གཙང་བོའི་འགོ་ཁུངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བཞད།
2022.05.30 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 12


ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་གི་འབྲོག་པ་རྣམས་ཀྱིས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་བཞིན་པ།

མཚོ་སྔོན་དུ་མི་རིགས་བྱ་བ་ལེགས་པོ་མ་འཁྱོངས་ཚེ། སྤྱིའི་བཀོད་པ་ལེགས་འགྲུབ་ཡོང་དཀའ།

མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་པ་དང་། རྒྱལ་ཡོངས་མི་རིགས་བྱ་བའི་ཞིང་ཆེན་ཆེ་ཤོས་ཡིན། མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་འདི་མཚོ་སྔོན་དུ་དར་ནས་ལོ་རྒྱུས་རིང་བོ་འགོར་ཡོད་པས། སྲོལ་དེ་མི་རིགས་སོ་སོའི་མི་དམངས་ཀྱི་རུས་རྐང་དུ་འཐིམས་ཤིང་གཅེས་སྲོག་ལྟ་བུར་གྱུར་ཡོད། ལོ་ངོ་མང་པོའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་གཙིགས་སུ་བཟུང་སྟེ། མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་འཁྲིད་དེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱས་ཤིང་། མི་རིགས་སོ་སོའི་མང་ཚོགས་རྣམས་སེ་འབྲུ་བཞིན་གཅིག་ཏུ་དམ་པོར་སྦྲེལ་བ་དང་། འཆམ་ལ་བརྩེ་བའི་རོགས་རེས་ཀྱི་མཐུན་པའི་ཨ་ལོང་གཅིག་ཏུ་སྒྲིལ་ནས་འབད་འབུངས་ལྷོད་མེད་ཀྱིས་མཉམ་དུ་འཕེལ་རྒྱས་ལ་གཞོལ།

ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་དུ། མཚོ་སྔོན་གྱི་མི་རིགས་བྱ་བ་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་ཁྱོན་ཡོངས་དང་འབྲེལ་བ་ཡོད། ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་། ཏང་གི་མི་རིགས་སྲིད་ཇུས། ཏང་གི་ཆོས་ལུགས་སྲིད་ཇུས་ཀྱི་གཞི་རྩའི་བྱེད་ཕྱོགས་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་གནད་དུ་བཟུང་སྟེ། མི་རིགས་སོ་སོའི་མང་ཚོགས་ཀྱི་སྣེ་འཁྲིད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བར་སྙེག་དགོས་པའི་བླང་བྱ་གསལ་བོ་བཏོན།

ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཚོགས་ཆེན་དུ་ཞུགས་པའི་འཐུས་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་ཇེ་བཟང་དུ་གཏོང་བ། མི་རིགས་སོ་སོའི་དབར་གྱི་འབྲེལ་འདྲིས་བརྗེ་སྤེལ་ལ་ཡར་སྐུལ་བྱེད་པ། གསར་གཏོད་ཀྱི་ལམ་ནས“མི་རིགས་མཐུན་སྒྲིལ”མཉམ་འདྲེས་གོང་སྤེལ་བཅས་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་དུས་གཏན་དུ་བཞད་ཐུབ་དགོས་པའི་ཆོད་སེམས་བསྟན།

“མི་འབྲལ་བ་གསུམ”གྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་།

ད་ལྟའི་མཚོ་སྔོན་དུ་མི་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་མཛའ་བརྩེ་ལྡན་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་གིན་ཡོད།

དེ་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ས་ཡ་དྲུག་གི་ཐུན་མོང་གི་བསམ་འདུན་ཡིན་ལ། གཙང་པོའི་འགོ་ཁུངས་ཀྱི་ས་གཞི་ཆེན་མོའི་སྟེང་གི་མཚོན་ཚུལ་ངོ་མ་ཞིག་ཀྱང་རེད།

ཏང་གི་འཐུས་མི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཐུན་ཏེ་རྫོང་ཏང་ཨུའི་ཧྲུའུ་ཅི་ཏིན་རོས་དབྱི་ཡིས་བཤད་རྒྱུར། མི་རིགས་བྱ་བའི་ཁྱོན་ཡོངས་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་རྒྱུར་ངོས་འཛིན་ཟབ་མོ་ཡོད། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་རྫོང་ཡིན་པའི་ངོས་ནས། ཐུན་ཏེ་རྫོང་གིས་བསམ་པའི་དཔལ་ཡོན་ཅན་གྱི་ལས་ཁུངས་གསར་འཛུགས་དང་། རྫོང་རིམ་པའི་སྨྱན་བྱེད་མཉམ་འདྲེས་ལྟེ་གནས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་གྱི་བྱ་བ་ཏན་ཏིག་སྤེལ་ནས། ཏང་གིས་བསམ་བློའི་འདུ་ཤེས་བསྒྱུར་བའི་འགོ་ཁྲིད་ཀྱི་དབང་ཆར་དམ་འཛིན་ནན་མོ་བྱ་ངེས་ཡིན་ཟེར།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་སྡོད་དམངས་སྤྱི་ཆིངས་དང་སྡེ་སྲོལ་དམངས་ཆིངས། དགོན་པའི་སྒྲིག་སྲོལ་གྱི་དགེ་འདུན་ཆིངས་ཡིག་ནང་བཅུག་པ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་དེ་རིམ་པ་སོ་སོའི་དཔལ་ཡོན་ལས་ཁུངས་དང་། དཔལ་ཡོན་སྡེ་བ་དང་རུ་ཁག དཔལ་ཡོན་སློབ་གྲྭ དཔལ་ཡོན་དགོན་སྡེ་བཅས་དཔྱད་འདེམས་བྱེད་པའི་གཞི་འཛིན་ས་གཙོ་བོར་བརྩིས་ནས། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཁ་བྲལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོབ་སོགས་བྱ་བ་ཡོད་ཚད་ཀྱི་མདུན་དུ་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་ཡིན་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས། རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་ཆེད་རྣམ་པ་གསར་པ་རྒྱུན་མི་ཆད་པར་འདོན་སྤྲོད་བྱེད་དགོས།

ཏང་གི་འཐུས་མི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སྦྲ་སར་ཡུལ་ཚོའི་སྤོས་ཁྱིམ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རིག་ལྡན་གྱིས་བཤད་རྒྱུར། ཐོག་མཐའ་བར་གསུམ་དུ་བརྟན་བརླིང་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་བྱ་བ་གཙིགས་སུ་བཟུང་སྟེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་སྣེ་འཁྲིད་ཀྱི་མིག་དཔེ་སྟོན་པ་དང་། “མི་འབྲལ་བ་གསུམ”གྱི་དགོངས་དོན་རྩ་བར་བཟུང་ནས། སྡེ་བའི་ལས་བྱེད་མང་ཚོགས་དང་ལག་གདང་སྦྲེལ་ཏེ་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། འབྲོག་པ་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་ཀྱི་རང་རྟོགས་ཧུར་ཐག་གིས་ཇེ་མཐོར་གཏང་དགོས། གཞི་རིམ་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་གོ་རིམ་ཁྲོད། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་བཏང་སྟེ། ཏང་གི་མི་རིགས་སྲིད་ཇུས་གཞི་རིམ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་འབད་འབུངས་བྱ་ངེས་ཡིན་ཟེར།

“མི་རིགས་མཐུན་སྒྲིལ”གྱི་མཉམ་འདྲེས་འཕེལ་རྒྱས་ལ་ཡར་སྐུལ་བྱས།

འཕེལ་རྒྱས་ནི་ལས་འགན་དང་པོ་ཡིན། མི་རིགས་སོ་སོའི་མང་ཚོགས་ཐུན་མོང་གིས་སྤུས་ལེགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་གྱུར་ན། ད་གཟོད་མི་རིགས་མཐུན་སྒྲིལ་ལ་རྟེན་ས་ཡོད་ཅིང་། གསར་འཛུགས་གྲུབ་འབྲས་ཀྱི་རྒྱུན་མུ་མཐུད་ནས་སྤེལ་ཐུབ།

སྤུས་ཚད་མཐོན་པོས་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་། བྱེ་མ། གངས་འཁྱགས་བཅས་ཀྱི་མ་ལག་བཅོས་སྐྱོང་གི་དཔེ་སྟོན་རྫོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་རྒྱུད་བཟང་ནོར་གནག་གསོ་སྤེལ་རྟེན་གཞི་གལ་ཆེན་ཞིག་ཚད་གཞི་མཐོ་བའི་སྒོ་ནས་བསྐྲུན་ཏེ། ནུས་ཤུགས་ཡོད་རྒུས་དབུལ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བ་ཡག་པོ་བསྒྲུབས་ནས། སློབ་གསོ་དང་འཕྲོད་བསྟེན། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་དམངས་ཚིས་འགན་སྲུང་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ད་ལྟའི་ཐུན་ཏེ་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དམངས་ཚིས་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས།

ཏིན་རོས་དབྱི་ཡིས་བཤད་རྒྱུར། ཐུན་ཏེ་རྫོང་གིས་མི་རིགས་སོ་སོའི་མང་ཚོགས་རྣམས་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ལྡན་ལུད་རྫས་ཞིང་ལ་འཇོག་པ། ནོར་ལུག་བཤའ་བ། ལས་སྣོན། ཕྱིར་འཚོང་བཅས་མཉམ་འབྲེལ་གྱི་ཐོན་ལས་འབྲེལ་ཐག་དང་། འོད་གློག་དང་ཕྱུགས་ར། ཡུལ་སྐོར་མཉམ་འབྲེལ་གྱི་འཕེལ་རྒྱས་རྣམ་པའི་ཁྲོད་ཟབ་ཞུགས་བྱེད་པ་དང་། ལེགས་ཆ་ཁ་གསབ་དང་མཉམ་ལས་མཉམ་རྒྱལ་གྱི་གོ་རིམ་ཁྲོད། ཕན་ཁེ་མཉམ་སྤྱོད་ཀྱི་རྐྱེན་སྲོལ་བཙུགས་ནས། མི་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་བརྗེ་རེས་དང་མཉམ་འདྲེས་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཁྲོད་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་འཁོར་སྐྱོད་བེད་སྤྱོད་དང་ཐཱན་ཉུང་འཕར་སྣོན་གྱི་ཁ་ཕྱོགས་དང་། ཐུན་ཏེ་ཡི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ལྷད་མེད་ཐོན་ལས་མ་ལག་འཚོལ་ཞིབ་བྱས་ནས། རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏང་རྒྱུ་ཡིན་ཟེར།

སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པའི་མི་རིགས་བྱ་བའི་མགོ་རྩོམ་ས་དང་རྐང་འཛུགས་ས་བྱེད་པ་དང་། དེ་དང་འདྲ་བར་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་གསང་བའི་ལྡེ་མིག་ལྟ་བུ་ཞིག་རེད།

ཏང་གི་འཐུས་མི། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྟ་ཐང་རྫོང་ཨུའི་ཧྲུའུ་ཅི་ལིག་པོ་ཡིས་བཤད་རྒྱུར། རྟ་ཐང་རྫོང་གིས་སྐྱེ་ཁམས་ཡུལ་སྐོར་དང་ཁྱད་ལྡན་ཞིང་ཕྱུགས་ལས། མཐོ་སྒང་ཁམས་གསོ་སོགས་དམིགས་སུ་བཟུང་སྟེ། ཁྱད་ཆོས་ལྡན་པའི་ཐོན་ལས་དང་ཚོང་རྟགས་སྐོར་ཞིག་གསར་དུ་གཏོད་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཙུགས་ནས། རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་དང་ལྟེ་བའི་འགྲན་རྩོད་ཕྱོགས་ཡོངས་ནས་ཇེ་ཆེར་བཏང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གཞི་རིམ་ཏང་འཛུགས་སྐྲུན། གྲོང་གསེབ་དར་སྤེལ། དམངས་ཚིས་ལེགས་བཅོས་སོགས་ལ་དམ་པོར་སྦྲེལ་ནས། མི་རིགས་མཐུན་སྒྲིལ་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་བྱ་བའི་ཁྲོད། བོད་སྐད་མི་ཤེས་པའི་སྡེ་སྡོད་བྱ་བའི་རུ་ཁག་གིས་བྱ་བ་སྔར་ལས་ཡག་པོ་སྤེལ་ཆེད། རིག་ལྡན་གྱིས་རང་འགུལ་ངང་ལོ་ཙཱ་བྱས་པ་དང་། ཧྲུའུ་ཅི་དང་པོ་དང་མང་ཚོགས་བར་གྱི་འབྲེལ་གཏུག་མི་སྣ་གཙོ་བོར་གྱུར་ཏེ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་དཀའ་ངལ་སེལ་ཐབས་བྱས་ཡོད། སྤོས་ཁྱིམ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་སྣེ་ཁྲིད་པ་ཞིག་ཡིན་པའི་ངོས་ནས། ཁོ་རྫོང་དང་ཡུལ་ཚོ། སྡེ་བ་བཅས་སུ་བསྐྱོད་དེ་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་ཧུར་ཐག་བྱས་ནས། སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབད་འབུངས་ཆེན་པོས་ཕྱུག་འགྱུར་གྱི་ལམ་བུའི་སྟེང་བསྐྱོད་པ་རེད། འཐུས་མི་རིག་ལྡན་གྱིས་བཤད་རྒྱུར། སྡེ་བའི་ཐུན་མོང་དཔལ་འབྱོར་གོང་ནས་གོང་དུ་འཕེལ་བ་དང་བསྟུན་ནས། སྤོས་ཁྱིམ་སྡེ་བའི་སྡེ་མིའི་ཆ་སྙོམས་ཡོང་འབབ་སྒོར9000ལ་སླེབས་ཡོད། ལམ་འདིང་བ་དང་ཆུ་དོང་བརྐོ་བ་སོགས་སྡེ་བ་ཡོངས་ཀྱི་རོང་འབྲོག་པའི་བགྲོད་ལམ་དང་འཐུང་ཆུའི་གནད་དོན་ཐག་བཅད་ཅིང་། ཉེན་ཁང42བསྒྱུར་བཀོད་བྱས་པ་དང་། འཚོ་གནས་ཁོར་ཡུག་ཇེ་ཡག་ཏུ་བཏང་ནས་མང་ཚོགས་ཀྱི་ཁང་པའི་བདེ་འཇགས་འགན་སྲུང་ལེགས་པོ་ཐོབ་ཡོད། ད་ལྟ་སྡེ་བ་འཕེལ་རྒྱས་སུ་སོང་ནས་སྡེ་མི་རྣམས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་ལེགས་ཡིན་ཟེར།

“སེ་འབྲུ་བཞིན་འཆམ་པའི་ཁྱིམ་གཞིས”རྒྱ་བསྐྱེད་ལ་སྐུལ་འདེད་བཏང་།

མི་རིགས་སོ་སོའི་བར་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་ལ་སྐུལ་འདེད་བཏང་བ་དང་། དེ་ནི་མི་རིགས་མཐུན་སྒྲིལ་གྱི་མངོན་སྟངས་གསོན་ཉམས་ལྡན་པ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཀྱང་རེད།

ལིག་པའོ་ཡིས་བཤད་རྒྱུར། རྟ་ཐང་རྫོང་གིས་གཞོན་ནུ་ལོ་ཆུང་གི་མཉམ་འགུལ་བརྗེ་རེས་བྱ་འགུལ་ཧུར་ཐག་གིས་སྤེལ་ནས། མི་རིགས་སོ་སོའི་གཞོན་ནུ་ལོ་ཆུང་གི་བརྗེ་རེས་འཆར་གཞི་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཉམས་ལེན་རྣམ་པ་སོགས་ཀྱི་བྱ་ཐབས་ཐོག་ནས། མི་རིགས་སོ་སོའི་གཞོན་ནུ་ལོ་ཆུང་ཚོར་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིན་ཐང་གི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཆའོ་ཐིག་གྲོང་རྡལ་བརྒྱད་གཅིག་སྡེ་ཁུལ་སོགས་དཔེ་སྟོན་སྡེ་ཁུལ3ལ་ཟི་ལིང་གྲོང་ཁྱེར་གྱི་སྐོར་ཐོག་མའི“སྡེ་ཁུལ་གྱི་སེ་འབྲུ་ཁྱིམ་གཞིས”ཞེས་མིང་བཏགས་ནས། རྟ་ཐང་རྫོང་གིས“སེ་འབྲུ་ཁྱིམ་གཞིས”ཀྱི་ཞབས་ཞུའི་སྟེགས་བུ་བསྐྲུན་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་པར་རྩ་ཆེའི་ལག་ལེན་གྱི་ཉམས་མྱོང་བསགས་ཡོད། གོ་རིམ་རྗེས་མར་ང་ཚོས་ཐེངས་འདིའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལག་ལེན་བརྗེ་རེས་བྱ་འགུལ་ཤུགས་ཆེན་པོས་སྤེལ་བ་དང་། སྡེ་ཁུལ་དང་གྲོང་གསེབ། ལས་ཁུངས། ཁེ་ལས་སོགས་མཉམ་འབྲེལ་མཉམ་འཛུགས་བྱེད་པའི་རྣམ་པ་འཚོལ་ཞིབ་དང་ལག་བསྟར་བྱེད་པ་དང་། ‘སེ་འབྲུའི་ཁྱིམ་གཞིས’བསྐྲུན་རྒྱུ་དེ་གྲོང་གསེབ་ཏུ་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ཏེ་མི་རིགས་སོ་སོའི་མང་ཚོགས་ལ་ཐུན་མོང་གི་ཁྱིམ་གཞིས་བསྐྲུན་པའི་རྩ་དོན་དང་ཕུགས་རྒྱང་དེ་གང་ཡིན་ཞེ་ན། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ལ་འབད་དེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དར་སྤེལ་གཏོང་ཆེད་ཡིན་ལ། དེ་ནི་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་ཡིན།

ཏིན་རོས་དབྱི་ཡིས་བཤད་རྒྱུར། ཐུན་ཏེ་རྫོང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དར་སྤེལ་གྱི་བྱ་བའི་བླང་བྱ་དེ་རྫོང་ཡོངས་ཀྱི་ལོ་རྒྱུས་རིག་གནས་དྲིལ་སྒྲོག་གི་སློབ་གསོ་དང་། སྤྱི་པའི་རིག་གནས་སྒྲིག་ཆས་འཛུགས་སྐྲུན། རྫོང་ཁོངས་སུ་མཚོན་བྱེད་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན། ཡུལ་སྐོར་ལྗོངས་ཁུལ་གྱི་བཤམས་སྟོན་ཁང་སོགས་ཕྱོགས་སོ་སོ་དང་། རྨ་ཆུའི་འགག་རོང་གི་ཡུལ་སྐོར་ལྗོངས་ཁུལ་དང་རྫོང་རིའི་རིག་གནས་ཡུལ་སྐོར་ལྗོངས་ཁུལ། དེ་མིན་རྨ་བྱང་སྤྲེའུ་ཚང་བྲག་དམར་ཁྱད་ལྡན་གྲོང་རྡལ། མཚོ་ལྷོའི་ལྷོ་སྒོ་ཆེན་མོ་སོགས་བསྐྲུན་པའི་བྱ་བ་སོ་སོའི་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭའི་རིག་གནས་དང་ས་གནས་ཀྱི་མི་རིགས་རིག་གནས་ཀྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་བཅད་དེ། རིག་གནས་ཀྱི་མཚོན་བྱེད་དང་རིག་གནས་ཀྱི་གྲུབ་ཆ་སྔར་ལས་མང་པོ་གསར་དུ་བསྐྲུན་ནས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཁྲོད་བཟུང་བའི་རྨ་ཆུའི་རྫོང་རིའི་རིག་གནས་ཀྱི་གནས་བབ་ཇེ་བརྟན་དུ་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག མི་རིགས་མཐུན་སྒྲིལ་ཡར་ཐོན་མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་གྱོད་དཔེ་དང་སྔོན་ཐོན་མི་སྣ་འདེམས་པ་སོགས་ཀྱི་རྣམ་པ་བརྒྱུད་ནས། བསམ་བློའི་སློབ་གསོའི་ཁྲིད་སྟོན་མུ་མཐུད་ཇེ་ཟབ་ཏུ་གཏོང་བ་དང་། མི་རིགས་སོ་སོའི་ཕུགས་བསམ་དང་དད་སེམས། བརྩེ་དུང་། རིག་གནས་བཅས་ཐད་ཀྱི་མཐུན་སྒྲིལ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།