རིན་ཆེན་སྒྲོལ་དཀར་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ནུབ་མཚོ་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་ཞིག་རེད། ཉེ་བའི་ལོ་ལྔའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་གསོའི་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སློབ་གསོའི་སྤུས་ཚད་དང་སློབ་གསོའི་དོ་དམ་དང་ཞབས་ཞུའི་ཆུ་ཚད་གོམ་གང་མདུན་སྤོས་སྒོས་ལེགས་སྒྱུར་བཅས་བྱས་ནས། མང་ཚོགས་ཀྱི་སློབ་གསོའི་ཐད་ཀྱི་ཡིད་ཚིམ་ཚད་སྔར་ལས་མཐོར་འདེགས་བཏང་ཡོད་པ་མོས་དངོས་སུ་མིག་གིས་མཐོང་ཡོད།
2009ལོར། རིན་ཆེན་སྒྲོལ་དཀར་ནུབ་མཚོ་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་གྲྭ་རུ་དགེ་རྒན་བྱེད་དུ་ཡོང་། སྐབས་དེར་སློབ་གྲྭའི་ནང་དུ་སློབ་ཁྲིད་ཐོག་ཁང་གཉིས་མ་གཏོགས་མེད་ལ། དེ་དུས་ཟ་ཁང་ད་དུང་ཁང་ལེབ་ཡིན་པ་དང་སློབ་གྲྭའི་ར་སྐོར་ནང་གི་ས་སྟོང་དག་ནི་སློབ་མ་ཚོས་སློབ་གསེང་གི་སྐབས་སུ་སྦྱོང་བརྡར་བྱེད་ས་རེད། འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་བ་དང་བསྟུན་ནས། རང་ཞིང་གིས་ཐོན་ཁུངས་སྔར་ལས་མང་པོ་སྤྱད་ནས་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པས། ཐོག་ཁང་གསར་དུ་བསྐྲུན་ཏེ་སློབ་མ་རྣམས་ལ་ཟ་ཁང་དང་མལ་ཁང་འཛུགས་སྐྲུན་བྱས་ཤིང་། སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་བཏང་སྟེ། སློབ་མ་རྣམས་ལ་ཅུང་ལྷོད་བག་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་ཡོད་པར་གྱུར།
ལོ་འདི་དག་ལ་སློབ་གྲྭའི་རྩལ་སྦྱོང་ར་བའི་རྒྱུག་ལམ་དེ་ཅུང་རྙིང་པར་གྱུར་པས། ད་ལོ་རྫོང་སློབ་གསོ་ཅུའུ་ཡིས་མ་དངུལ་བཏང་སྟེ་རྩལ་སྦྱོང་ར་བ་བསྐྱར་སྐྲུན་བྱེད་རྩིས་ཡོད་ལ། སློབ་མ་རྣམས་ཀྱིས་རྩལ་སྦྱོང་ར་བ་གསར་པར་རེ་སྒུག་བྱེད་བཞིན་འདུག གླེང་རིན་ཡོད་པ་ཞིག་ནི་སློབ་གྲྭའི་ལུས་རྩལ་ཁང་ཡིན་ཏེ། ཁ་ཆར་འཚུབ་པའི་ནམ་ཟླ་དང་འཕྲད་ཚེ་སློབ་མ་རྣམས་ཀྱིས་ཁང་པའི་ནང་ནས་ལུས་རྩལ་སློབ་ཐུན་འཚོགས་ཆོག་པ་དང་། ཚོགས་པའི་སྤྲོ་སྣང་སློབ་ཁྲིད་ཁ་ཤས་ཡོད་པ་དེ་དག་ཀྱང་འདི་རུ་འཚོགས་ཆོག་པ་ཡིན།
ཡིག་གཟུགས་དང་། ཀོ་བརྐོས། བྱེ་མའི་རི་མོ་སོགས། ལོ་འདི་དག་གི་རིང་ལ་ཞིང་སྡེའི་ན་ཆུང་གླིང་སོགས་ལས་གཞི་འཛུགས་སྐྲུན་བྱས་པ་བརྒྱུད་དེ། སློབ་གྲྭའི་བསླབ་ཕྱིའི་ཚོགས་པའི་བྱ་འགུལ་ཡང་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་། བྱིས་པ་རེ་རེར་རང་ཉིད་སྤྲོ་བ་ཡོད་པའི་སྤྲོ་སྣང་སློབ་ཁྲིད་རེ་ཡོད་པར་གྱུར་པས། ནུས་རྩལ་རེ་ཟུང་ཐོབ་པའི་བྱིས་པ་རྣམས་སློབ་སྦྱོང་གི་ཐད་ལ་རང་རྟོགས་ཅན་དུ་གྱུར་ཅིང་། རང་རྟོན་གྱི་བསམ་པའང་ཇེ་ཡོད་དུ་གྱུར་ཡོད། ནང་སྒོས་སུ་ཉེ་བའི་ལོ་ལྔའི་རིང་ལ། ནུབ་མཚོ་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་གྲྭའི་འཇུ་རེས་ཚོགས་པ་ཡིས་འཇུ་རེས་བ་ཕུལ་བྱུང་ཅན་མང་པོ་ཞིག་ཀྱང་གསོ་སྐྱོང་བྱས་ཡོད།
ད་ལོར་ལོ་རིམ་བཞི་པ་ཡིན་པའི་རྟ་མགྲིན་ཚེ་རིང་གིས་ལོ་རིམ་གཉིས་པ་ནས་བཟུང་འཇུ་རེས་བྱེད་པར་སློབ་སྦྱོང་བྱས་པ་དང་། 2020ལོ་ནས་ད་བར་དུ། བསྟུད་མར་བོད་ལུགས་འཇུ་རེས་ཀྱི་སྤྱི་རྒྱ་སུམ་ཅུ་ཅན་གྱི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་དང་། སྤྱི་རྒྱ་སོ་ལྔ་ཅན་གྱི་ཀྲུང་གོའི་འཇུ་རེས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོའི་གྲུབ་འབྲས་བླངས་པས། སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ཁོ་རང་གཟི་བརྗིད་དུ་རློམ་ཡོད།
འཇུ་རེས་ཚོགས་པར་ཞུགས་རྗེས། རྟ་མགྲིན་ཚེ་རིང་ནི་ཁ་མི་གྲག་པའི་བྱིས་པ་ཞིག་ནས་རང་རྟོན་ཡོད་ཅིང་སྤྱང་གྲུང་ལྡན་པར་གྱུར་པས་དགེ་སློབ་ཚོའི་མིག་ནང་གི“སྐར་ཆེན་ཆུང་ཆུང”དུ་གྱུར་ཡོད། ཧའེ་ཡན་ལ་གནའ་ནས་བཟུང་འཇུ་རེས་ཀྱི་སྲོལ་རྒྱུན་ཡོད་ཅིང་། བྱིས་པ་རྣམས་ཀྱིས་འཇུ་རེས་སྦྱོང་བར་སྐུལ་ལྕག་གཏོང་བའི་ཕྱིར་དུ་སློབ་གྲྭས་ཆེད་ལས་ཀྱི་འཇུ་རྩལ་དགེ་རྒན་ཞིག་གདན་འདྲེན་བྱས་ཏེ། བྱིས་པ་ཚོར་སློབ་ཁྲིད་བྱེད་དུ་བཅུག་པས་ཕན་འབྲས་ཤིན་ཏུ་བཟང་པོ་བྱུང་ཡོད།
ལོ་འདི་དག་གི་རིང་ལ། སློབ་གྲྭས་སློབ་མ་རྣམས་ལུས་རྩལ་སྦྱོང་བརྡར་གྱི་བྱ་འགུལ་ཁྲོད་ཞུགས་པར་ཧུར་ཐག་གིས་ཁྲིད་སྟོན་བྱས་ཤིང་། ལུས་རྩལ་སྦྱོང་བརྡར་གྱི་ནུས་རྩལ་ཁྲིད་པ་དང་། ལུས་སྟོབས་བསྐྱེད་ཅིང་བློ་སྤོབས་སྦྱོང་བརྡར་བྱས་ཏེ། ལུས་རྩལ་འཇོན་མི་གསར་རྙེད་དང་གསོ་སྐྱོང་བྱས་ནས། སློབ་མའི་ལུས་སེམས་སྐྱོན་བྲལ་ངང་བདེ་ཐང་འབྱུང་བ་དང་། ལུས་རྩལ་སྦྱོང་བརྡར་གྱི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་བཞིན་ཡོད།
མིག་སྔར། སློབ་གྲྭར“མཚོ་སྔོན་ཞིང་ཆེན་ལུས་རྩལ་རྗེས་གྲབས་འཇོན་མིའི་སྦྱོང་བརྡར་རྟེན་གཞི”ཞེས་པའི་སྒོ་བྱང་བཀལ་ཡོད་ལ། སྔ་ཕྱིར་རྒྱལ་ཁབ་ལ་ཕུལ་དུ་བྱུང་བའི་ལུས་རྩལ་ཁྱད་ནུས་ཅན་གྱི་སློབ་མ་སྐོར་ཞིག་གསོ་སྐྱོང་བྱས་ཡོད་ཅིང་། དེའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་ལུས་རྩལ་འཇོན་ནུས་ཅན་གྱི་འཇུ་རེས་ལུས་རྩལ་པ་བཅུ་གཅིག་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པ་ཉེར་གསུམ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ལུས་རྩལ་པ་གོ་གསུམ་བཅས་འདུས་ཡོད།
རིན་ཆེན་སྒྲོལ་དཀར་གྱིས་མུ་མཐུད་དུ་བཤད་རྒྱུར། ལོ་ལྔ་བོ་འདིའི་རིང་ལ། ང་ཚོས་དགེ་རྒན་དང་སློབ་མའི་བར་དུ་ད་ལྟའི་བར“གཅིག་ལ་གཅིག་གཏད”ཀྱི་རོགས་སྐྱོར་རྒྱུན་འཁྱོངས་བྱེད་བཞིན་ཡོད་དེ། འཚོ་བ་དང་སློབ་སྦྱོང་། སེམས་ཁམས་སོགས་ཀྱི་ཐད་ནས་སློབ་མ་རྣམས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཀྱིན་ཡོད། ད་ལོར་ངས་རོགས་སྐྱོར་བྱེད་ཀྱིན་པའི་སློབ་མ་ནི་ཏིང་འཛིན་སྒྲོལ་མ་ཡིན་ལ། མོའི་ཨ་ཕ་རླངས་འཁོར་དོན་རྐྱེན་ལས་ཚེ་ལས་འདས་པ་ནས་ཁྱིམ་གྱི་འགན་ཁུར་ཡོད་ཚད་ཨ་མའི་ཕྲག་སྟེང་དུ་ལྷུང་བས། མོས་སློབ་གཡོལ་བྱས་ཏེ་ཨ་མར་ཁྱིམ་དོན་གྱི་ཁག་འཁུར་ལེན་རོགས་བྱེད་འདོད་ཀྱིན་འདུག
གནས་ཚུལ་དེ་ཤེས་མ་ཐག་ཏུ། ངས་རོགས་སྐྱོར་བྱེད་ཐབས་གསར་པ་ཞིག་བཟོས་པ་ཡིན་ཏེ། ངལ་གསོའི་དུས་སྐབས་སུ། ང་རང་ཏིང་འཛིན་སྒྲོལ་མའི་ཁྱིམ་དུ་སོང་ནས་མོར་གསབ་ཁྲིད་བྱས་པ་ཡིན་ལ། འཚོ་བའི་ཐད་ནས་ཀྱང་ཅི་ནུས་སྒོས་མོ་ལ་རོགས་རམ་བྱས་པས། རིམ་གྱིས་མོས་ང་ལ་སེམས་གཏམ་ཁ་ཤས་བཤད་སོང་། ང་ཚོའི་སློབ་གྲྭའི་དགེ་རྒན་དག་གི་ཐུན་མོང་རོགས་སྐྱོར་འོག་ཏུ་ཏིང་འཛིན་སྒྲོལ་མ་གཞི་ནས་ཕྱིར་སློབ་གྲྭར་ལོག་ཡོད་ཅིང་། ད་ལྟ་འཛིན་གྲྭའི་ནང་གི་འཛིན་དཔོན་ཡིན། “སང་ལོར་ངས་གཙང་གསུམ་མི་རིགས་སློབ་འབྲིང་དུ་རྒྱུགས་འཕྲོད་ཐུབ་པའི་རེ་བ་བཅངས་ཡོད།”དེ་ནི་ཏིང་འཛིན་སྒྲོལ་མའི་རེ་འདུན་གསར་པ་རེད།
ན་ནིང་ནས་བཟུང་སྟེ། སློབ་མའི་ལུས་ཟུངས་གསོ་བའི་ཟས་རིགས་ཀྱི་རིན་པ་དེ་སྒོར་བཞི་ཡིན་པ་ནས་ད་ལྟ་སྒོར་ལྔ་རུ་འཕར་ཡོད་པས། སློབ་མ་རྣམས་ཀྱིས་སིལ་སྐམ་སོགས་སིལ་ཏོག་རིགས་སྣ་ཚོགས་བཟའ་ཐུབ་པ་བྱུང་ཡོད་ལ། ཁྱིམ་བདག་རྣམས་ཀྱིས་བཤད་རྒྱུར། བྱིས་པ་རྣམས་ཀྱི་སློབ་གྲྭའི་ནང་གི་འཚོ་བ་ནི་རང་ཁྱིམ་གྱི་འཚོ་བ་ལས་ཀྱང་བཟང་བས། བྱིས་པ་རྣམས་སློབ་གྲྭར་བསྐྱལ་ན་ཁོ་ཚོའི་སེམས་ཧ་ཅང་བདེ་ཟེར།
བྱིས་པ་རྣམས་ལ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཞིག་ཆགས་སུ་འཇུག་ཆེད་དུ། ད་ལོར་ང་ཚོས་ཁྲུས་ཁང་ཞིག་འཛུགས་སྐྲུན་བྱེད་རྩིས་ཡོད་ལ། དེ་ལྟར་བྱས་ན་རྗེས་མར་འབྲོག་ཁུལ་དུ་སྡོད་པའི་བྱིས་པ་རྣམས་ཀྱིས་ཀྱང་གཟའ་འཁོར་རེར་ཕྱིར་སློབ་གྲྭར་ལོག་རྗེས། སློབ་གྲྭའི་ནང་ནས་ལུས་པོ་བཀྲུས་ཆོག་པས། དོན་འདི་ལ་བྱིས་པ་རྣམས་ཀྱང་དགའ་སྤྲོས་བརྟས་འདུག
སློབ་གྲྭ་ནི་བླ་སྲོག་སྐྱོང་ས་དང་གཤིས་བཟང་སྐྲུན་སའི་གནས་ཤིག་ཡིན། ལོ་ལྔ་བོ་འདིའི་རིང་ལ། ངས་ཉེ་འཁོར་གྱི་སློབ་གྲྭའི་འགྱུར་ལྡོག་མིག་གིས་འཚོས་ཤིང་། བྱིས་པ་རྣམས་འཚར་ལོངས་བྱུང་ནས་རེ་རེ་བཞིན་སློབ་གླིང་འདི་དང་གྱེས་ཏེ་འགྲོ་བ་མཐོང་བ་ན་སེམས་པ་དགའ་སྤྲོས་ཁེངས་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།