མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་གྲུབ་མཐའ་སྣ་མང་མཉམ་འདུས་བྱས་ཡོད་པའི་ས་ཁུལ་ཞིག་ཡིན་པ་དང་། གནས་དེ་ནི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་བསྡུར་ཚད་ཆེས་མཐོ་ལ་མི་རིགས་རང་སྐྱོང་ས་ཁུལ་གྱི་ས་རྒྱ་ཧ་ཅང་ཆེ་བའི་ཞིང་ཆེན་ཞིག་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་མི་རིགས་བྱ་བའི་ཞིང་ཆེན་ཆེན་པོ་ཞིག་རེད།
ཡུལ་འདིའི་རིགས་སོ་སོའི་མི་རིགས་ཀྱིས་མཚོ་སྔོན་དུ་མི་རིགས་བྱ་བར་བསམ་བློ་མ་བཏང་ཚེ་ཆེ་ཕྱོགས་ལ་བསམ་བློ་གཏོང་མི་ཐུབ་པའི་འདུ་ཤེས་ཡིད་ལ་བརྟན་པོར་བཅངས་ནས། རིགས་སོ་སོའི་མི་རིགས་ཀྱིས་རང་གི་མིག་ཟུང་ལ་གཅེས་སྤྲས་བྱེད་པ་ནང་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་བཞིན། སེ་འབྲུ་དང་འདྲ་བར་ཕྱོགས་གཅིག་ཏུ་དམ་པོར་འབྲེལ་ནས་ལག་རྡང་མཉམ་སྦྲེལ་གྱིས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་གྱི་མཛེས་པའི་རི་མོ་འབྲི་བཞིན་ཡོད།
རིགས་སོ་སོའི་མི་རིགས་བར་འགྲོ་འོང་དང་བརྗེ་རེས།མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་།
ཐག་རིང་གི་གཉེན་ཉེ་ལས་ཐག་ཉེའི་ཁྱིམ་མཚེས་དགའ་ཟེར་བའི་དཔེ་དེ་ད་ཐེངས་ངས་དངོས་གནས་ཚོར་བྱུང་། ཅ་ཕེན་ནི་ངའི་ནུ་མོ་ངོ་མ་དང་མཚུངས་ཞེས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཏུང་ཧྥུའུ་ཅ་ཧི་སྡོད་ཁུལ་དུ་ཡོད་པའི་ལིས་ཧྭ་ཡིས་བཤད་བྱུང་། མོ་ལ་གཤག་བཅོས་བྱས་ཡོད་པའི་རྐྱེན་ཀྱིས་འཚོ་བ་སྟབས་མི་བདེ་བ་དང་། མོའི་ཁྱིམ་མཚེས་ཅ་ཕེན་གྱིས་གནས་ཚུལ་དེ་ཤེས་རྗེས་རང་འགུལ་ངང་མོ་ལ་ལྟ་རྟོག་བྱས་ནས། བཟའ་བཏུང་སྐྱེལ་བ་དང་ཁྱིམ་དུ་གཙང་སྦྲ་བྱེད་པ་སོགས་རོགས་རམ་བྱས་པས་ཅ་ཕེན་གྱི་བྱ་སྤྱོད་དེས་ལིས་ཧྭ་ལ་སེམས་འགུལ་ཆེན་པོ་ཐེབས།
ང་ཚོའི་སྡེ་ཁུལ་དུ་རིགས་སོ་སོའི་མི་རིགས་བར་ཕན་ཚུན་བརྩེ་བ་ཟབ་མོ་ཡོད་ཅིང་ཕན་ཚུན་བར་མཉམ་ལས་རོགས་རེས་བྱས་པའི་ཡིད་དུ་འོངས་པའི་གཏམ་རྒྱུད་ཀྱང་བགྲང་ལས་འདས་པ་ཞིག་ཡོད།
སྡེ་ཁུལ་གྱི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ལ་བརྟེན་ནས། ང་ཚོས་དུས་ཆེན་སོགས་ཀྱི་བྱ་འགུལ་གོ་སྐབས་སུ་བཟུང་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། མང་ཚོགས་ཀྱི་སྤྱི་ཕན་རིག་རྩལ་བྱ་འགུལ་ལ་བརྟེན་ནས་མི་རིགས་ཕན་ཚུན་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་བཏང་ནས། ཁ་འབྲལ་ཐབས་མེད་པ་གསུམ་གྱི་འདུ་ཤེས་དེ་མི་རེ་རེའི་སེམས་སུ་ཟུག་པར་བྱས། དེ་མིན་ཞབས་བྲོ་རུ་ཁག་དང་སྐོར་བྲོ་རུ་ཁག་སོགས་རིག་རྩལ་ཚོགས་པ་ཆུང་བ་མང་པོ་རྩ་འཛུགས་བྱས་ནས་མི་རིགས་སོ་སོས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་འཁྲབ་སྟོན་བྱས་ཏེ། སྡེ་ཁུལ་ཡོངས་ཀྱི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་པ་ཡིན་ཞེས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཏུང་ཞིན་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཧྥུན་ཞའོ་ཞ་ཡིས་བཤད།
གྲོང་ཁྱེར་གྱི་སྡེ་ཁུལ་ནི་རིགས་སོ་སོའི་མང་ཚོགས་ཀྱི་ཁྱིམ་གཞིས་ཡིན་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་གནས་གཙོ་བོ་ཞིག་ཀྱང་ཡིན། གྲོང་ཁྱེར་གྱི་མི་རིགས་བྱ་བར་ཤུགས་སྣོན་རྒྱག་པའི་ཐད་ང་ཚོས“སྡེ་ཁུལ་གྱི་སེ་འབྲུ་ཁྱིམ་གཞིས”འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལས་འཛིན་ལྷན་ཚོགས་འཛུགས་པ།“སྡེ་ཁུལ་གྱི་མི་རིགས་ཁྱིམ་གཞིས”འཛུགས་པ་སོགས་ཀྱི་ཞབས་ཞུའི་སྟེགས་བུ་བཙུགས་ནས། མི་རིགས་སོ་སོས་ཐུན་མོང་གིས་སློབ་སྦྱོང་དང་ཐུན་མོང་གིས་ལས་ཀ་ལས་པ། ཐུན་མོང་གིས་སྤྲོ་སྐྱིད་གཏོང་རྒྱུར་སྐུལ་མ་དང་ཁྲིད་སྟོན་བྱས་ཏེ། ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་ཀྱི་སྒྲིག་གཞི་ཞིག་དང་སྡེ་ཁུལ་གྱི་ཁོར་ཡུག་ཅིག་གྲུབ་པར་ཡར་སྐུལ་བྱས་ནས། མི་རིགས་སོ་སོས་རྒྱ་ཁྱབ་ངང་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་རྒྱུར་སྐུལ་མ་བཏང་།
རིགས་སོ་སོའི་མང་ཚོགས་ཀྱིས་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་པ།
ཏང་གི་སྲིད་ཇུས་བཟང་པོ་ཡོད་ཚེ་གཞི་ནས་ང་ཚོའི་ད་ལྟའི་འཚོ་བ་ཡག་པོ་ཡོང་ཐུབ་ཅེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོ་མདའ་བཞི་སྡེ་བའི་སྡེ་མི་མཁའ་བྷོས་བཤད། ཏང་གི་དམངས་ཕན་སྲིད་ཇུས་བཟང་པོའི་འོག མདའ་བཞི་སྡེ་བས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གཉིས་བཙུགས་ནས་ཕྱུགས་ཟོག་གསོ་སྤེལ་བྱེད་བཞིན་ཡོད་པ་དང་། ད་ལྟ་སྡེ་མི་རྣམས་ཀྱི་མི་རེའི་ལོ་གཅིག་གི་ཡོང་འབབ་དེ་སྒོར་མོ་ཁྲི་གཅིག་དང་སྟོང་དྲུག་ལ་བུད་ཡོད་ཟེར།
སྔར་ནས་ད་ལྟའི་བར་དུ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་ས་ཁུལ་གྱི་དམངས་ཚིས་ལེགས་བཅོས་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བཅོས་བསྒྱུར་འཕེལ་རྒྱས་ཚང་མར་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་དོན་སྙིང་མངོན་པ་བྱས་ཏེ། ལས་ཞུགས་དང་སློབ་གསོ། འཕྲོད་བསྟེན་སོགས་དམངས་ཚིས་ཁྱབ་ཁོངས་ལ་མ་དངུལ་གཏོང་བའི་ཤུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ཐབས་བརྒྱ་ཇུས་སྟོང་གིས་མི་རིགས་ས་ཁུལ་གྱི་མང་ཚོགས་ལས་ཞུགས་བྱེད་པའི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་པ་དང་། ནུས་ཤུགས་ཆེན་པོ་བཏོན་ནས་མི་རིགས་ས་ཁུལ་གྱི་སློབ་གསོ་ཡག་པོར་གཉེར་བ། སློབ་སྔོན་སློབ་གསོའི་འགུལ་སྤྱོད་འཆར་གཞི་དང་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་སུ་བཏང་པ། མཐོ་རིམ་སློབ་འབྲིང་དུས་སྐབས་ཀྱི་སློབ་གསོ་ཁྱབ་གདལ་མཁྲེགས་གཏོར་བྱས་པ་དང་དམིགས་བསལ་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་འཆར་གཞི་སོགས་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། མི་རིགས་ས་ཁུལ་གྱི་རྨང་གཞིའི་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དོ་མི་མཉམ་པ་དང་འཐུས་ཚང་མིན་པའི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱས་ཏེ། རྒྱལ་ཡོངས་སུ་སྔོན་ལ་གྲོང་ཁྱེར་དང་རྫོང་། ཡུལ་ཚོ། སྡེ་བ་བཅས་ཚགས་དམ་པའི་རིམ་པ་བཞིའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་ཏེ། གཞི་རྩའི་ཐོག“རིམ་དབྱེའི་སྨན་བཅོས་དང་ཕྱོགས་གཉིས་གཞན་སྒྱུར་སྨན་བཅོས་བྱེད་པའི”གནད་དོན་ཐག་གཅོད་བྱས་པས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། དམངས་སྲིད་བྱ་བར་མ་དངུལ་གཏོང་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་དང་། རྒན་གསོ་ཁང་གི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཞིང་ཆེན་རིམ་པའི་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་དོན་འཁྱོལ་བྱས་ཏེ་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
མི་རིགས་སོ་སོར་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན།
ཟི་ལིང་གྲོང་ཁྱེར་ཞའོ་ཆོན་སློབ་ཆུང་གི་མི་རིགས་མཐུན་སྒྲིལ་འགྲེམ་སྟོན་ཁང་དུ་མི་རིགས་སོ་སོའི་རོལ་ཆས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་བཤམས་ཡོད་པ་དང་། དེ་དག་གིས་སློབ་གྲྭའི་དགེ་སློབ་རྣམས་ལ་མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་གསལ་སྟོན་བྱས་ཡོད་པ་རེད། སློབ་གྲྭ་དེའི་སློབ་མ་རྣམས་ཀྱིས་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་པའི་ཞོར་དུ་མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་སྐོར་ལའང་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད་པས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ལ་ངོས་འཛིན་གཅིག་མཐུན་ཡོང་རྒྱུར་སྐུལ་མ་ཐེབས་བཞིན་ཡོད།
ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་སློབ་གྲྭའི་མི་སྣ་གསོ་སྐྱོང་བྱེད་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། སློབ་མགོ་ཚུགས་པའི་མཛད་སྒོ་དང་རྒྱལ་དར་སྒྲེང་བའི་མཛད་སྒོ། ཞོགས་ཚན་དང་འཛིན་གྲྭའི་རུ་ཁག་གི་ཚོགས་འདུའི་བྱ་འགུལ། བརྗོད་དོན་གཙོ་བོའི་རུ་ཁག་གི་བྱ་འགུལ། ལོ་ཆུང་གདོང་ལེན་རུ་མིའི་ཉིན་མོའི་བྱ་འགུལ་བཅས་ལ་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། སྲོལ་རྒྱུན་དུས་ཆེན་དང་ཟུང་འབྲེལ་གྱིས་ཚགས་པར་དང་པར་རིས། ལག་ཤེས་བཟོ་རྩལ་ཐོན་རྫས། ཚན་རྩལ་སྒྲིག་བཟོ་སོགས་རྣམ་པ་སྣ་ཚོགས་ཀྱི་གསར་རྩོམ་བྱ་འགུལ་སྤེལ་གྱི་ཡོད། ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཀྱི་བྱ་འགུལ་དེ་དག་སྤེལ་བ་བརྒྱུད་སློབ་མ་ཚོའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་ཕྱིན་ཡོད་ཅེས་ཞའོ་ཆོན་སློབ་ཆུང་གི་སློབ་གཙོ་ཝང་ལིན་གྱིས་བཤད།
རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ནི་མི་རིགས་སོ་སོའི་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་རེད། སྔར་ནས་ད་ལྟའི་བར་དུ་ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་རྒྱུར་མཐོང་ཆེན་བྱས་ནས། བོད་རིགས་ཀྱི་གེ་སར་རིག་གནས་དང་རེབ་གོང་རིག་གནས། ཞོན་ཧྭ་རྫོང་གི་ཟ་ལར་རིག་གནས་སོགས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ནན་ཏན་བྱས་པ་དང་། གླིང་སྒྲུང་དང་རེབ་གོང་སྒྱུ་རྩལ། ཡུལ་ཤུལ་གྱི་ཡུལ་སྲོལ་གླུ་གར་སོགས་རིག་གནས་ཚོང་རྟགས་གྲགས་ཅན་ཧུར་ཐག་སྒོས་གསར་སྐྲུན་བྱས་པ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དང་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོ་འཁྲབ་སྟོན། རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་བསྡུར་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་བྱ་འགུལ་ཆེན་མོ་མང་པོ་གཉེར།
ཕུལ་དུ་བྱུང་བའི་མི་རིགས་རིག་གནས་བརྩམས་ཆོས་མང་པོ་གསར་རྩོམ་བྱས་པ་དང་། གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་སྲུང་སྐྱོབ་དང་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་སོ་སོའི་མཐུན་སྒྲིལ་མཉམ་འདྲེས་དང་སྣེ་མང་གཞི་གཅིག་ཅན་གྱི་བསམ་པའི་དོན་སྙིང་ཇེ་ཟབ་ཏུ་བཏང་ཡོད།
མཐུན་སྒྲིལ་ཡོད་ན་འཆམ་མཐུན་ཡོད། མཐུན་སྒྲིལ་ཡོད་ན་སྟོབས་ཤུགས་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མི་དམངས་ཀྱིས་སེ་འབྲུ་བཞིན་དུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ། སྔར་ལས་མཛེས་སྡུག་དང་བདེ་སྐྱིད་འཆམ་མཐུན་བཅས་ཀྱི་མ་འོངས་འཚོ་བ་གསར་བ་གསར་སྐྲུན་བྱེད་པའི་མཛེས་པའི་རི་མོ་ཞིག་འབྲི་བཞིན་མཆིས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།