2020ལོའི་ལོ་མཇུག་ཏུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཐར་ཁྱིམ་ཚང་འབུམ་གཉིས་ལྷག་གི་སློབ་མཚམས་བཞག་པའི་སློབ་མ་ཚང་མ་སློབ་གྲྭར་བསྐྱོད་ཐུབ་པ་བྱུང་ནས། འོས་འགན་སློབ་གསོ་ཁྱོན་ཡོངས་ནས་འགན་ལེན་བྱས། 2021ལོར་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད95.4%ཟིན་ནས2012ལོ་ལས་བརྒྱ་ཆའི་གྲངས་ཐིག3.6འཕར་བ་དང་། ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད་འཛམ་གླིང་གི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ།
ཧྲན་ཞིས་ཀྱི་ས་གཞི་ཆེན་མོར་དཔྱིད་དཔལ་རབ་ཏུ་བཞད། ཧྲན་ཞིས་ཞིང་ཆེན་ཨན་ཁང་གྲོང་ཁྱེར་ཕེན་ལིས་རྫོང་ལུའོ་ཞན་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་གཙང་སྦྲ་ལེགས་པའི་སློབ་ཁང་དུ་བྱིས་པ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་དེབ་ཀློག་བཞིན་ཡོད་ཅིང་། ཡངས་ཤིང་རྒྱ་ཆེ་བའི་ལུས་རྩལ་ཐང་དུ་བྱིས་པ་ཚོ་ཡར་རྒྱུགས་མར་རྒྱུགས་བྱས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཡོད།
2020ལོའི་ཟླ4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཞིས་ཞིང་ཆེན་དུ་གཟིགས་ཞིབ་གནང་སྐབས། སློབ་གྲྭ་དེར་ཕེབས་ནས་བྱིས་པ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ་དང་སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་བཏང་ནས་རྒྱུན་འཇགས་དབུལ་པོའི་རྣམ་པ་ལས་ཐར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ལོ་འདི་དག་གི་ནང་སློབ་གྲྭར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གྲོང་གསེབ་ཀྱི་བྱིས་པ་ཚོ་ཁྱིམ་གྱི་ཉེ་འགྲམ་ནས་སློབ་གྲྭར་ཞུགས་ཐུབ་པ་བྱུང་ནས་སློབ་གྲྭར་འགྲོ་མི་ཐུབ་པར་སེམས་ཁྲལ་བྱེད་མི་དགོས། བརྒྱུད་ལམ་སྣེ་མང་གི་བརྙན་རིས་འཕྲུལ་ཆས་དང་། གློག་རྡུལ་གྱི་སྒོ་སམ་དཀར་པོ། སྒྲ་ལྡན་བརྒྱུད་གཏོང་སློབ་ཁང་སོགས་སློབ་ཁྲིད་སྒྲིག་ཆས་ཡོད་པས། རི་ཁུག་གྱི་བྱིས་པ་ཚོས་སྤུས་ལེགས་ཀྱི་སློབ་གསོ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད་ཅེས་ལུའོ་ཞན་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་གཙོ་ཝུའུ་ཅིན་ཕུན་གྱིས་དེ་ལྟར་བཤད།
སློབ་གསོ་དྲང་གཞག་ཡོང་བ་ནི་སློབ་གསོའི་ལས་དོན་དེ་མི་དམངས་ལྟེ་བར་འཛིན་པའི་མཚོན་ཚུལ་གལ་ཆེན་ཞིག་རེད། རྒྱུན་ཆད་མེད་པར་སློབ་གསོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དེ་སྔར་ལས་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་ཐོགས་པར་སྐུལ་འདེད་གཏོང་དགོས་པ་དང་། ཇི་ལྟར་དབུལ་ཡང་སློབ་གསོ་དབུལ་མི་རུང་བ་སོགས་ཀྱི་བཀའ་མོལ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་དྲང་གཞག་ལ་སྐུལ་འདེད་གཏོང་བའི་ཐུགས་རེ་ཟབ་མོ་མཚོན་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག་པ་དང་། རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་བསྡུར་ཚད་ཟིན་ཚད4%ཡན་དུ་བསྟུད་མར་རྒྱུན་འཁྱོངས་བྱས་པར་མ་ཟད། སྔོན་ལ་གྲོང་གསེབ་ས་ཁུལ་དང་། མཐའ་མཚམས་མི་རིགས་ས་ཁུལ། གསར་བརྗེའི་གནས་གཞི་རྙིང་བ། མཐའ་མཚམས་དང་རྒྱང་རིང་དབུལ་ཕོངས་ས་ཁུལ་བཅས་ཀྱི་སློབ་གསོ་འཕེལ་རྒྱས་ལ་ཕྱོགས་པར་བརྟེན་སྔར་ལས་བཟང་ཞིང་སྔར་ལས་དྲང་གཞག་གི་སློབ་གསོ་དོན་དངོས་སུ་འགྱུར་བཞིན་ཡོད།
མི་ཚང་མར་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་ཐོབ་ཆེད་འབད་བརྩོན་བྱས་པ།
2020ལོའི་ལོ་མཇུག་ཏུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཐར་ཁྱིམ་ཚང་འབུམ་གཉིས་ལྷག་གི་སློབ་མཚམས་བཞག་པའི་སློབ་མ་ཚང་མ་སློབ་གྲྭར་ཞུགས་ཐུབ་པ་བྱུང་ནས་འོས་འགན་སློབ་གསོ་ཁྱོན་ཡོངས་ནས་འགན་ལེན་བྱུང་ཡོད། 2021ལོར་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད95.4%ཟིན་ནས2012ལོ་ལས་བརྒྱ་ཆའི་གྲངས་ཐིག3.6འཕར་བ་དང་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད་འཛམ་གླིང་གི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་དུ་བསླེབས་ཡོད། དེ་དང་ཆབས་ཅིག་སློབ་ལོ་རན་པ་ནས་ཞིབ་འཇུག་སློབ་མའི་སློབ་གསོའི་དུས་མཚམས་རེ་རེར་ཁྱབ་པའི་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དུ་གྱུར་པ་དང་། ལམ་ལུགས་ཐད་ནས་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་རྐྱེན་གྱིས་སློབ་མཚམས་བཞག་པའི་གནད་དོན་མི་འབྱུང་བར་འགན་ལེན་བྱས་པ་རེད། 2012ལོ་ནས2020ལོའི་བར་སློབ་མའི་རོགས་དངུལ་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་ལྔ་ཐེར་ཆེན་གཅིག་ཐེར་འབུམ་གཉིས་དུང་ཕྱུར་དྲུག་ལྷག་ཟིན་ནས་སློབ་མ་དུང་ཕྱུར་བརྒྱད་ལྷག་ལ་རོགས་དངུལ་སྤྲད་ཡོད།
སློབ་གསོ་སྔར་ལས་བཟང་ཞིང་སྤུས་ལེགས་ཡོང་ཆེད་འབད་བརྩོན་བྱས་པ།
རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། 2021ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་རྫོང་ཚང་མར་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་གཞི་རྩའི་དོ་སྙོམས་ལྟ་སྐུལ་མཛུབ་ཁྲིད་ཚོད་ལྟ་རྩིས་ལེན་བྱས་ཤིང་། དབུལ་ཕོངས་ས་ཁུལ་གྱི་འཛུགས་སྐྲུན་ལེགས་ཤོས་ནི་སློབ་གྲྭ་ཡིན་པ་དང་། 99.8%ཀྱི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་གཞི་རྩའི་བླང་བྱར་སླེབས་ཤིང་། སློབ་གྲྭ་འབྲིང་ཆུང་གི་དྲ་སྦྲེལ་ཐུབ་ཚད100%ཟིན་ནས་སློབ་གྲྭ་ཚང་མར་དྲ་སྦྲེལ་མངོན་འགྱུར་བྱུང་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་མང་བའི་འཛིན་གྲྭའི་བསྡུར་གྲངས0.71%བར་མར་ཆག་པ་དང་སློབ་མ་ཚད་ལས་བརྒལ་བའི་འཛིན་གྲྭའི་གྲངས་ཀ0.01%བར་མར་ཆག་ནས། གྲོང་གསེབ་ཏུ་སློབ་མ་ཉུང་བ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་སློབ་མ་མང་བ་སོགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཡོད།
མི་ཚང་མར་ཕུགས་མདུན་མངོན་འགྱུར་བྱེད་པའི་གོ་སྐབས་ཐོབ་ཆེད་འབད་བརྩོན་བྱས་པ།
མཐོ་རིམ་སློབ་གྲྭ་གཙོ་བོ་དག་གིས་གྲོང་གསེབ་དང་དབུལ་ཕོངས་ས་ཁུལ་ལ་ཕྱོགས་ནས་གནས་གཏན་འཁེལ་གྱི་སློབ་བསྡུའི་འཆར་གཞིའི་ཁྲོད། རིམ་རྩིས་བྱས་ན་སློབ་མ་འབུམ་བརྒྱད་ཁྲི་གཉིས་ལྷག་བསྡུ་ལེན་བྱས་ནས་སློབ་མ་དབུལ་པོ་བསྡུ་བའི་ཐབས་ལམ་རྒྱ་ཆེར་བཏང་ཡོད། 2013ལོ་ནས2020ལོའི་ལོ་མཇུག་བར། རིམ་རྩིས་བྱས་ན་ཡིག་ཚགས་དང་བྱང་བུ་བཟོས་པའི་སློབ་མ་དབུལ་པོ་ས་ཡ་ལྔ་འབུམ་གཅིག་ཁྲི་བཞི་ལྷག་གིས་མཐོ་རིམ་སློབ་གསོ་དང་ལེན་བྱེད་ཐུབ་པ་བྱུང་ནས། དབུལ་ཕོངས་ཁྱིམ་ཚང་ཁྲི་སྟོང་མང་པོར་སློབ་ཆེན་སློབ་མ་ཡོད་པ་མངོན་འགྱུར་བྱས་ཡོད། ལས་རིགས་སློབ་གླིང་གི་སློབ་མ70%ནི་གྲོང་གསེབ་ནས་ཡོང་བ་ཡིན་པས། ལས་རིགས་སློབ་གྲྭ་གཅིག་འཛུགས་པ་དང་། མི་གཅིག་ལས་ཞུགས་ཐུབ་པ། ཁྱིམ་ཚང་གཅིག་དབུལ་ཐར་ཐུབ་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད།
སྲིད་ཇུས་རེ་རེ་དང་གཞི་གྲངས་རེ་རེ་ནི་སློབ་གསོ་དྲང་གཞག་གི་ཉི་འོད་མེས་རྒྱལ་གྱི་ས་གཞི་ཆེ་མོར་འཕྲོས་པའི་མཚོན་རྟགས་ཤིག་ཡིན་ཞིང་། དེའི་རྒྱབ་ཏུ་ཁྱིམ་ཚང་རེ་རེའི་ལས་དབང་ལ་འགྱུར་ལྡོག་དང་བྱིས་པ་རེ་རེའི་འཛུམ་མདངས་ཀྱང་ཡོད།
སློབ་གསོ་དར་ན་རྒྱལ་ཁབ་དར། སློབ་གསོ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། མི་དམངས་ཡོངས་ལ་སློབ་གསོ་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་ཕན་ནུས་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སློབ་གསོ་དྲང་གཞག་ལ་བརྟེན་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་བྱས་ནས་སློབ་བུ་ཚང་མས་རང་ཉིད་ལ་ཡིད་ཆེས་དང་འབྱུང་འགྱུར་ལ་རེ་བ་ཆེན་པོ་བཅངས་བཞིན་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།