ཁོ་ཆུ་དང་དྭངས་ཆུ་ནི་ཆུ་ཐིགས་ཟགས་ནས་ཆུ་ཕྲན་དང་། ཆུ་ཕྲན་འདུས་ནས་ཆུ་བོར་གྱུར་ཅིང་ལྷུང་ལྷུང་འབབ་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་ལྟག་ཆུ་གསོ་གསོག་བྱས་ཤིང་། དྭངས་ལག་ས་ཆར་རྩི་བཅུད་སྩོལ་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ནས། འཛམ་གླིང་གི་སྣེ་གསུམ་པའི་སྐྱེ་ཁམས་ཏན་ཏིག་གིས་སྲུང་སྐྱོབ་བཟང་པོ་བྱེད་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བཞག་སྟེ། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་གལ་ཆེན་ལེགས་སྒྲུབ་བཅས་བྱེད་དགོས།
རྨ་ཆེན་རྫོང་དྭངས་ལག་ཡུལ་ཚོས་རང་འགུལ་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱས་པ་དང་། “དཀའ་སྡུག་ཆེ་རུང་དཀའ་ངལ་ལ་མི་སྐྲག་པ་དང་། དབྱང་དབུགས་དཀོན་རུང་སེམས་ཤུགས་མི་ཉམས་པའི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། ཡུལ་ཚོ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་དྭངས་ལག་ནས་འབད་འཐབ་བྱས་ཤིང་། འབྲོག་པ་མང་ཚོགས་ཀྱིས་སྐྱེ་ཁམས་ལ་བདག་སྐྱོང་དང་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བར་འབོད་སྐུལ་བཏང་སྟེ། ཏང་དང་མི་དམངས་ཡིད་ཚིམས་པ་དང་། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བའི་འཁོར་སྐྱོད་ཡག་པའི་རྒྱུགས་ལན་ཚད་ལྡན་སྤྲད།
དྭངས་ལག་བརྟན་སྲུང་བྱས་ཏེ། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་གལ་ཆེན་ལག་བསྟར་བྱས།
དྭངས་ལག་ཡུལ་ཚོའི་གནམ་གཤིས་འཁྱག་ལ་དབྱང་དབུགས་དཀོན་པ་དང་། མཚོ་འཕང་ཆ་སྙོམས་ཀྱིས་སྨི4320ཡན་ཡིན་སྟབས། ས་དེའི་རྨ་ཆུ་དྭངས་ཤིང་གཙང་ལ། དེའི་མགོ་ཁུངས་སུ་མིང་དུ་གྲགས་པའི་ཁོ་ཆུ་དང་དྭངས་ཆུ་སོགས་ཆུ་བོའི་བཞུར་རྒྱུན་ཡོད་པས། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་རང་བྱུང་མཛེས་ལྗོངས་ཡིད་དུ་འོང་།
རྨ་ཆེན་རྫོང་དྭངས་ལག་ཡུལ་ཚོ་ཁྲ་ཚོགས་འགབ་མ་སྡེ་བའི་སྡེ་མི་བསོད་རྒྱལ་གྱིས་བཤད་རྒྱུར། ད་ལྟ། ཡུལ་ཚོའི་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་། ལམ་གྱི་གཞོགས་གཉིས་སུ་གད་དར་ཡག་པོ་བྱས་འདུག སྔོན་ཆད། རླུང་གཡུག་ཚེ་སྲང་ལམ་ཧྲིལ་པོར་གད་སྙིགས་ཀྱིས་ཁྱབ་འགྲོ་ལ། མི་ཚང་མར་བསམ་འཆར་ཧ་ཅང་ཆེ་ཟེར།
ད་ལྟ། ཁོངས་ཡོངས་སུ་གད་སྙིགས་མེད་པའི་བྱ་བ་སྐུལ་སྤེལ་བྱས་པ་དང་བསྟུན་ནས། ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་བ་དང་། སྡོད་དམངས་ཀྱི་ཁོར་སྲུང་འདུ་ཤེས་ཇེ་ཆེར་སོང་ཁར། ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཆེད་དམིགས་བཅོས་སྐྱོང་བྱ་འགུལ་སྔར་ལས་ལྷག་པའི་སྒོ་ནས་གཏིང་ཟབ་ཏུ་སྤེལ་སྟབས། ཡུལ་ཚོ་ཡོངས་ཀྱི་གཞིས་སྡོད་ཁོར་ཡུག་ལ་ལེགས་བཅོས་ཐོབ་ཡོད།
བསམ་བློའི་ངོས་ཟིན་གཅིག་ཏུ་བསྐྱེད་དེ། རང་རྟོགས་ངང་ལས་དོན་སྒྲུབ་པ་ནི་ཁོར་ཡུག་བཅོས་སྐྱོང་བྱ་བ་སྐུལ་སྤེལ་བྱེད་པའི་རྩ་བའི་སྒུལ་ཤུགས་ཡིན། དྭངས་ལག་ཡུལ་ཚོས་སྐྱེ་ཁམས་ཁོར་སྲུང་དམ་འཛིན་བྱས་ཏེ། འགོ་ཁྲིད་ལས་བྱེད་དང་འབྲོག་པ་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་འགུལ་ཏན་ཏིག་ངང་སྐུལ་སྤེལ་བྱས་པས། ཡུལ་ཚོའི་ཁོར་ཡུག་དང་རྣམ་པར་སྔར་ལས་ལྷག་པའི་ལེགས་བཅོས་ཐོབ་ལ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་སྔར་ལས་ཇེ་བཟང་དུ་སོང་བ་དང་། མི་ཚང་མ་གཙང་སྦྲ་བྱེད་རྒྱུར་དགའ་ལ་ཁོར་སྲུང་བྱེད་ཤེས་པའི་རང་རྟོགས་ཀྱི་འདུ་ཤེས་བསྐྱེད་དེ། ཁོངས་ཡོངས་སུ་གད་སྙིགས་མེད་པའི་བཅོས་སྐྱོང་བྱ་འགུལ་ཏན་ཏིག་ངང་སྐུལ་སྤེལ་བྱས་ནས་རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་ཁོར་ཡུག་བསྐྲུན་ཡོད།
སྐྱེ་ཁམས་དོ་དམ་པ་དང་སྲུང་སྐྱོབ་པ་ནི་ཁོར་ཡུག་བཅོས་སྐྱོང་གི་གཙོ་ཤུགས་དམག་དཔུང་ཡིན་ལ། ལྷག་ཏུ་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་པ་ཡིན། འབྲོག་ཁྱིམ་དུ་སོང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་འགྲེལ་བཤད་གསལ་པོ་བྱེད་པ་དང་། རང་འགུལ་གྱིས་ཁོར་སྲུང་འདུ་ཤེས་དྲིལ་སྒྲོག་བྱེད་པའི་གཡུལ་ས་གསར་པ་བཟུང་སྟེ། རྒྱ་ཆེའི་མང་ཚོགས་ཀྱིས་ཡང་དག་པའི་སྒོ་ནས་གོ་བ་ལེན་པ་དང་། འབད་པ་ཆེན་པོས་གཞོགས་འདེགས་བྱེད་པ། རང་སྟེང་ནས་སྒྲུབ་པར་ཁྲིད་སྟོན་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་བྱེད་པར་མི་རེ་རེར་འགན་འཁྲི་ཡོད་པར་བྱས།
དེ་བཞིན་དུ་ཁོར་སྲུང་འདུ་ཤེས་སློབ་གྲྭ་དང་སློབ་ཁང་དུ་སྐྱོད་ཅིང་། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དུས་བཅད་ལྟར་བསམ་བློའི་ཆབ་སྲིད་ཀྱི་སློབ་ཚན་ལ་སློབ་སྦྱོང་དཔྱིས་ཕྱིན་བྱེད་པའི་སློབ་གསོ་སྤེལ་ཏེ། ན་ཆུང་བྱིས་པ་ཚོའི་སེམས་སུ་ཏང་གཅེས་དང་། རྒྱལ་གཅེས། ཕ་ཡུལ་ལ་དགའ་བ་དང་། ཁོར་ཡུག་ལ་དགའ་བའི་འདུ་ཤེས་སྐྱེས་སུ་བཅུག དེ་དང་ཆབས་ཅིག སློབ་གྲྭའི་ནང་དུ་རིགས་མི་འདྲ་བའི་ལག་ཤེས་བཟོ་པའི་འགྲན་བསྡུར་སྤེལ་ཏེ། བེད་མེད་དོར་བའི་རྒྱུ་ཆ་ལས་བསྐྱར་བཟོ་བྱས་པའི་སྤུས་ལེགས་མཛེས་རྒྱན་དང་། ཁོར་སྲུང་གྱོན་གོས་སོགས་རྣམ་པ་སྣ་ཚོགས་སུ་མཐོང་ལ། དེ་དག་ཐམས་ཅད་པོ་དགེ་རྒན་དང་བྱིས་པ་ཚོའི་ངོ་མཚར་བའི་བློ་བཀོད་ལས་བྱུང་བ་ཡིན་ལ། ཁོ་ཚོས་བེད་མེད་དོར་བའི་དངོས་པོ་ཆུང་ཆུང་དེ་རིགས་ཕན་མེད་ཕན་སྒྱུར་བྱས་པ་དང་། ལྷག་པར་དུ་དགེ་རྒན་ཚོས་སྣ་མང་ཕུན་སུམ་ཚོགས་པའི་ཁོར་སྲུང་སློབ་ཚན་ཁྲིད་དེ། ཁོར་སྲུང་འདུ་ཤེས་བྱིས་པ་ཚོའི་སེམས་སུ་འཇགས་སུ་བཅུག
སྐྱེ་ཁམས་ཁོར་སྲུང་ཚན་ཆུང་གི་ཚན་གཙོ་ཡིན་པའི་ཆ་ནས། ངས་འགུ་ཡ་སྡེ་བའི་སྐྱེ་ཁམས་ཁོར་སྲུང་གི་ཁོངས་མི་ཡོངས་ཀྱི་སྣེ་ཁྲིད་དེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་། སྡེ་བའི་ཁོར་ཡུག་དང་ཡུལ་ལྗོངས་ལེགས་བཅོས་བྱེད་པ། ཆུ་རྐ་ཆེད་དམིགས་གཙང་སེལ་བྱེད་པ་སོགས་ཀྱི་བྱ་བ་མཉམ་དུ་བསྒྲུབ་དགོས། འགུ་ཡ་སྡེ་བའི་སྐྱེ་ཁམས་ཁོར་སྲུང་ཚན་ཆུང་གི་ཚན་གཙོ་བསམ་བྷོས་བཤད་རྒྱུར། ད་ལྟ་ཉིན་རེར་མལ་ལས་ལངས་རྗེས། ཐོག་མར་རང་ཉིད་དང་རང་ཁྱིམ་གྱི་ཕྱི་ནང་ལ་གཙང་སྦྲ་བྱས་པ་དང་། དེ་ནས་གཞིས་སྡོད་ཁོར་ཡུག་གི་སྒོ་ར་བཅོས་སྐྱོང་ཧུར་ཐག་བྱས་པ་ཡིན། དབྱར་ཁ་སླེབས་པ་ན། སྒོ་རའི་ནང་དུ་རྡོ་རིལ་གཏོར་ནས་གམ་དུ་མེ་ཏོག་བཏབ་སྟེ། ཡིད་འོང་གི་ཞིང་སྡེའི་རི་མོ་ཞིག་གྲུབ་པར་བྱས་པ་ཡིན།
མང་ཚོགས་སྟེགས་བུར་བུད་དེ་གཙོ་འཁྲབ་པ་བྱས་པས། མང་ཚོགས་ཀྱིས་སྔོན་འགོག་དང་བཅོས་སྐྱོང་བྱས་པར་ཕན་འབྲས་ཐོན།
འབྲོག་ཁུལ་གྱི་གཞིས་སྡོད་ཁོར་ཡུག་ཐར་ཐོར་ཡིན་པ་དང་མང་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་རྙོག་འཛིང་ཡིན་པས། འབྲོག་ཁུལ་ཡོངས་སུ་གད་སྙིགས་མེད་པའི་བཅོས་སྐྱོང་བྱ་བ་སྤེལ་རྒྱུ་དེ་མི་ཉུང་ཤོས་ཀྱིས་ནུས་པ་ཞིག་མིན་པ་ཐག་གཅོད་བྱས་ཡོད། རྒྱ་ཆེའི་མང་ཚོགས་ཀྱི་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་བརྟེན་པ་དང་། ངེས་པར་དུ་མང་ཚོགས་སྟེགས་བུར་བུད་དེ། གཙོ་འཁྲབ་པ་བྱས་ན། ད་གཟོད་ཁོངས་ཡོངས་སུ་གད་སྙིགས་མེད་པའི་བྱ་འགུལ་གྱི་ཟློས་གར་ཆེན་མོ་འདི་ལེགས་པར་འཁྲབ་ཐུབ།
དེ་བས་དང་ཐོག་ཁོངས་ཡོངས་སུ་གད་སྙིགས་མེད་པའི་བཅོས་སྐྱོང་བྱ་འགུལ་སྤེལ་སྐབས། དྭངས་ལག་ཡུལ་ཚོས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་བཟོ་བཀོད་འདིའི་ཁྲོད་དུ་ཐོན་སྲིད་པའི་གཙོ་གཞིའི་ནུས་པར་ངོས་ཟིན་ཟབ་མོ་བྱུང་སྟེ། མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱས་ལ། མཛེས་པའི་ཁྱིམ་ཚང་དང་མཛེས་པའི་སྒོ་ར་སོགས་ཀྱི་གསར་འཛུགས་བྱ་འགུལ་སྤེལ་བ་དང་། མང་ཚོགས་ཀྱི་འདུ་ཤེས་བསྒྱུར་བར་ཤུགས་ཆེན་པོས་ཁྲིད་སྟོན་བྱས་ཏེ། ཁོངས་ཡོངས་སུ་གད་སྙིགས་མེད་པའི་བཅོས་སྐྱོང་བྱ་འགུལ་མིའི་སེམས་སུ་འཇགས་སུ་བཅུག་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་སྐབས་ཁྱད་མཚར་བའི་ནུས་ཤུགས་མངོན།
དེ་དང་ཆབས་ཅིག ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་། དྭངས་ལག་ལྷག་པར་ཡིད་དུ་འོང་བའི་དམིགས་འབེན་མངོན་འགྱུར་བྱས་ཏེ། མཐའ་ཟིན་པ་དང་། གཏིང་ལ་གཏུག་པ། མི་རེར་ལས་འགན་ཡོད་པའི་བྱ་བའི་སྐུལ་སྤེལ་རྐྱེན་སྲོལ་བཙུགས་ནས། ཡུལ་ཚོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཡུན་ཕན་ཅན་དང་རྒྱུན་རྣམ་ཅན། ཞིབ་ཕྲ་ཅན་དུ་སྐུལ་འདེད་གཏོང་དགོས། ཁོངས་ཡོངས་སུ་གད་སྙིགས་མེད་པའི་བྱ་འགུལ་གཞི་རིམ་དུའང་སྤེལ་ཏེ། སྡེ་བ་སོ་སོ་དང་ཆུ་རྐར་བཅོས་སྐྱོང་བྱེད་པ། ས་ཁོངས་ཡོངས་སུ་ཁེབས་པར་བྱས་ཏེ། ཁོར་ཡུག་བཅོས་སྐྱོང་བྱས་མེད་ས་དང་མི་མཐོང་ས། མངོན་མེད་ཉེན་ཁ་བཅས་ལྷག་མེད་པ་ཁག་ཐེག་བྱས། ཅན་བཅུའི་ཏང་འཛུགས་དང་། ཡུལ་ཚོ་དང་སྡེ་བའི་རིམ་གཉིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་ནི་ཁོངས་ཡོངས་སུ་གད་སྙིགས་མེད་པའི་བཅོས་སྐྱོང་བྱ་འགུལ་གྱི་རུ་འདྲེན་དུ་གྱུར།
རི་སྔོ་ཆུ་དྭངས་ཀྱིས་མཛེས་སྡུག་མངོན། གསེར་རི་དང་དངུལ་རི་ལ་རིན་ཐང་ལྡན། དྭངས་ལག་ཡུལ་ཚོའི་ཁོངས་ཡོངས་སུ་གད་སྙིགས་མེད་པའི་བཅོས་སྐྱོང་འགུལ་སྐྱོད་ཀྱིས་མང་ཚོགས་ཀྱི་འདུ་ཤེས་འགྱུར་དུ་བཅུག་ཡོད། ཁོར་ཡུག་གི་གཙང་སྦྲ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། དྭངས་ལག་གི་ནམ་མཁའ་སྔར་ལས་སྔོ་ཞིང་བསངས་ལ། ཆུ་བོ་སྔར་ལས་དྭངས། བགྲོད་ལམ་ལྷག་ཏུ་གཙང་། ཁོར་ཡུག་སྔར་ལས་མཛེས། མང་ཚོགས་ཀྱི་གདོང་གི་མཛུམ་མདངས་ཀྱང་ཇེ་མང་དང་མི་རྣམས་ཀྱི་སྐྱིད་སྣང་ཡང་ཇེ་ཆེ་རེད། འབྲོག་པ་མང་ཚོགས་ནི་སྔོན་ཆད་ཀྱི་རྩྭ་ཐང་བེད་སྤྱོད་མཁན་ནས་རྩྭ་ཐང་སྲུང་སྐྱོབ་བྱེད་མཁན་དུ་བསྒྱུར་ནས། གནོད་མེད་ཀྱི་འཚོ་ཚིས་སྐྱོང་ཞིང་། སྐྱེ་ཁམས་དང་ཐོན་སྐྱེད་འཚོ་བ་མཉམ་འགུལ་མཉམ་འདྲེས་ངང་འཕེལ་རྒྱས་འབྱུང་བའི་ལམ་དུ་སོང་སྟེ། ལྗང་མདོག་མཐོ་སྒང་གི་ཕུགས་བསམ་དང་བདེ་སྐྱིད་ཀྱི་རེ་བ་གོམ་པ་རེ་རེ་བཞིན་མངོན་འགྱུར་བྱུང་དུ་བཅུག
ཁོར་ཡུག་ལེགས་པོ་ནི་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་དང་། ཆེས་ཀུན་ཕན་གྱི་དམངས་ཚིས་གཟིགས་སྐྱོང་ཡིན། དྭངས་ལག་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་གཉིས་མཐུན་སྦྱོར་གཅིག་གྱུར་བྱས་ཏེ། འབྲོག་པ་མང་ཚོགས་ཡོང་འཕར་ཕྱུག་འགྱུར་དང་ལས་སྒྱུར་ལས་ཞུགས། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་ཟུང་འབྲེལ་བྱས་ཤིང་། ལྷག་པར་དུ་སྐྱེ་ཁམས་དོ་དམ་པ་དང་སྲུང་སྐྱོབ་པའི་སྤྱི་ཕན་ལས་རྐང་བཙུགས་ཏེ། འབྲོག་པ་མང་ཚོགས་ལ་སྔར་ལས་ཀྱང་བཅོས་བསྒྱུར་གྱི་ཁེ་བཟང་རེག་ཏུ་བཅུག་ཅིང་། ཁོ་ཚོ་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་པའི་བརྩོན་སེམས་དང་རང་རྟོགས་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས།
དྭངས་ལག་ཡུལ་ཚོའི་ས་ནག་ཏུ་འགྱུར་ཚད་ཤིན་ཏུ་ཚབས་ཆེ་ཞིང་། དུས་བཞིར་ནམ་ཟླ་འཁྱག་ལ་དབྱང་དབུགས་དཀོན་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་སླ་བའི་ཁར། སྐྱེ་ཁམས་ཀྱི་གོ་གནས་ཤིན་ཏུ་གལ་ཆེ་བའི་དབང་གིས་སྐྱེ་ཁམས་དོ་དམ་པ་དང་སྲུང་སྐྱོབ་པ་ལོ་རེར་ཇེ་མང་རེད། ད་ལྟ། ནགས་སྲུང་དང་རྩྭ་སྲུང་། བརླན་ས་སྲུང་མཁན་བསྡོམས་པས་མི276ཡོད་པ་དང་། གཞི་རྩའི་སྟེང་ཆ་སྙོམས་ཀྱིས་ཁྱིམ་ཚང་རེས་ལས་རྐང་གཅིག་ཟིན་ཡོད་པས། དེ་ནི་དབུལ་ཁྱིམ་གྱི་ཡོང་སྒོ་གལ་ཆེན་ཞིག་ཏུའང་གྱུར་ཡོད།
རྡོ་བྷེ་ནི་མཚན་སྙན་ཅུང་ཙམ་རྒྱས་ཡོད་པའི་སྐྱེ་ཁམས་དོ་དམ་པ་དང་སྲུང་སྐྱོབ་པ་ཞིག་རེད། དྭངས་ལག་གི་ཡུལ་གྲུ་གང་དུའང་ཁོ་མཐོང་ཐུབ། ཁོ་མིང་དུ་གྲགས་དོན་ནི། ཁོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྩོན་སེམས་ནི་གཞན་སུ་ལས་ཀྱང་ཆེ་བས་ཡིན་པ་དང་། ཁོ་ནི་དྭངས་ལག་གི་སྐྱེ་ཁམས་ཁོར་སྲུང་བའི་ཁྲོད་ཀྱི་མིག་དཔེ་དང་། འབྲོག་པའི་སེམས་ཁོང་གི་གཞིས་ཁྱིམ་ལྟ་རྟོག་པ་ཡིན།
སྐྱེ་ཁམས་དོ་དམ་པ་དང་སྲུང་སྐྱོབ་པ་ཞིག་ཡིན་པའི་ཆ་ནས། ང་ལ་ང་ཚོའི་མི་རབས་ནས་མི་རབས་བར་འཚོ་བ་རོལ་བའི་གཞིས་ཁྱིམ་ལ་སྲུང་སྐྱོབ་ལེགས་པོ་བྱེད་པའི་ལས་འགན་ཡོད་ཅིང་། ངས་ང་ཚོའི་མི་རབས་རྗེས་མ་དང་དེའི་རྗེས་མའི་རྗེས་མར་ཡིད་འོང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན། བྱ་བ་འདི་དོན་སྙིང་མེད་ལ་དཀའ་ཚེགས་ཆེ་བའི་ཚོར་བ་ཞིག་ང་ལ་ནང་ཡང་སྐྱེས་མ་མྱོང་། འདི་ནི་ངའི་ལས་དོན་ཡིན་ལ་ངའི་ལས་འགན་ཡང་ཡིན།
ང་ནི་འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་དོ་དམ་པ་དང་སྲུང་སྐྱོབ་པ་ཡིན། ངས་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་རྐང་ནས་ས་སྲུང་སོ་ལྟ་བྱེད་རྒྱུ་ཡིན། རི་སྔོ་ཆུ་དྭངས་དང་རླབས་ཆེན་མེས་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ཡིན།
འདི་ནི་ང་ཚོའི་མི་རབས་ནས་མི་རབས་བར་གྱི་གཞིས་ཁྱིམ་ཡིན། ཕ་ཡུལ་འཛུགས་སྐྲུན་གྱི་ཆེད་དུ་རང་གི་ནུས་ཤུགས་ཕྲན་བུ་འབུལ་རྒྱུ་ནི་ང་ཚོ་མི་རེ་རེའི་ལས་འགན་ཡིན།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།