤེར་ས་ཚིགས་ཀྱི་ལས་བྱེད་མི་སྣ་དག་གི་བརྩོན་པ་དང་ལག་ལེན་ལས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་བདེ་འཇགས་ཀྱི་བརྒྱུད་ལམ་ཞིག་བསྐྲུན་ཡོད།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།